བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་གཉིས་པ་རྗེ་ཧོར་བློ་གསལ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-01 10:23:11     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  


img_2298.jpg

གདན་རབས་གཉིས་པ་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཧོར་བློ་གསལ་རྒྱ་མཚོ་བ་ནི། བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་གནམ་ལའི་ནང་ཚན་ཧོར་གྱི་རུས་སུ་འཁྲུངས། ཡུལ་དབུས་སྒོ་མང་གྲྭ་ཚང་དུ་བཀའ་པོཏ་ཆེན་པོ་ལྔ་ལ་ཞིབ་ཏུ་སྦྱངས་པས་རྗེ་གོང་མའི་གྲྭ་སློབ་མདོ་སྨད་དུ་ཕེབས་པ་རྣམས་ཀྱི་ནང་ན་དབུས་སུ་བཞུགས་སྐབས་འདི་བ་མཁས་པའི་སྙན་གྲགས་ཆེ་ཤོས་ཡིན་པར་གྲགས། མདོ་སྨད་དུ་བྱོན་ནས་སྤྲེལ་ལོ་བཀྲ་ཤིས་འཁྱིལ་དུ་ཚོགས་ཆེན་དགེ་བསྐོས་མཛད། དེ་སྐབས་རྒྱུད་གྲྭ་གསར་ཚུགས་ཀྱི་བླ་མ་དབུ་མཛད་པ་ཆོས་ཐོག་གཅིག་བྱས་ཤིང་། དེའི་ཆོས་ཐོག་རྗེས་མ་ལ་ཀུན་མཁྱེན་མཆོག་ནས་འགྲེལ་བའི་གླེགས་བམ། ཤོ་ཀ་ལི་ནང་མཆོད་ཀྱི་ཀ་པཱ་ལ་བཅས་ཤེར་སེང་ལྟར་གནང་ནས་བསྐོ་བཞག་གིས་རྒྱུད་པའི་ཁྲིར་ཕེབས་ཏེ་ལོ་ལྔར་འཆད་ཉན་གནང་། ལྕགས་བྱིའི་ལོ་ཁྲི་ཟུར་བཞུགས་མཛད་དེ་ཟོམ་ཆེན་རི་ཁྲོད་དུ་སྐུ་འདས་པར་ཐོས་ལ་མ་ཅིག་གི་སྲས་ཤིག་གི་སྐྱེ་བ་ཡིན་ཚུལ་རྗེ་གོང་མའི་གསུང་རྒྱུན་ཀྱང་ཐོས་སོ། །འདི་བར་རྗེ་གོང་མས་ཞལ་རྩེད་ཀྱི་ཚུལ་དུ་བྱའི་ནང་ན་ཁཱ་ཏ་དང་། མིའི་ནང་ན་གནམ་ལ་བ་འདི་དག་གིས་ས་རྒྱ་ཆེན་པོ་མི་ཆོད་པས། ཁྱོད་སྐྱེ་བ་ཕྱི་མར་ཡང་རང་ཡུལ་ལ་འགྲོ་ཤས་ཆེ་གསུངས་པ་ལྟར། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ལ་སླར་རིགས་རྒྱུད་དེ་ཉིད་དུ་སྐུ་འཁྲུངས་པར་འཇམ་མགོན་ཁྲི་རིན་པོ་ཆེས་བཀའ་ཕེབས་ཏེ་སྤྲུལ་སྐུའི་གོ་ས་གནང་། བཀྲ་ཤིས་འཁྱིལ་དུ་པོ་ཏི་ལྔ་ལ་སྦྱངས་ཤིང་། གསེར་ཁ་བ་ངག་དབང་བསོད་ནམས་རྒྱ་མཚོའི་དྲུང་དུ་སྲད་རྒྱུད་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པའི་སྙན་བརྒྱུད་མང་དུ་གསན། བླ་མ་གནས་བརྟན་པ་ཚོགས་ཆེན་གྱི་ཁྲི་མཛད་སྐབས་རྒྱུད་པ་དཔོན་སློབ་བསྐོ་བཞག་གི་སྐོར་ལ་ལབ་གཞི་བྱུང་བའི་རྐྱེན་གྱིས་བླ་འཚབ་ལོ་གསུམ་བྱས་ཏེ་འཆད་ཉན་མཛད། སྐྱབས་མགོན་མཆོག་གི་བཀའ་ལྟར་བྲག་དཀར་དགོན་དང་། གཅུ་འཁོར་སྒར་གསང་སྔགས་ཆོས་སྡིངས་གཉིས་ཀྱི་ཁྲིར་རིམ་པར་འཁོད། དེ་ནས་གཉའ་གོང་བྲག་དཀར་གྱི་ཉེ་འདབས་ཉི་མ་ལུང་དུ་རི་ཁྲོད་ཅིག་བཏབ་སྟེ་དེར་ཐུགས་དམ་ཉམས་བཞེས་དཔག་དཀའ་བ་མཛད། མཚན་མོ་ཙོག་པུའི་རྣལ་འབྱོར་ལ་གཞོལ་བའི་ཁོང་ནས་ཧྲཱིཿ ཥྚཱིཿ ཁྲི་ཕྲག་རེ་འཆག་མེད་དང་། མགོན་འཇིགས་ཀྱི་གདམས་པ་ཐུགས་ཉམས་སུ་བཞེས་པར་གདའ། སྐབས་ཤིག་གཉན་ཁྲོད་བརྒྱ་རྩ་འགྲིམ་པར་ཕེབས་པས་ཆུ་མིག་ང་གཅིག་པའི་སྟེང་ནས་སྐུ་བསྙུང་སྟེ་མཐར་འདོན་རྒྱུ་མ་བྱུང་བར། ཕྱི་ལོ་ཡང་བསྐྱར་ཁ་སྐོང་ལ་ཕེབས་པ་ནས་ཆུ་མིག་ཁ་སྐོང་ལ་ཉེ་བའི་སྐབས་གློ་བུར་དུ་ང་བརྒྱད་པ་ས་བྱ་ལ་སྐུ་གཤེགས་སོ། །སྤྲུལ་བའི་སྐུ་བློ་བཟང་འཇམ་དབྱངས་པ་འདི་དམ་པའི་སྤྱོད་པ་ལྷུན་གྱིས་གྲུབ་པ་ཞིག་ཡིན་པས་ལོ་རྒྱུས་ཟུར་ཙམ་བཀོད་པ་ཡིན་ནོ།

                                                                                                                                      རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025

 


བརྒྱུད་འགོད།