བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཅུ་བ་རྗེ་རབ་བརྟན་རྒྱ་མཆོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-25 11:36:04     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

                                      

གདན་རབས་བཅུ་བ་མཐའ་བྲལ་དབུ་མའི་རྣལ་འབྱོར་པ་རབ་བརྟན་རྒྱ་མཚོ་པ་ནི།རབ་བྱུང་བཅུ་གཉིས་པའི་མེ་གླང་གི་ལོ་དབལ་མང་གི་ནང་ཚན་ཧོར་གྱི་རུས་སུ་འཁྲུངས།དཔོན་ཇུ་ནང་ནས་དགོན་པར་ཐེངས་གཅིག་ལ་གྲྭ་རྒྱུན་བརྒྱ་བཞག་པའི་གྲས་སུ་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས། འཇམ་མགོན་ཁྲི་རིན་པོ་ཆེའི་དྲུང་དུ་བཀའ་པོཏ་ལྔ་ལ་ཞིབ་སྦྱངས་ཀྱིས་སློབ་གཉེར་རྡོ་རུས་ཐུག་པ་གནང་བས། ཁྲི་ཆེན་གྱིས་ཀྱང་ཐུགས་ཁེངས་པའི་བསྔགས་བརྗོད་རྒྱུན་དུ་མཛད་ཅིང་ཉིན་གཅིག་སྐུ་མདུན་དུ་ཁྲི་མཐོན་པོ་བཤམས་ནས་འདིར་སྡོད་གསུངས། དེ་མི་ཕོད་ཞུས་པར། ཅིས་ཀྱང་སྡོད་དང་ངས་ཁྱོད་ལ་རྟེན་འབྲེལ་ཞིག་བསྒྲིགས་པ་ཡིན་གསུངས་ནས་ཁྲི་མཐོན་པོ་བསྟབས་པ་ནི་རྒྱུད་ཀྱི་བླ་མ་འོང་བའི་ལུང་བསྟན་ཡིན་ཞེས་ཁོང་ཉིད་གསུངས། གཞི་ནས་དེ་དུས་ཀྱི་གྲྭ་རྒན་རྣམས་དཀའ་སྤྱད་ཀྱིས་མི་སྐྱོ་བ། སྙིང་རུས་ཆེ་པ། བླ་མ་ལ་དད་པ། ཆོས་ལ་དོན་གཉེར་ཆེ་བ། རྙེད་བཀུར་ལ་མི་དགྱེས་པ་ཤ་སྟག་ཡིན་ལ། ཁྱད་པར་བླ་མ་འདི་ཉིད་ཚོགས་ཆོས་གྲྭ་རེ་རེ་ཙམ་ཡང་མི་འཆག་ཅིང་། སྐྱོར་སྦྱངས་ལ་ཤིན་ཏུ་འགྲུས་པས་ཐ་ན་ཆུ་ལེན་པ་དང་། རྔོ་འཐག་སོགས་ཀྱི་སྐབས་སུ་ཡང་སྐྱོར་སྦྱངས་ཆད་མེད་མཛད་པས་པརྩོན་འགྲུས་ཀྱི་ཚད་དུ་འཁྱེར་བ་ཡིན་ཞེས་གླེང་། དབུ་མ་ལུང་རིགས་གཏེར་མཛོད་ཐུགས་ལ་བཟུང་ནས་སྐུ་མ་འདས་ཀྱི་བར་ཞལ་འདོན་མཛད་ཅིང་ཟབ་མོའ ་ིལྟ་བ་ཡང་ཐུགས་ལ་འཁྲུངས་ཡིན་པར་གདའ་སྟེ། ཞལ་ནས། ང་ལ་གདོན་འགའ་ཞིག་གིས་གཟུགས་དངོས་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་སྟོང་པ་ཉིད་ལ་བསམ་བློ་རེ་བཏང་བ་ཙམ་གྱིས་མེད་འགྲོ་བར་འདུག་པས། ཟབ་མོའི་ལྟ་བ་ལ་དད་པ་སྐྱེ་བའི་རྒྱུ་རྐྱེན་དུ་སོང་བའི་ཆ་ནས་གདོན་བགེགས་དེ་རྣམས་ང་ལ་དྲིན་ཤིན་ཏུ་ཆེ་ཞེས་གསུངས། བླ་མ་དབུ་མཛད་དང་ཁྲིར་བཞུགས་ཡུན་བསྡོམས་པའི་ལོ་བཅུ་གཅིག་ཙམ་གྱི་རིང་ལ་འགྲེལ་བ་བསྐྱེད་རྫོགས་ཀྱི་བཤད་པ་སོགས་འགྲིག་དང་འཆད་ཉན་དམར་བ་ཁོ་ནས་འདའ་བར་མཛད། དུས་རྒྱུན་ཐུགས་ནང་དུ་ཕྱོགས་པས་སྐུ་མདུན་གྱི་བྱ་བྱེད་ཕལ་ཆེར་མི་གཟིགས་ཤིང་མཇལ་མི་ལ་ཕྱག་དབང་མི་གནང་བ་དང་། རེས་མཇལ་མི་ལྟ་བུ་གློ་བུར་དུ་བྱུང་ན་གཟིམས་སད་པ་ལྟར་ཧད་དེ་འགྲོ་བ་ཞིག་ཡོད་པར་རྒྱུས་ཡོད་ཀྱིས་གླེང་། གཏོར་ཆེན་ཞིག་གི་སྐབས་མདུན་གྱི་ཀ་པཱ་ལའི་ནང་ནས་ནང་མཆོད་ཁོལ་ཏེ་ཁྱུར་གྱིས་འཕྱུར་བ་ཚོགས་པ་མང་མས་མཐོང་བ་ད་ལྟའི་བར་དུ་གླེང་། ཁྲི་ཟུར་བཞུགས་མཛད་དེ་རེ་བདུན་པ་ཆུ་ལུག་གི་ལོ་སྐུ་ཉེ་རྣམས་ཀྱིས་སོག་ཡུལ་དུ་གདན་དྲངས་པ་ནས་སྐུ་བསྙུང་སྟེ་ཆོས་མཐུན་གྱི་ཞབས་བརྟན་མང་པོ་བསྒྲུབས་ཀྱང་བསྐྱེད་མ་བྱུང་། ཉིན་གཅིག་སོག་པོའི་ལུགས་སྲོལ་ལ་ནད་པའི་སྲོག་འཚབ་གཏོང་བ་ཡིན་ཟེར་ནས་སྐམ་༼སྐམས༽ལུག་བསད་པའི་ཤ་ཁྲག་འགྱེད་དུ་གཏོང་སྲོལ་ལྟར་གསང་ཐབས་ཀྱིས་སྐམས་ལུག་འཛིན་གི་ཡོད་པ་གསན་ནས། མི་གཅིག་གི་དོན་དུ་སེམས་ཅན་མང་པོའི་སྲོག་བཅད་པའི་དགོས་པ་མེད། ལག་གང་སྔ་བལྟ་དགོས་གསུང་། གསོལ་དཔོན་ལ་ཐབས་མེད་ཀྱིས་གདིང་བ་འདིང་བཅུག་སྟེ་ཆོས་གོས་དང་སྣམ་སྦྱར་གྱོན་ཏེ་ཧིཀ་མཐོན་པོ་ཞིག་བཏབ་པ་དང་དུས་མཉམ་དུ་གཤེགས་ཚུལ་ངེས་འདྲོངས་ཐོས་སོ།

།                                                                                                                      །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

 

བརྒྱུད་འགོད།