བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བདུན་པ་རྗེ་འཇམ་དབྱངས་དཔལ་ལྡན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-08 12:40:55     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

            གདན་རབས་བདུན་པ་སྔགས་འཆང་དབང་པོ་འཇམ་དབྱངས་དཔལ་ལྡན་པ་ནི། རྗེ་གོང་མ་དང་གདུང་རུས་ཉེ་བའི་དབལ་ཤུལ་རྙིང་བའི་ཁྲོད་དུ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱིའི་ལོར་འཁྲུངས། ཡུལ་དབུས་སུ་ཕེབས་ནས་ཐོས་བསམ་ལ་བརྩོན་པར་མཛད། མདོ་སྨད་དུ་བྱོན་ནས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་དྲུང་དུ་མདོ་སྔགས་སྤྱི་དང་ཁྱད་པར་སྔགས་ཀྱི་མན་ངག་དང་ཕྱག་ལེན་ཞུ་གཏུགས་དོགས་གཅོད་ནན་ཏན་མཛད། རྒྱུད་པ་དཔོན་སློབ་དགེ་འདུན་རྒྱལ་མཚན་དང་། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་གཉིས་ཀྱི་རིང་ལ་བླ་མ་དབུ་མཛད་པ་བྱས་ཤིང་། དེ་ནས་ང་བདུན་པ་ས་རྟའི་ལོ་རྒྱུད་པའི་ཁྲིར་ཕེབས་ཏེ་ལོ་རེ་བཞིན་དབྱར་འགྲེལ་བ་བཞི་སྦྲགས་ཡོངས་རྫོགས་དང་། བསྐྱེད་རིམ་གསུང་བཤད་དང་བཅས་པ་འགྲོ་ཞིང་། དགུན་བསྐྱེད་རྫོགས་ཆེན་མོ་གཉིས་ཀྱི་གཟབ་བཤད་དང་དཀའ་གནད་ཀྱི་དོགས་གཅོད་རྒྱུན་རིང་སོགས་འཆད་ཉན་ཟླ་མེད་མཛད། སྡེ་ཁྲི་རིན་པོ་ཆེས་རྒྱུད་ཁང་སྟེང་དུ་འཁོར་ཆེན་འཇམ་རྡོར་སོགས་ཀྱི་ཆོག་གྲྭ་ཚུགས་ཡོད་ཐོག་འདི་སྐབས། སྟོན་རིམ་ལྔའི་དམར་ཁྲིད་ཀྱི་སྐབས་ཁྲིད་ཆེན་བརྒྱད་བཏང་ནས་ཁྲིད་པ་སོ་སོར་སྐྱོང་དུ་བཅུག་པ་དང་། གླིང་བསྲེའི་སྐབས་སུ་ཡང་བདེ་གསང་འཇིགས་གསུམ་དང་། ངན་སོང་སྦྱོང་རྒྱུད་ལ་བཤད་པ་མཛད་པ་སོགས་སྒོ་དུ་མ་ནས་གསང་སྔགས་ཀྱི་བསྟན་པ་སྤེལ། གྲུབ་དབང་སྡེ་ཁྲི་རིན་པོ་ཆེའི་བཀའ་ལྟར་ལོ་མཇུག་གི་དྲུག་ཅུ་བ་ཆེན་མོའི་རྡོ་རྗེ་སློབ་དཔོན་ཡང་ལན་ཁ་ཤས་མཛད། ཨུཪྒེ་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་རྒྱུན་མི་རིང་ཙམ་བཞུགས། སྔ་ཕྱིར་གྲྭ་ཚང་སྤྱི་སྒེར་ལ་བསྙེན་བཀུར་མང་དུ་བསྟབས་ཤིང་། འགྲེལ་བ་བཞི་སྦྲགས་དང་ཡིག་ཆའི་མཛོད་གཉིས་པར་དུ་བརྐོས་པ་དང་། ཐ་ན་དྲེའུའི་སྒ་ཆག་དུ་མ་ཡན་ཆད་ཀྱང་ཚོགས་ཤིང་དུ་འབུལ་བ་སོགས་དད་རྫས་ཅུང་ཟད་ཀྱང་ཆུད་མི་ཟ་བར་མཛད་དེ་ལས་འབྲས་ལ་ཡིད་ཆེས་པའི་འབྲས་རྟགས་སུ་སྣང་། དེ་ཡང་སྔར་རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་སྐུ་གཤེགས་སྐབས་འཇམ་མགོན་ཁྲི་རིན་པོ་ཆེ་ནས་ཁོང་དགའ་ལྡན་ན་བཞུགས་ཡོད་ཅེས་ཡིད་སྨོན་གནང་བ་ལ་རྗེ་འདིས་དེ་ལ་སྨོན་རྒྱུ་མེད། ཞིང་འདི་ལྟ་བུར་ཆོས་སྤེལ་བའི་ཆེད་དུ་ཡུན་རིང་སྡོད་མཁན་དེ་ལ་ཁ་དར་གཏོང་བའི་འོས་ཡོད་ཞུས་པར་ཁྲི་རིན་པོ་ཆེས་འོ་ན་ཁྱེད་ཐམས་ཅད་ཀྱི་རྗེས་སུ་སྡོད་ལ་ཁ་དར་ལོངས་གསུངས་པའི་ལན་དུ།འོ་དེ་ཡིན་ང་ཐམས་ཅད་ཀྱི་རྗེས་སུ་སྡོད་རྒྱུ་ཡིན་གསུངས། ཇི་ལྟར་གསུངས་པ་བཞིན་དུ་རྗེ་གོང་མའི་ཞབས་ཕྱིར་དབུས་ནས་ཕེབས་པའི་སློབ་མ་ཆེ་བགྲེས་རྣམས་ཀྱི་ཐ་མ་ལྟ་བུར་དོན་གསུམ་པ་ཤིང་ཁྱིའི་ལོ་མྱ་ངན་ལས་འདས་སོ།

།                                                                                                                                    །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

 

བརྒྱུད་འགོད།