བླ་བྲང་གདན་རབས་ཉེར་གཉིས་པ་རྗེ་བློ་བཟང་ཆོས་དར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-24 11:39:59     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  


གདན་རབས་ཉིར་གཉིས་པ་དམ་ཆོས་སྒོ་མང་འཛིན་པ་བློ་བཟང་ཆོས་དར་བ་ནི། མདོ་སྨད་རྨ་ཆུའི་གཡས་འགྲམ་ཀ་རིང་ཞེས་པའི་སའི་ཆར་འཁྲུངས། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཐུགས་གཉེར་དང་ལྷ་ས་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་ཀྱང་མཛད།འབྲས་སྤུངས་འདུལ་བ་དཔོན་སློབ་དང་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་ཁྲི་རིམ་པར་ལོ་ཉེར་གཅིག་མཛད་ཅིང་རིགས་གྲྭ་གསུམ་བཏང་། ལུགས་ཟུང་ལ་མཁྱེན་སྤྱན་ནམ་མཁའ་ལྟར་ཡངས་པས་གངས་ཅན་འགྲོ་བའི་མགོན་པོ་ཕྱག་ན་པད་དཀར་འཆང་བའི་སྐུ་ཚབ་ཏུ་གསེར་གྱི་རྒྱལ་ཁབ་ཆེན་པོར་ལན་གཉིས་སུ་བྱོན་ཏེ། འཇམ་དབྱངས་གོང་མ་ཆེན་པོའི་གསེར་ཞལ་ལན་མང་མཇལ། ཁྱད་པར་བཀྲ་ཤིས་སྒོ་མང་གི་ཁྲི་མཛད་སྐབས་སྡིག་ཅན་གོར་ཥ་པས་དབུས་གཙང་དུ་དུས་ཟིང་བསླངས་པས་ཉེན་ཆེ་སྐབས་ཡིན་ཀྱང་། བཀྲ་ཤིས་སྒོ་མང་གི་ཆོས་སྲིད་མ་ཉམས་པར་བསྐྱངས་པ་དང་། རྒྱལ་བའི་དབང་པོ་འགའ་དག་ཏུ་མི་ཕེབས་པ་སོགས་ཀྱི་དོན་རྩའི་ཁུར་ལེན་མཛད་པས་དགའ་ལྡན་ཕོ་བྲང་བས་ཀྱང་བཀུར་གཟོས་ཤིན་ཏུ་ཆེ། དེ་ནས་སྔར་སྐྱབས་མགོན་མཆོག་ནས་བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་ཀྱི་བཀའ་དང་། དཔོན་མོ་རིག་འཛིན་དབང་མོ་དབུས་སུ་ཕེབས་སྐབས་ཞུ་བའི་མཚམས་སྦྱར་བའི་རྐྱེན་གྱིས་བཀྲ་ཤིས་འཁྱིལ་དུ་བྱོན། མཆོག་གི་སྤྲུལ་བའི་སྐུ་རིན་པོཆེ་ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་འདི་ཉིད་ཀྱི་བཀའི་དང་པོ་ཕེབས་པ་ལྟར་ས་རྟ་ལ་འདུས་པ་རྒྱ་མཚོའི་མགོན་དུ་གྱུར། འདིར་ཡང་སྔོན་གྱི་ལུང་བསྟན་གྱི་གེགས་ཆེ་བའི་དུས་ཡིན་ཀྱང་དཔོན་སློབ་དགེ་འདུན་དང་བཅས་པ་ཕྱི་ནང་གི་ཉེར་འཚེ་ཅུང་ཟད་ཀྱང་མེད་པར་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་དཔལ་འབྱོར་དབྱར་མཚོ་ལྟར་གོང་འཕེལ་གྱི་ངོས་ནས་ཞབས་པད་ལྷུན་ཆགས་པར་བཞུགས་པ་འདི་ལགས་སོ། །སྨྲས་པ། གང་ཞིག་ངོ་མཚར་ཞིང་གི་བཀོད་པ་ནི། །ཉེ་བར་རྩོམ་ཚེ་གསེར་མདོག་ཆུ་སྐྱེས་ཀྱིས། །རྣམ་འདྲེན་ཉི་མ་སྟོང་གི་སྐལ་བཟང་བོ། །མཚོན་པས་ལྷ་ཡི་བསྐལ་པ་བཟང་པོར་བསྒྲགས། །དེ་ལས་སྟོབས་བཅུ་མངའ་བ་གསུམ་གྱི་བསྟན་པའི་དུས། །ཡོངས་སུ་རྫོགས་ཏེ་གཞན་ལས་ལྷག་པའི་ཐུགས་བསྐྱེད་ཀྱིས། །བུ་རམ་ཤིང་བའི་བསྟན་པའི་ཉི་འོད་རྩེ་དགའ་ནི། །སྙིགས་མ་ལྔ་བདོའི་འགྲོ་བའི་དཔལ་དུ་དེང་འདིར་ཤར། །གནའ་དུས་ས་ཆེན་འདི་ཡང་རྣམ་མང་གཙུག་ལག་ཁང་གིས་མཛེས། །དེར་ནི་འདུལ་འཛིན་བྱེ་བས་སྡེ་སྣོད་བཤད་སྒྲུབ་རྩེད་འཇོས་རོལ། །དེ་དག་ཞབས་སྐྱེས་རྡུལ་ཡང་ས་སྐྱོང་དག་གིས་གཙུག་ཏུ་ལེན། །དེ་འདྲའི་དགེ་ལེགས་དཔལ་ཉམས་ད་ནི་སྙིགས་མའི་རང་མཚང་ངོམ། །ལ་ལ་ཆེན་པོའི་འགྱིང་བག་ལྷུར་ལེན་བླུན་པོ་མཆོད་པའི་འོས་སུ་འཛིན། །ཁ་ཅིག་གྲུབ་རྫུའི་ཐོ་ཅོ་མཁན་བསྟེན་རང་ཡང་འཆོལ་བོར་སྤྱོད་ལ་གུས། །ཕལ་ཆེར་ཚུལ་འཆོས་ཁ་གསག་ཅན་ལ་འདི་ཕྱིའི་སྐྱབས་གནས་དམ་པར་འཛིན། །རྨད་བྱུང་དམ་པའི་རྣམ་ཐར་སྐྱོང་རྣམས་མི་ཁྱུར་ཚུད་པ་སྲིད་མཐའ་ཙམ། །ཁ་ཅིག་བརྟག་ཀྱང་དགེ་བའི་བཤེས་ཀྱི་སྐྱོན་ཡོན་འཁྲུལ། །ལ་ལ་མ་བརྟག་ཁྱི་ཡི་ཟས་བཞིན་གང་བྱུང་བསྟེན། །ཕལ་ཆེར་བཤེས་འདོར་མཆིལ་སྣབས་ཙམ་དུའང་མི་རྩི་སྟེ། །སློབ་མ་བཟང་པོ་བླ་མར་གུས་ལྡན་ཤིན་ཏུ་དཀོན། །མཁས་པ་ཕལ་ཆེར་ཚིག་ཙམ་ལ་གཡེལ་སྒྲུབ་པ་འདོར། །སྒྲུབ་པར་རློམ་འགའ་བྱིང་རྒོད་དང་འགྲོགས་བཟླས་པས་འདའ། །བཤད་སྒྲུབ་ཟུང་གིས་ཐུབ་བསྟན་དགེ་ལེགས་བྱེད་པོ་རུ། །རྒྱལ་བས་བསྔགས་པའི་བཤེས་གཉེན་དམ་པའང་ཉིན་སྐར་ཙམ། །དེ་ལྟ་ན་ཡང་མཁས་པའི་མདུན་སར་ངལ་བ་མང་བསྟེན་མདོ་སྔགས་གཞུང་ཀུན་ཞིབ་པར་སྦྱངས། །ཡང་ཡང་དཔྱད་པས་བསྟན་པའི་གནད་ལ་ཐེ་ཚོམ་ཀུན་ཆོད་ལུང་རིགས་ལས་འོངས་ངེས་པ་རྙེད། །སློབ་མ་དང་བཅས་འཁོར་གསུམ་བྱ་ཡས་ཐུབ་བསྟན་ལེགས་སྤེལ་སྔོན་བྱོན་དམ་པའི་རྣམ་ཐར་སྐྱོང་། །དེ་འདྲའི་བཤེས་ཀྱིས་ཏིལ་གང་ལྟར་གཏམས་སྡེ་འདི་བཀྲ་ཤིས་འཁྱིལ་གླིང་ཞེས་གྲགས་དོན་དང་ལྡན། །འདི་ཡི་ངོ་མཚར་བདག་ཡིད་ལ། །ཡུན་རིང་འགྲོགས་པས་བསྔགས་པའི་གཏམ། །རང་བཞིན་བརྗོད་པའི་དབྱངས་ཉིད་ཀྱིས། །སྒྲོག་ལ་བྲེལ་བས་ངལ་མ་གྱུར། །ཨེ་མ་མ་འོངས་དུས་སུ་ང་ཉིད་འཇིག་རྟེན་རྗེས་གཟུང་ལ་དགོངས་ཐ་མལ་སློབ་དཔོན་གཟུགས་སུ་གནས། །གང་གི་དོན་ལྡན་དག་ལ་ང་ཉིད་དེ་ཡི་ལུས་གནས་སྒྲུབ་པོ་གཞན་ལས་མཆོད་པ་ལེན་ནོ་ཞེས། །ཐུབ་པའི་མཆོག་དེའི་སྙིང་རྗེའི་ཤུགས་ཀྱིས་བགྲང་ཡས་འཁོར་ལ་ཚངས་དབྱངས་ཀྱིས་བསྙད་བཀའ་ལུང་ཚད་མ་འདི། །བསམས་ཀྱིན་བསམས་ཀྱིན་བདག་ཅག་སྐལ་བ་བཟང་ཞེས་ཐར་བ་འདོད་རྣམས་དགའ་བའི་ཟློས་གར་བསྒྱུར་བའི་རིགས། །དུས་ཀྱིས་བསྐལ་ཡང་སྔོན་བྱོན་དམ་པའི་མཚན་སྙན་རྣ་བར་ལྷུང་བའི་མོད། །དེ་དང་དེ་ཡི་རང་བཞིན་ཨེ་མ་ཇི་ལྟ་བུ་ཞེས་སེམས་པ་ཡི། །ཡིད་ལ་གདུང་བའི་རྣམ་འགྱུར་རི་མོར་བྲིས་བཞིན་ཉེ་བར་འཛིན་པ་གང་། །དེ་དག་གདུང་སེལ་བརྒྱུད་པའི་གཏམ་འདི་སྔོན་རབས་གསལ་བའི་སྤྲིངས་ཡིག་མཆོག།ཀྭ་ཡེ་མཁས་བླུན་ལེགས་སྤྱད་ཉེས་སྤྱད་གཟུགས། །གསལ་བར་མཚོན་པའི་ཆོས་ཀྱི་མེ་ལོང་དུ། །རང་སྤྱོད་བླང་དོར་བརྟག་ལ་བརྩོན་པ་ནི། །བདེ་གཤེགས་བྱེ་བའི་ལྗགས་ཡངས་པདྨོའི་བཅུད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།                                                 

                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།