བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅུ་གསུམ་པ་རྗེ་ཤེས་རབ་རྡོ་རྗེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-29 10:40:57     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

དེ་ནས་གཟུར་གནས་མཁས་པ་ཆེན་པོ་ཤེས་རབ་རྡོ་རྗེ་ནི་བཀྲ་ཤིས་འཁྱིལ་དང་ཧ་ཅང་མི་རིང་བའི་སར་ཙ་ཡུའི་ནང་ཚན་ཚར་ཚའི་རུས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ལ་འཁྲུངས། འཇམ་མགོན་ཁྲི་རིན་པོ་ཆེ་དང་སྡེ་ཁྲི་རིན་པོ་ཆེ་གཉིས་ཀྱི་དྲུང་དུ་བཀའ་པོཏ་ལྔའི་སློབ་གཉེར་གཤིས་ཕྱིན་པ་ཞིག་བྱས་ཤིང་རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་མཛད། སྐྱབས་མགོན་མཆོག་གདན་སར་ཞབས་པད་བཀོད་སྐ་བས་གཙོས་རབ་འབྱམས་པ་ངག་དབང་འཕྲིན་ལས་དང་རྗེ་འདི་བ་གཉིས་ཀྱིས་ཆོགས་གླེང་མཛད་པ་སོགས་རྣམ་གཉིས་གྲྭ་ཐོག་གཅིག་ལ་མཚན་སྙན་འདྲ་བར་སྣང་། ཚོགས་ཆེན་ཞལ་ངོ་མཛད་སྐབས་སུ་ཡང་གྲྭ་ཚང་གི་ཞབས་ཏོག་གནད་དུ་འགྲོ་ངེས་དང་། རྒྱུད་པ་དཔོན་སློབ་སྐབས་སུ་འགྲེལ་བའི་འཆད་ཉན་སོགས་བླ་གྲྭ་ཚང་མས་ཐུགས་ཉམས་སུ་བསྟར་རྒྱུའི་འགྲིག་ལམ་གྱི་རིགས་ཅུང་ཟད་ཀྱང་མི་ཉམས་པར་མཛད་ཅིང་། ལས་སྣེ་ཆེ་ཆུང་སུས་ཀྱང་བག་ཡངས་དང་སླ་ཆོས་སུ་འགྲོ་བའི་རིགས་ལ་སྐྱོན་མཚང་རྗེན་པར་བྱུང་བའི་བཀའ་བཀྱོན་དང་ཕྱག་འབེབས་སོགས་འཕྲལ་དུ་གནང་བ་ལས་ཐབས་འཕྲུལ་མང་པོ་མི་མཛད་པས་ཐུགས་རང་བཞིན་དྲང་ཞིང་གཟུ་བོར་གནས་པའི་ཚུལ་ལ་སྐྱབས་མགོན་མཆོག་ནས་ཀྱང་བསྔགས་བརྗོད་མང་དུ་མཛད་པ་ཐོས། གཏོར་ཆེན་སྒྲུབ་མཆོད་སོགས་ཀྱི་སྐབས་མང་ཇའི་ཇ་མར་གྱི་སྲང་ཚད་ཡན་ཆད་སྤྱན་ལམ་དུ་བསྟར་ནས་གཏོང་དགོས་པ་དང་། ལོ་རེ་བཞིན་ཕྱག་ཏུ་གང་ཡོང་སྐུ་འགྱེད་དུ་འབུལ་བར་མཛད་པ་ལ་འགའ་ཞིག་གིས་དེ་འདྲ་མ་གནང་ཕྱག་རྫས་ཕྲན་ཚེགས་གསོག་དགོས་ཞུས་པས། ང་ལ་བུ་དང་བུ་མོ་གསོ་རྒྱུ་མེད། འདི་ཚོ་སྦྱིན་བདག་གིས་རྒྱུད་པ་གྲྭ་ཚང་བསམས་ནས་ཕུལ་བ་མ་གཏོགས། ང་རང་གི་ལུང་རྟོགས་ཀྱི་ཡོན་ཏན་བསམས་ནས་ཕུལ་བ་མ་རེད། གྲྭ་ཚང་གི་ཕྱག་རྫས་གྲྭ་ཚང་ལ་འབུལ་བ་ལ་ང་རང་ཚོས་སེར་སྣ་བྱེད་དོན་ཅི་ཡོད་གསུངས། ཕྱིས་སུ་སྐུ་གཤེགས་ཁར་ཡང་ང་རང་གྲྭ་ཚང་གི་ཐུགས་རྗེས་ཚེ་འདིར་ཆོས་དང་ཟང་ཟིང་གཉིས་ནས་སྐྱིད་པོ་བྱུང་བ་ཡིན། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་ལྷན་ཅིག་ཏུ་སྨོན་ལམ་ལེགས་པོ་བཏབ་པས་གྲྭ་བ་ཞིག་གི་ལུས་བླངས་ཡོང་། གཞན་སྤྲུལ་སྐུ་སོགས་ཀྱི་རེ་བ་མ་བྱེད་པར་བཅའ་ལག་འདི་ཆོ་གྲྭ་ཚང་གི་ཐུགས་རྗེས་བྱུང་བ་ཡིན་པས་ཅུངཟད་ཀྱང་མ་གོད་པར་བྱུང་ཡང་རྒྱ་མཚོ་དང་ཐིམ་ཡང་རྒྱ་མཚོའི་དཔེ་ལྟར་གྲྭ་ཚང་ལ་ཐེབས་དགོས་གསུངས་ནས་གཟིམས་ཁང་སོགས་ཀྱང་གྲྭ་ཚང་གི་ཐེབས་སུ་འགྲོ་བ་མཛད། ལར་གྲྭ་ཚང་རེའི་ཡོང་སྒོ་བསྡུ་མཁན་རྣམས་ཀྱིས་གསུང་

རུས་པ་ཅན་འདི་དག་ཡིད་ལ་དྲན་ན་རང་ཉིད་མི་འཕུང་བར་འདུག་ཅིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགེ་སློང་གིས་དངོས་པོ་མང་དུ་བསྲེལ་དགོས་པ་བྱུང་ན་རྣམ་བརྟགས་བྱས་ནས་འཆང་པར་གསུངས་པ་ཡང་གོ་དགོས་སོ། །ཁྲི་ཟུར་བཞུགས་མཛད་ནས་ཀྱང་ལོ་མང་པོར་དགོན་པ་རང་ཉིད་དུ་དགེ་སྦྱོར་ཆིག་དྲིལ་མཛད་ཅིང་། དགུངལོ་དོན་བཞི་བ་ཤིང་འབྲུག་ལ་ཞི་བར་གཤེགས་སོ།

 

                                                                                                                །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།