བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅུ་གཅིག་པ་རྗེ་བཀྲ་ཤིས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-25 11:41:02     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  


གདན་རབས་བཅུ་གཅིག་པ་བྱམས་དང་སྙིང་རྗེའི་གཏེར་མཛོད་བཀྲ་ཤིས་རྒྱ་མཚོ་ནི། རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ལ་དབལ་མང་གི་ནང་ཚན་འབའ་རེ་ཞེས་པའི་རུས་སུ་འཁྲུངས། དུས་འཁྲུག་གི་སྐབས་སུ་བསང་གཞུང་དུ་འོངས་པ་ནས་ཐོར་ནག་བྱུང་ནས་འཆི་ལ་ཁད་ཀྱི་སྐབས་ཁྲི་རྒན་ཚང་ནས་གྲྭ་རྒྱུན་ལ་འཇོག་ན་སྐྱོན་མེད་ཅེས་གསུངས་པ་བཞིན་ཁས་བླངས་པས་དེ་ནུབ་ནས་བདེ་བ་བྱུང་། མ་འགྱངས་པར་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དབལ་མང་རབ་འབྱམས་པ་བློ་བཟང་དོན་གྲུབ་དགེ་རྒན་དུ་བསྟེན་ནས་སྐུ་མ་འདས་ཀྱི་བར་དུ་ཉེ་གནས་མཛད་དེ་སྲི་ཞུས་མཉེས་པར་བྱས། ཉིན་གཅིག་ཁྲི་རིན་པོ་ཆེ་ནས་བརྩི་བཞག་གནང་བ་སྐྱོར་དཔོན་གྱིས་མ་ཟིན་པས་བཀྲ་ཤིས་རྒྱ་མཚོ་ཁྱོད་ཀྱིས་སྐྱོར་གསུངས་པ་ལྟར་དེ་ནས་བཟུང་སྟེ་སྐྱོར་དཔོན་མཛད་ཅིང་། ད་ལྟའི་བརྩི་བཞག་གི་བསྡུས་གྲྭ་འདི་ཉིད་སྐྱོར་དཔོན་ཁྲ་རས་སུ་གྲགས་པའི་ཟིན་བྲིས་ཡིན་ཟེར་བ་ཡོད་ཀྱང་བདག་གི་བླ་མ་ཁྲི་ཆེན་བསོད་ནམས་དབང་རྒྱལ་བ་ནས་འདི་བའི་ཡིན་ཞེས་གསུངས། རྒྱུན་དུ་གཤར་སྦྱངས་མཚན་སྐྱོང་ཁོ་ན་མཛད་སྐབས་རྔ་བ་གོ་ཐོབ་ཟེར་བའི་དགེ་བཤེས་ཤག་མཚེ་བ་ཞིག་གིས་བརྩི་བཞག་ལ་དཔྱད་པ་གཏོང་བཞིན་ནམ་ཟངས་ཐལ་ལ་བཏང་། སྐབས་སྐབས་སུ་གསོལ་ཇ་རེ་བླུད་ནས་ཁྱོད་ཀྱིས་སྒྲ་དག་པོས་སྔར་ལྟར་སྐྱོར་དང་ངེད་རང་ལ་བློ་སྐྱེད་ཆེན་པོ་འདུག་བྱས་པ་ད་ལྟའང་ངོ་མཚར་དུ་གླེང་། ཞི་དུལ་གྱི་ཀུན་སྤྱོང་བློ་བཟང་རྒྱལ་བ་ཟེར་བའི་གྲྭ་རྒན་སྤྱོད་ལམ་དུལ་བའི་ཚད་ཅིག་ཡོད་པ་དང་འདྲ་བར་བྱུང་ནས་མཚན་ལ་བློ་བཟང་རྒྱལ་བ་བཏགས། དགེ་བསྐོས་ཀྱི་སྐབས་ཞོགས་ཇ་དང་པོའི་རིང་ལ་གཙུག་ཏོར་འཁོར་བསྒྱུར་གྱི་སྔགས་བརྒྱ་རྩ་གསུང་དགོས་པ་ལ་རང་ཉིད་ཀྱིས་གྲངས་བཟུང་ནས་མ་རྫོགས་པར་ཕྱག་བདེ་མི་སློང་བ་དང་། ཆོས་མཚམས་སྐབས་སུ་ཞོགས་ཀ་གླིང་བསྐོར་ཏེ་གྲྭ་བ་གླིང་གསེབ་ཏུ་ཕེབས་མི་འཇུག་ཅིང་། མཚན་མོ་ཟླ་བ་རང་རང་གི་ཉ་སྐར་ལ་ཆག་བཞག་སྟེ་མཚན་ཕྱེད་བར་དུ་གླིང་སྐོར་བ་སོགས་གྲིམ་ཞིང་ཕུར་ཐག་པ་ཞིག་ཡིན་ཞེས་གླེང་། རྒྱུད་པའི་བླ་མ་དབུ་མཛད་ཀྱི་སྐབས་སུ་དགུང་ཇ་ཙམ་ཡང་ཆག་མེད་དུ་གནང་ནས་འགྲིག་ལམ་ལ་ཕན་གང་ཆེ་དང་། ཁྲིར་ལོ་བདུན་བཞུགས་པར་ལོ་རེ་བཞིན་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་རྫོགས་པར་འགྲོ་ཞིང་། བསྐྱེད་རིམ་གསུང་བཤད་དང་བཅས་པ་ཡོངས་རྫོགས་དང་། ཊཱིཀྐ་ཆེ་ཆུང་གི་ལེའུ་མཚམས་ཡན་ཆད་ལོ་གཉིས་རེ་ལ་རྫོགས་པར་མཛད། ཁྱད་པར་ཁྲི་རིན་པོ་ཆེ་ངག་དབང་བསྟན་འཛིན་དང་། ཁྲི་བ་བློ་བཟང་དོན་གྲུབ་པ་ལས་འགྲེལ་བའི་བཤད་ལུང་ཁ་ཡར་གསན་པ་སོགས་ཀྱིས་རྒྱུད་པའི་གདན་རབས་རྣམས་ཀྱི་ཁྲོད་ན་འགྲེལ་བ་བཞི་སྦྲགས་འཆད་པ་ལ་འགྲན་ཟླ་མེད་པའི་གྲགས་སྙན་ད་ལྟའི་བར་དུ་མཆིས། ལར་དེང་སང་སྒྲོན་གསལ་གྱི་ས་བཅད་བསྡུས་དོན་ལ་དམར་སེར་གྱི་རྟགས་ཁྲ་ཆེམ་མེ་བ་ཞིག་བྱས་ནས་ས་བཅད་འཕྲོད་པར་རྩི་བ་དང་། འགའ་ཞིག་དེ་ཙམ་ཡང་མི་ཤེས་པར་བསྡུས་དོན་ལ་མཆན་བུ་བཏབ་ནས་འགྲེལ་བ་བཞི་སྦྲགས་བྱེད་ཁུལ་མདོ་དབུས་གཉིས་ཀར་སྣང་བ་དེ་དག་གིས་ཚིག་སྤྱིའི་བཤད་སྒྲུབ་ཅེས་ཤིན་ཏུ་སྨད་པ་དེ་ཙམ་ཡང་རྔོ་མ་ཐོགས་མོད་ཀྱང་། བླུན་པོ་སློབ་པ་ངོ་ཚར་འཛིན་པའི་སྐྱོན་དང་། བསླབས་པས་ཀུན་མཁྱེན་དུ་མི་འགྲོ་བ་རྒྱུ་འབྲས་ཀྱི་གཤིས་ལུགས་ཡིན་པ། སླར་བསྟན་འཛིན་དུ་ཁས་འཆེ་བ་རྣམས་ཀྱིས་ལྔ་བརྒྱ་ཕྲག་བཅུའི་ཐ་མ་སྤྱན་འདྲེན་གྱི་ཕོ་ཉ་དེ་དག་རྒྱང་རིང་དུ་སྤང་བ་ལ་འབད་དགོས་སོ། །སྐབས་ཤིག་མནལ་ལམ་དུ་མི་ནག་པོ་ཞིག་གིས། འདི་ཁྱོད་ལ་གོང་མ་རྒྱལ་པོས་གནང་བ་ཡིན་ཟེར་ནས་བ་སོའི་ཐོད་དབྱུག་ཅིག་སྟེར་བ་རྨིས་ཏེ་འཚུབ་ལྟས་ཡིན་སྙམ་ཡང་དེ་ཕྱིན་ཆད་སྔ་ཕྱིར་ལྕགས་མཁར་བདུན་འཕེན་དགོས་བྱུང་བའི་ལྟས་ཡིན་པ་འདྲ་ཞེས་ཞལ་ནས་གསུངས། གཞན་གྱིས་མྱ་ངན་གྱི་ཚིག་ཞུས་ན་གཏིང་ནས་མི་བཟོད་ཅིང་། དྲུང་འཁོད་རྣམས་ཀྱིས་ཀྱང་ད་རེས་ཁྲོས་འདུག་སྙམ་པ་ཞིག་འཆར་མ་མྱོང་བ་ལྟ་བུའི་བྱམས་སེམས་ཤིན་ཏུ་ཆེ་བ་དང་། ཐ་ན་སྤྱོད་ལམ་ཁང་བར་ཕེབས་པའི་ལམ་དུ་ཡང་སྐུ་འདྲ་ཞིག་ལ་སྐོར་བ་གསོག་པ་སོགས་སྤྱོད་ལམ་ཆོས་ཀྱིས་དོན་ལྡན་དུ་བགྱིད་པའི་རྣམ་ཐར་ལ་ཀུན་གྱིས་དད་གུས་ཆེ་ཞིང་། རྒྱུད་ཀྱི་ཁྲིར་བཞུགས་རིང་གཏོང་སྒོའི་སྐོར་སྔར་སྲོལ་གང་ཡོད་ལས་འཕར་མའི་ཐོག་སྔར་མེད་ཀྱི་མཆོད་རྫས་གང་དགོས་གསར་བསྒྲིགས་དང། དངུལ་སྲང་སུམ་བརྒྱའི་ཡོན་སྦྱར་ཏེ་རྒྱུད་ཊཱིཀ་ཆེན་མོ་དཔར་དུ་བསྒྲུབས་པ་སོགས་ཆོས་སྲིད་གང་ནས་ཀྱང་བཀའ་དྲིན་ཆེ་ཤོས་ཤིག་ཏུ་བརྩི་བར་སྣང་ལ། ཁྲི་ཟུར་བཞུགས་མཛད་ནས་ཐུགས་དམ་གོང་འཕེལ་དུ་བཞུགས་པ་ལས་བར་སྐབས་སྐུ་བསྙུང་ལྕི་བ་ཞིག་བྱུང་སྟེ་ཞབས་བརྟན་སོགས་ཀྱིས་ཕན་བསྐྱེད་མ་བྱུང་བར་བརྟེན། ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པ་དང་རྣམ་པ་གཉིས་ཀྱིས་བཅའ་ལག་དབྱེ་འབྱེད་གནང་སྟེ་ཡོ་བྱད་ཐམས་ཅད་སྤོང་ཐག་ལ་བཏང་།ད་བླ་མའི་གཟིམས་ཆུང་ནས་རོ་འཇོག་མི་རུང་གསུངས་ནས་ཟུར་དུ་ཁང་ཆུང་ཞིག་ཏུ་སྤོས།དམིགས་བརྩེ་མ་དང་བློ་གྲོས་མཚུངས་མེད་མ་བཏོན་ན་དགའ་ལྡན་དུ་སྐྱེ་གསུངས་པ་ཡིད་ཆེས་ངེས་སུ་སྣང་གསུངས་ཤིང་། རེ་གཅིག་པ་མེ་ཁྱི་ལ་ཞི་བར་གཤེགས་སོ།

                                                                                                                                       །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།