བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་བཞི་བ་རྗེ་ངག་དབང་དཔལ་ལྡན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-08 11:51:18     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

           གདན་རབས་བཞི་བ་མྱུར་མཛད་གྲབ་པའི་དབང་པོ་ངག་དབང་དཔལ་ལྡན་པ་ནི། དཔའ་རིས་སྟོད་དུ་གསེར་ཁོག་དང་ཉེ་བའི་སའི་ཆར་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལ་ཨ་རིན་ཞེས་པའི་རུས་སུ་འཁྲུངས། གསེར་དགོན་དམ་ཆོས་གླིང་དུ་བཞུགས་ནས་ཐུགས་གཉེར་དང་ཕྱག་ལེན་འགའ་ཞིག་ཀྱང་སྦྱངས་ཤིང་། ཡུལ་དབུས་སྒོ་མང་གྲྭ་ཚང་དུ་བཀའ་པོ་ཏ་ལྔའི་ཐུགས་གཉེར་མཛད། རྗེ་གོང་མའི་གསོལ་དཔོན་དང་མཆོད་དཔོན་ཟུང་འབྲེལ་ལྟ་བུར་ཞབས་ཕྱི་ནར་མ་བྱས་ཤིང་། ཐུགས་རབ་ཤིན་ཏུ་བཟང་བས་མི་ཏྲ་བརྒྱ་རྩའི་དབང་གནང་སྐབས་མཆོད་དཔོན་པ་ཡིན་ཀྱང་བྲེལ་བའི་གསེང་བར་ནས་གསུང་བཤད་ཟིན་བྲིས་ཀྱང་སྣང་། རྗེ་གོང་མས་རྒྱུན་དུ་ཤེས་རབ་ཆེ་བའི་བསྔགས་པ་བརྗོད་ཅིང་། ཉིན་གཅིག་ལས་བཞིའི་སྦྱིན་སྲེག་གི་མཆོད་དཔོན་བྱེད་སྐབས་སྦྱིན་སྲེག་བཞི་ཀ་ཁྲི་གཅིག་གི་སྟེང་ནས་བླུག་ཆོག་པ་བྱས་པས་ཁྱོད་ཤེས་རབ་ཆེན་པོ་འདུག་པས་མིང་ལ་ཤེས་རབ་དཔལ་ལྡན་གྱིས་ཞེས་འདོགས་པ་གནང་། འགའ་ཞིག་གིས་ཁྱུང་བོ་རྣལ་འབྱོར་གྱི་སྐུའི་སྐྱེ་བར་གསུངས་ཀྱང་ཟེར། གང་ལྟར་ཁྱོད་མགོན་པོ་དང་འབྲེལ་ཆེ་བས་མགོན་པོའི་ིརྣལ་འབྱོར་ཐུན་དྲུག་མ་ཆག་པ་གྱིས་གསུངས། དེ་མི་ལྕོགས་ཞུས་པས་མཻ་ཏྲི་བའི་བསྟོད་སྒྲུབ་ཀྱི་མན་ངག་ལྟར་ཐོན་གསུངས་པ་བཞིན་ཆག་མེད་མཛད་ཅིང་། ཐེ་བོ་ཆབ་ཚན་གྱི་ཁ་ནས་མཛོ་ཞིག་རྐུན་མས་ཁྱེར་བར། ལྷ་མོའི་ཁྲག་མཚོའི་ནང་དུ་གཏོར་མ་ཞིག་བརྡབས་པས་ཁྲག་མཚོ་ལོ་གསུམ་གྱི་བར་དུ་སྐམ། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་རྐྱང་ཚ་ཕྱོགས་ནས་དགྲ་ཇག་གིས་གནོད་མ་མྱོང་བ་སོགས་མགོན་པོའི་ལས་སྦྱོར་གྱི་སྒོ་ནས་བསྟན་དགྲ་དུ་མ་ཚར་བཅད་པའི་ལོ་རྒྱུས་མང་། རྒྱུད་པའི་ཁྲིར་བཞུགས་སྐབས་རྒྱུད་ཁང་ཀྭ་བཞི་མ་ཤིང་རྩི་ལོགས་རིས་དང་བཅས་པ། ཕུག་ཏུ་མགོན་ཆོས་འཇིགས་བྱེད་ཀྱི་འབག་སྐུ། ཁྲིད་ཁང་སོ་གཉིས་ཀྱི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་སོ་གཉིས། རྡོ་རྗེ་ལེགས་པའི་བརྩན་ཁང་སྐུ་ལོགས་རིས་དང་བཅས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེ་ཞིང་། འཇམ་མགོན་ཁྲི་རིན་པོ་ཆེའི་འཀའ་གནང་ལྟར་དབྱར་ཕྱི་མ་དང་གསང་འཇིགས་ཀྱི་བདག་འཇུག་སྒྲུབ་མཆོད་ཚུགས་པ་སོགས་རྒྱུད་གྲྭར་ཕན་པ་ཆེར་མཛད། འདི་སྐབས་ལོ་གཅིག་གི་རིགས་གྲྭ་ཡང་གཏོང་བ་གནང་ཞིང་། ཆུ་སྟག་ནས་ས་སྦྲེལ་གྱི་བར་ལོ་བདུན་ཀྱི་རིང་ལ་རྒྱུད་ཀྱི་འཆད་ཉན་དང་། དེ་ནས་ཟུར་བཞུགས་མཛད། རེ་གཅིག་པ་མེ་འབྲུག་ཧོར་བླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ།

                                             །རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025


བརྒྱུད་འགོད།