བླ་བྲང་གདན་རབས་ཉེར་གཅིག་པ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-24 11:20:35     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

                  གདན་རབས་ཉེར་གཅིག་པ་སྐྱབས་མགོན་མཆོག་གི་ཐུགས་སྲས་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ནི་རབ་བྱུང་བཅུ་གསུམ་པའི་ཆུ་རྟའི་ལོ་ཧོར་ཟླ་གཉིས་པའི་ཚེས་དགེ་བར་ཡབ་ལྕགས་པོ་བྱམས་དང་ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་འཁྲུངས་པའི་སྔ་ལོ་མེས་པོ་རྒད་པོ་ཞིག་ཡོད་པ་དེས་མཚན་མཁན་ཞིག་ལ་ལག་རིས་བསྟན་པས་ཁྱོད་ལ་གསེར་གྱི་བཀའ་འགྱུར་ཞིག་བྲི་བའི་བསོད་ནམས་འདུག་ཟེར་བ་བྱུང་། དེ་ནི་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་འདི་ཉིད་རང་ཁྱིམ་དུ་འཁྲུངས་པའི་མཚན་མ་ལུས་ཀྱི་དཔྱད་དུ་ཤར་བ་ལ་ཐེ་ཆོམ་མེད་དོ། །སྐུ་བལྟམས་མ་ཐག་ནས་ཞབས་སྐྱིལ་ཀྲུང་གིས་སྐུ་དྲང་བོར་བཞུགས་པ་དང་། ཉིན་དེར་ཨ་མ་ཞེས་ལན་གསུམ་འབོད་པ་གནང་བས་ཡུལ་མི་ཐམས་ཅད་ཀྱིས་བྱིས་པ་རང་མཚན་པ་ཞིག་མིན་པར་འདུག་ཅེས་གླེང་བ་བྱུང་། ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པའི་སྔ་ཕྱིར་ཡབ་ཡུམ་དང་ཡུལ་མི་རྣམས་ལ་ངོ་མཚར་བའི་རྨི་ལམ་དང་མངོན་སུམ་གྱི་ལྟས་ཡ་མཚན་པ་བར་མ་ཆད་དུ་བྱུང་བའི་རྐྱེན་གྱིས་ཁུ་བོ་རབ་འབྱམས་པ་དགེ་ལེགས་སེངྒེ་བཀྲ་ཤིས་འཁྱིལ་དུ་ཕྱིན་ནས་སྐྱབས་མགོན་རིན་པོ་ཆེར་རྒྱུ་མཚན་ཞུས་པར་སྔགས་བཅས་ཀྱི་སྲུང་མདུད་དང་བྱིན་གྱིས་བརླབས་པའི་བུམ་ཆུ་གནང་། གཙང་སྦྲ་སོགས་གང་ལེགས་དགོས་པའི་ཞལ་ཏ་ནན་ཅན་བསྩལ། མིང་མགོན་པོ་ཚེ་བརྟན་དུ་བཏགས་པ་ཡིན་གསུངས།ཡུལ་དུ་འབྱོར་བ་ན་མེས་རྒད་པོ་དེས་སྲུང་མདུད་བཅང་ནས་འདི་ཁྱོད་ལ་འཇམ་དབྱངས་བཞད་པ་རིན་པོ་ཆེས་གནང་བ་རེད་བྱས་པ་ལ་ཨང་ཞེས་ལན་བཏབ་པས་ཀུན་ངོ་མཚར་དུ་གྱུར། སྐུ་ན་ཕྲ་བའི་དུས་སྐུ་རྩེད་མཛད་པ་ནའང་ཆོས་འཆད་པ་དང་། ཀློག་པ་དང་། ཕྱག་དབང་འཇོག་པ། ཁོར་གསུམ་དང་ཐལ་སྐད་གནང་བ་དང་། བཀའ་བསྒོ་བྱེད་ཚུལ་སྟོན་པ་དང་། ཤིས་པ་བརྗོད་པ་སོགས་ཡ་རབས་ཀྱི་སྤྱོད་ཚུལ་མ་བཅོས་ལྷུག་པའི་ཚུལ་དུ་སྟོན་པ་ཞིག་ཡོད་པར་ཡུལ་མི་དག་མགྲིན་གཅིག་ཏུ་གླེང་།དགུང་ལོ་ལྔ་བའི་ཐོག་སྐྱབས་མགོན་མཆོག་མཛོད་དགེ་དགོན་བཀྲ་ཤིས་ཆོས་གླིང་དུ་ཕེབས་སྐབས་མཇལ་དུ་ཁྱེར་བས་ཁྲིའི་སྟེང་དུ་འཇུས་ཤིང་ན་བཟའ་ལ་འཐམ་པས་སྐྱབས་མགོན་མཆོག་ཀྱང་ཐུགས་དགྱེས་ཏེ་ལྗགས་བསྔགས་ཀྱི་ཀ་ར་ཐུམ་བཅས་བསྩལ་ཏེ། གང་གི་མགུར་གྱི་བུམ་བཟང་ནས་བསྩལ་བའི་ལེགས་བཤད་བདུད་རྩིའི་རོ་ཡིས་རྣམ་དཔྱོད་རོ་འཛིན་ཚིམ་པའི་རྟེན་འབྲེལ་གྱི་སྒོ་འཕར་དངཔོ་ཕྱེ། སྐུ་ཕྲེང་སྔ་ཕྱི་གཉིས་ཀྱི་མཛད་པའི་བབ་དང་། སྐྱབས་མགོན་རྡོ་རྗེ་འཆང་གི་བཀའ་ལུང་གང་ནས་ཐེ་ཚོམ་མེད་ཀྱང་སྤྱི་ལུགས་ལྟར་ངོས་འཛིན་འབུལ་མཁན་འབྱོར་པ་ལ་ཡབ་མེས་རྣམས་ནས་ཁོང་ཚང་ལ་སྤྲུལ་སྐུ་དེ་འདྲ་རྒྱུས་མེད་ཟེར་མཇལ་དུ་མ་བཏང་བས་སླར་ལྡོག་དགོས་བྱུང་། དེ་ཉིན་ནས་ཁམས་མ་བདེ་བས་ཁོང་རྣམས་རྟབ་རྟབ་པོར་གྱུར་ཏེ་བཀྲ་ཤིས་འཁྱིལ་དུ་འོངས་ནས་སྐུ་མདུན་རྒྱུ་མཚན་ཞུས་ཏེ་ངོས་འཛིན་པ་རྣམས་གདན་དྲངས་པས་ངོས་འཛིན་ཀྱང་མ་འཁྲུལ་བར་མ་ཟད་སྐུ་ཁམས་ཀྱང་དྭངས་ཤིང་ཡ་མཚན་པའི་ལྟས་ཀྱང་མང་དུ་བྱུང་།དགུང་ལོ་བདུན་པ་བྱི་བ་ལོའི་ཟླ་བ་དང་པོའི་ཚེས་ལ་བཀྲ་ཤིས་འཁྱིལ་དུ་གདན་དྲངས།ཆིབས་བསུ་སེར་སྦྲེངས་སོགས་བཀུར་གཟོས་ཆེར་བསྟབས། དམ་པའི་མཛད་སྤྱོད་མ་བཅོས་ཤུགས་འབྱུང་དུ་ཡོད་ཅིང་སྔོན་གནས་རྗེས་དྲན་སོགས་ལུང་རྟོགས་ཀྱི་ཡོན་ཏན་ལ་འགྱུར་བ་མེད་པར་དཔོག་ནུས་ཀྱི་གསུང་ཐོལ་བྱུང་དུ་མ་ཕེབས་པས་གྲྭ་སློབ་རྣམས་དགའ་བདེ་དབྱར་མཚོ་ལྟར་འཕེལ། དེའི་བཅུ་གསུམ་གྱི་ཉིན་སྐྱབས་མགོན་རྡོ་རྗེ་འཆང་གི་དྲུང་ནས་དགེ་བསྙེན་རབ་བྱུང་དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ་ཏེ་འབྱུང་འགྱུར་དང་མཐུན་པའི་དོན་ལྡན་གྱི་མཚན་དུ་ཤེས་སོ། །རིགས་སྨྲའི་དབང་ཕྱུག་དམ་པ་བློ་བཟང་རིན་ཆེན་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པས་ངོ་ཤོག་ཕྱེད་གཉིས་ཙམ་ནས་སྦྱར་ཀློག་ཕེར་བ་བྱུང་ཞིང་། ཟླ་བ་གཅིག་གི་ཁོངས་སུ་འཇིགས་བྱེད་བཅུ་གསུམ་མ་ཐུགས་འཛིན་བྱང་བར་བྱུང་སྟེ་ཞལ་འདོན་ཆག་མེད་མཛད། སྐྱབས་མགོན་མཆོག་ནས་གཅོད་པ་བློ་འཛིན་ཅིས་ཀྱང་བྱེད་དགོས་གསུངས་པ་ལྟར་་ཐུགས་འཛིན་དང་། འདོན་ཆ་ཆོས་སྤྱོད་ཀྱི་སྐོར་རྣམས་ཐུགས་སུ་ཆུད་པར་མཛད།མདོར་ན་དགུང་ལོ་བདུན་པའི་སྐབས་འདི་ནས་དབུས་སུ་མ་ཕེབས་ཀྱི་བར་ལ་འཛིན་སྐྱོར་དང་ཐོས་བསམ་གནང་ཚུལ་བཤེས་གཉེན་བསྟེན་ཚུལ་དབང་རྗེས་གནང་སོགས་ཞུ་གནང་བསྙེན་སྒྲུབ་སོགས་བྱེད་ཚུལ་ཐ་ན་ཐག་ཉེ་རིང་ཀི་འབྱོན་བཞུད་སོགས་ཀྱི་བྱ་བ་ཆེ་ཕྲ་ཐམས་ཅད་ཡབ་རྗེ་མཆོག་གི་བཀའི་རྗེས་སུ་འབྲང་བ་མ་གཏོགས་རང་དགར་མི་འཇུག་པ་རྗེའི་རྣམ་ཐར་གྱི་དཔེར་འོས་མཛད།དགུང་ལོ་བཅུ་གཉིས་པ་ཆུ་སྦྲུལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཆོས་གྲྭར་ཞུགས།དེ་སྐབས་ལོ་དེའི་འབྲུག་གི་ཐོག་མ་གྲགས་པ་ནི་ཀུན་གྱི་ངོ་མཚར་གྱི་ཡུལ་དུ་བྱེད། ཆོས་གྲྭར་གསར་དུ་ཕེབས་པའི་དགོང་མོ་ཆོས་གྲྭའི་རྡོ་ཁྲིའི་སྟེང་ནས་ཞལ་མར་འཁོད་ནས་བཞུགས་པ་ལ་གྲྭ་རྒན་རྣམས་ནས་སྐུ་གོང་མ་ཡང་སྒོ་མང་ཆོས་གྲྭར་ཕེབས་སྐབས་འདི་ལྟར་གནང་བ་དང་ཆ་མཚུངས་པས་རྟེན་འབྲེལ་ལེགས་ཞེས་གླེང་། བཙན་པོའི་བསྡུས་གྲྭ།བཀྲ་ཤིས་འཁྱིལ་གྱི་བསྡུས་གྲྭ། ཡིག་ཆའི་བློ་རྟགས་དང་དོན་བདུན་ཅུ། སྡེ་བདུན་རྒྱན་སོགས་ཐུགས་འཛིན་གནང་ཞིང་། ཐུགས་རིག་རྣོ་ཞིང་ཟབ་པས་གཟུར་གནས་རྣམ་དཔྱོད་ཅན་རྣམས་ཆོས་ཀྱི་རྗེས་སུ་འབྲང་པའི་དད་པ་ལྷག་པར་འཕེལ། །དབུས་སུ་ཕེཔས་རྒྱུའི་ཆེད་སྟོད་ཕྱོགས་མཛོད་དགེ་དང་སོག་ཡུལ་དུ་འབུལ་སྡུད་མཛད་པར་སྔ་ཕྱིལ་དངུལ་སྲང་ཆིག་ཁྲི་ལྷག་དང་རྟ་ནོར་ལྔ་སྟོང་བརྒལ་བ་སོགས་འབུལ་ནོད་རླབས་ཆེ་བ་བྱུང་། ཆེར་རློམ་ལ་ལའི་སྐུ་ཚེ་གཅིག་གི་རྣམ་ཐར་བསྡོམས་ན་འདི་ཙམ་ཡང་དཀའ་བར་སྣང་། བར་སྐབས་རྣམས་སུ་སྐྱབས་མགོན་མཆོག་གི་དྲུང་ནས་ལམ་རིམ་གྱི་ཁྲིད། ལེགས་བཤད་སྙིང་པོའི་བཤད་ལུང་། གསང་བདེ་འཇིགས་གསུམ་དུས་འཁོར་ཀུན་རིག་སོགས་ཀྱི་དབང་། ཆོས་སྐྱོང་དུ་མའི་རྗེས་གནང་སོགས་ཆོས་བཀའ་མང་པོ་གསན་ཞིང་ཕལ་ཆེར་སྒེར་ཞུས་ཀྱི་སྦྱིན་བདག་ཀྱང་མཛད། དཔའ་གཅིག་གི་དབང་ཞུས་སྐབས་རྨི་ལྟས་བཀའ་འདྲི་གནང་བར་ཁྲག་ཐོད་པ་གང་འཐུང་པ་རྨིས་ཞུས་པར་བཟང་གསུངས་ནས་དགྱེས་ཚོར་དཔག་མེད་མཛད་དེ་ལམ་གྱི་སྙིང་བོ་བདེ་སྟོང་གི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཀྱི་སར་གཤེགས་པའི་འབྱུང་འགྱུར་གྱི་ལྟས་སུ་གསང་སྔགས་མཁྱེན་པ་རྣམས་གླེང་། དགུང་ལོ་བཅུ་དྲུག་པ་ལ་འཛིན་གྲྭ་གཞུང་གསར་དུ་ཕེབས་ཐལ་ཕྲེང་གི་ཡིག་ཆ་སྐྱོར་སྦྱངས་མཛད། ཐུགས་རིག་སྔར་ལས་ཟབ་ཅིང་རྩོད་པ་འགྲན་ཟླ་མེད་པ་ཀུན་གྱིས་མངོན་དུ་གྱུར་བས་བསྟོད་བསྔགས་ཀྱི་རོལ་མོ་དབྱངས་སུ་འཁྲོལ་བ་བྱུང་། དགུང་ལོ་བཅུ་བདུན་པ་ལ་དབུས་གཙང་དུ་ཆིབས་བསྐྱོད་མཛད་རྒྱུར་སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་རིན་པོ་ཆེ་ལ་བསླབ་བྱ་མཛད་པ་དང་ཆ་མཚུངས་པར་སྐྱབས་མགོན་མཆོག་ནས་སྔ་ཕྱིར་དབུས་གཙང་དུ་ཕེབས་རྒྱུའི་གྲ་སྒྲིག ཕེབས་པའི་དུས་ཚོད་དབུས་གཙང་དུ་བཞུགས་ཚད་ཐུགས་གཉེར་གནང་ལུགས་ཕྱིར་ཕེབས་ལུགས་སོགས་ཀྱི་བྱ་བ་མཐའ་དག་ཞིབ་པར་བཀོད་འདོམས་གནང་། སྐབས་འདིར་ཡང་ཕེབས་རྫོངས་གྱ་ནོམ་པ་དང་བཅས་འཕྲལ་ཕུགས་ཀྱི་ཞལ་བཀོད་མང་དུ་མཛད་པའི་མཐར། ད་མདོར་ན་དབུས་སུ་སྐུ་ཡོན་གསན་སྦྱངས་དཔྱིས་ཕྱིན་པ་ཞིག་མཛད་ནས་སླར་མདོ་སྨད་དུ་བྱོན་ནས་དགོན་སྡེ་འདིར་ཕན་ཐོགས་གང་དྲག་གནང་དགོས། ང་ཡང་ལོ་མཐོན་པོ་འདི་འདྲར་སོང་འདུག་པའི་ཚེགས་ལེན་རེ་བྱེད་དགོས་གསུངས་ནས་དབུ་ལོ་དཀར་པོ་སྟོན་པར་མཛད་པ་སོགས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་ལུང་བསྟན་དང་ཐུགས་གཏད་པའི་གསུང་མང་དུ་གནང་། ཕེབས་པའི་ཉིན་ཡང་དགོན་པའི་ཕྱི་ལོགས་སུ་གྲྭ་མང་གིས་ཐལ་སྐད་དང་དར་ཡུག་སོགས་རྟེན་འབྲེལ་གང་ལེགས་བསྒྲིགས་པར་སྐྱབས་མགོན་མཆོག་ནས་ཐར་བ་རྩེའི་ཏེའུར་ཕེབས་ནས་གཟིགས་རྟོག་གནང་སྟེ་ཆར་ཟིམ་བུ་བབས་པ་སོགས་རྟེན་འབྲེལ་ལེགས་ཞེས་མཉེས་མཉེས་མཛད་ཅིང་རྒྱང་རིང་པོའ ་ིབར་དུ་སྤྱན་སྐྱེལ་གནང་། ཚོགས་ཆེན་ཁྲི་ལས་ཐོག་པ་སྡེ་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོས་གཙོ་མཛད་གྲྭ་ཚང་ཕན་ཚུན་གྱི་དཔོན་སློབ་ཁྲི་གདན་ཟུར། སྤྲུལ་སྐུ་ཁག་སོགས་ཀྱིས་ཆིབས་སྐྱེལ་ཞུས། རིམ་གྱིས་ཕེབས་ཏེ་ཟླ་བ་བརྒྱད་པའི་མཇུག་ཙམ་ལ་དབུས་སུ་འབྱོར། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་འཛིན་གྲྭ་གཞུང་གསར་ནས་ཞུགས་ཤིང་། ཆོས་སྲིད་ཡོངས་ལ་འགྲན་ཟླ་དང་བྲལ་པའི་ཧོར་དཔོན་སློབ་སྐལ་བཟང་དངོས་གྲུབ་པ་དགེ་རྒན་དུ་བསྟེན།རྒྱལ་དབང་རིན་པོ་ཆེར་རྟ་བརྒྱ། དངུལ་སྲང་སུམ་བརྒྱ་ལྔ་བཅུ་སོགས་དངོས་འབུལ་གྱ་ནོམ་པ་དང་། འབྲས་སྤུངས་ཚོགས་ཆེན་ལ་དངུལ་ཞོ་འགྱེད། སྒོ་མང་གྲྭ་ཚང་ལ་ཞོ་གསུམ་རེའི་འགྱེད། སེ་ར་དགའ་ལྡན་གཉིས་ལ་དེ་མཚུངས་རས་འགྱེད། བཀྲ་ཤིས་ལྷུན་པོར་འགྱེད་དང་། པཎ་ཆེན་རིན་པོ་ཆེར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་། ཚེ་དཔག་གི་དབང་སོགས་གསན་ཞིང་། རྟ་ཉི་ཤུ། དངུལ་སྲང་ཉིས་བརྒྱ་སོགས་ཀྱི་མཆོད་སྤྲིན་བསྟར།ལྷ་ས་སྨོན་ལམ་ཆེན་མོར་དངུལ་ཞོ་འགྱེད་དང་། གསུང་ཆོས་ར་བ་དྲུག་སྟོང་སྐོར་ལ་རས་འགྱེད་སོགས་བཏང་ཞིང་། དབུས་སུ་བཞུགས་རིང་ལོ་རེ་བཞིན་འབྲས་སྤུངས་ཚོགས་ཆེན་ལ་སྐུ་འགྱེད་རེ་མ་ཆག་པར་བཏང་། ཕྱག་མཛོད་རབ་འབྱམས་པ་དགེ་འདུན་གྲགས་པ་གཤེགས་པའི་དགེ་རྩར་ཡང་གྲྭ་ཚང་སྤྱི་སྒེར་ལ་མང་འགྱེད་གྱ་ནོམ་པ་དང་། ཕྱིས་སུ་ལྷ་རམས་པའི་གཏོང་སྒོ་ལ་ལྷ་ས་སྨོན་ལམ་ལ་ཡང་མང་འགྱེད་གྲྭ་ས་དང་གྲྭ་ཚང་ལ་འགྱེད་མང་ཇ་གྱ་ནོམ་པ་དང་། ཕར་ཕྱིན་སྟོན་མོར་ཡང་དེ་མཚུངས་དང་། ལོ་རེ་བཞིན་ལྷ་སར་མཆོད་འབུལ་ཆག་མེད་དང་། སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་སོགས་བསྡོམས་ན་དངུལ་སྲང་ཆིག་ཁྲི་ལྷག་ཙམ་སོང་སྣང་བས་འབྲེལ་ཚད་དོན་ལྡན་དུ་བསྒྲུབས་པའི་རྣམ་ཐར་དུ་ཤེས་པར་གྱིས། དེ་ལྟར་ཕྱག་རྫས་གང་ཡོད་དཀོན་མཆོག་གི་ཕྱོགས་སུ་བཏང་སྟེ་གཞི་འདོད་ཆུང་ཆོག་ཤེས་ལ་གནས་ནས་མདོ་སྔགས་ཀྱི་གཞུང་ཐམས་ཅད་རང་རྒྱུད་འདུལ་བའི་ཉམས་ལེན་དུ་འཁྱེར་བའི་བཀའ་གདམས་གོང་མའི་རྣམ་ཐར་བཟང་པོ་སྐྱོང་བཞིན་པའི་ངང་ནས་དགུང་ལོ་ཉེར་ལྔའི་བར་དུ་ཡུལ་དབུས་སུ་བཞུགས་ནས་ཐོས་བསམ་མཛད་པ་ཡིན་ལ། ཕར་ཕྱིན་དུ་བཞུགས་རིང་ཡིག་ཆའི་སྐབས་དང་པོ། སྐབས་གཉིས་པ། བཞི་བ། གསེར་འཕྲེང་གི་དགེ་འདུན་ཉི་ཤུ། དཔོན་སློབ་ཆོས་གྲགས་པའི་རྟེན་འབྲེལ། ལེགས་བཤད་སྙིང་བོའི་སེམས་ཙམ་སྐོར། ཡིག་ཆའི་དྲང་ངེས་རྣམ་འབྱེད་ཆེན་མོ། བསམ་གཟུགས་ཟིན་བྲིས་རྣམས་ཐུགས་འཛིན་དང་རྒྱ་བོད་ཀྱི་ཡིག་ཆ་དུ་མར་ཐུགས་དཔྱད་ཞིབ་པར་མཛད། ཁྱད་པར་འཛིན་གྲྭ་སྐབས་དང་པོར་སླེབས་པ་ནས་བཟུང་སྟེ་དཔྱོད་བློ་དང་དོན་གཉེར་སྔར་བས་ཀྱང་ལྷག་པ་ཞིག་བྱུང་ཞེས་ཞལ་ནས་གསུང་སྟེ། ཀུན་མཁྱེན་གོང་མ་བརྩི་བཞག་སྦྱོར་ལམ་ལ་སླེབ་སྐབས་འཇམ་དབྱངས་ཀྱི་གཟིགས་སྣང་བྱུང་བའི་རྣམ་ཐར་རྗེས་འཇུག་ལ་གསལ་བར་བྱས་པའོ། །དབུ་མ་གསར་བར་ཕེབས་ནས་ཀྱང་ལུང་རིགས་གཏེར་མཛོད་ཀྱི་སྟོད་ཆ་ཕལ་ཆེར་ཐུགས་འཛིན་གནང་། དེ་སྐབས་ལྷ་རམས་པའི་མཚན་བཏགས་གཏད་པའི་སྟབས་ཀྱིས་དཀའ་རམས་འཛིན་གྲྭར་ཕེབས་ཏེ་མཛོད་འདུལ་གྱི་རྩོད་པ་མཉམ་དུ་གནང་ཞིང་། དེ་ནས་བཟུང་སྟེ་མེ་རྟའི་ལོ་དམ་བཅའ་མ་ཐོན་བར་དུ་འགྲེལ་བ་དོན་གསལ། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། དམིགས་བརྟགས། ཉི་ཤུ་པ། སུམ་ཅུ་པ། མཛོད་རྩ། འདུལ་བ་མདོ་རྩ་བ། གྲུབ་མཐའ་རྩ་བ། ཀུན་གཞི་རྩ་བ། ཚིག་གསལ་ཐལ་ཟློག། མཛོད་འདུལ་གྱི་ཡིག་ཆ་བསྡུས་པ་ཆ་ཚང་རེ། དགོངས་པ་རབ་གསལ་གྱི་ས་བཅད་དང་འཇུག་པ་སྦྲགས་མ་རྣམས་རྒྱུན་པར་སྐྱོར་སྦྱངས་མཛད། ཆོས་གྲྭ་ཆག་མེད་དུ་འགྲིམ་པས་ལོ་གསུམ་གྱི་རིང་ལ་བྲེལ་བ་ཞིག་གི་དབང་གིས་གུང་ཚིགས་ཆོས་གྲྭ་གཅིག་མིན་པ་ཆག་མ་མྱོང་། ཆོས་མཚམས་ལ་དགུང་རེ་བཞིན་ཤོག་བུ་བརྒྱ་དང་སུམ་ཅུ་ཡན་ཆོད་རེ་ངེས་ཅན་དུ་བྱས་ནས་སྐྱོར་སྦྱངས་བྱས་ཞེས་ཞལ་ནས་གསུངས་ཏེ། མང་ཐོས་དོན་གཉེར་གྱི་བློ་གསལ་རྣམས་ནས་སྔོན་བྱོན་དམ་པའི་རྣམ་ཐར་ལག་ལེན་དུ་ཐེབས་པ་རེ་ཐུགས་རྗེས་གཟིགས་པར་ཞུ།དགུང་ལོ་ཉེར་གཅིག་པ་ལ་གངས་ཅན་གྱི་པད་དཀར་འཆང་བ་འཇམ་དཔལ་རྒྱ་མཚོའི་དྲུང་དུ་ས་ག་ཟླ་བའི་ཚེས་བཅོ་ལྔ་དུས་ཆེན་གསུམ་འཛོམས་ཉིན་བསྙེན་པར་རྫོགས། བསྟན་པའི་མངའ་བདག་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་བསྟེན་ནས་ལྟུང་བ་བསྔོ་བགྲང་ཡོ་བྱད་བྱིན་རླབས། ཐ་ན་རུང་ཆུ་འདེབས་པ་སོགས་ཀྱི་གནང་བཀག་ཕྲ་མོ་ཙུན་ཆད་བླ་མ་ཉིད་ཀྱི་བཀའ་བཞིན་ཕྱག་ལེན་མཛད་དེ་ཚུལ་འདི་ནི་རྒྱལ་བ་དགྱེས་པའི་རྣམ་ཐར་རྨད་དུ་བྱུང་བའོ། །རྗེ་དེ་ཉིད་ལ་འདུལ་བ་མདོ་རྩའི་བཤད་ལུང་གི་གསོལ་བ་བཏབ་པར་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་རྨེ་རུར་ལོ་ལྟར་བཀའ་ཆོས་གནང་པའི་མཚམས་དེར་གནང་རྩིས་མཛད་པ་ལ། གཞུང་གི་རྒྱལ་ཚབ་ཅོ་ནེ་ནོ་མོན་ཧན་ནས། དཀྱུས་ཀྱི་བཀའ་ཆོས་མ་གཏོགས་མདོ་རྩའི་བཤད་ལུང་ལྟ་བུའི་སྣང་བ་གང་ཤར་གྱིས་རྨེ་རུའི་གྲྭ་ཁང་བཤིག་མི་ཆོག དེ་འདྲ་ཡིན་ན་ཁྱེད་རང་ཚོས་གདན་འདྲེན་ཞུས་གསུངས་པར་ཁོང་གྲྭ་རྐྱང་ལྟ་བུར་སོང་གཤིས་བྱ་ཐབས་དང་བྲལ་ཏེ་ཡོངས་འཛིན་ཧོར་དཔོན་སློབ་པ་ལ་བསྐུལ་མ་བྱས་པས་ཁོང་ནས་འབྲས་སྤུངས་བླ་མ་ཚོགས་འདུར་གྲོས་མགོ་བཏོན་ནས་ཡོངས་འཛིན་རིན་པོ་ཆེ་འབྲས་སྤུངས་སུ་གདན་དྲངས། གདན་ས་ཆེན་པོ་གསུམ་གྱི་མཁས་འདུས་ལྔ་སྟོང་ཙམ་ལ་མདོ་རྩའི་བཤད་ལུང་རྒྱས་པར་བསྩལ། །གྲྭ་ཚང་སོ་སོས་གསོལ་བ་བཏབ་པ་ལྟར་སྒོ་མང་དུ་མངོན་རྟོགས་རྒྱན་གྱི་བཤད་ལུང་། བློ་གསལ་གླིང་ཆོས་གྲྭར་འདུལ་བ་རྒྱ་མཚོའི་བཤད་ལུང་བསྩལ་ཏེ་ཇི་ལྟར་བཉོམ་ལྡན་འདས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བདེན་བཞིའི་ཆོས་འཁོར་བསྐོར་བ་ལ་ཞུགས་པ་ལྟ་བུའི་ཆོས་ཀྱི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་པར་གྱུར་ཏོ། །དེ་ཀའི་ཆོས་མཇུག་ཏུ་བླ་མའི་ཞལ་ནས། ད་ལན་ངེད་དཔོན་སློབ་འདི་ཙམ་ཞིག་གིས་ཆོས་འཆད་ཉན་འདི་ལྟ་བུ་ཞིག་བྱེད་རྒྱུ་བྱུང་བ་ཁྱེད་ལ་བརྟེན་པ་ཡིན་པས་ཁྱེད་རང་བསོད་ནམས་ཆེ་ཞེས་ཐུགས་དགྱེས་པའི་བཀའ་ཕེབས་དང་སྦྲགས། བསྟན་པའི་བདག་པོ་ཐུབ་དབང་གི་སྐུ་བརྙན་བྱིན་ཅན་དང་། ཉིད་ཀྱི་རྒྱུན་བསྣམས་འཁར་སིལ་བཅས་གནང་ནས་རྒྱལ་བའི་གདུང་འཚོབ་ཏུ་དབང་བསྐུར་བར་མཛད། སྔ་སོར་ནོ་མོན་ཧན་ནས་བཀའ་ཆོས་ལ་གྲྭ་མི་འགྲིག་པའི་གསུང་ཕེབས་སྐབས་ཐུགས་འཚེར་ནས་ཡོངས་འཛིན་རིན་པོ་ཆེ་ལ་ཞུས་པས། ཁྱེད་སེམས་འཚེར་མི་དགོས། ད་རེས་ངེད་རང་ཚོའི་འདི་ཅི་ལས་ཀྱང་ཕུན་སུམ་ཚོགས་པ་ཞིག་འོང་གསུངས་པ་ལྟར་དོན་ཐོག་ཏུ་སྨིན་པས་ཐུགས་དགའ་བདེས་ཁྱབ་པར་གྱུར། དེ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གཞི་བྱས། དེའི་སྟེང་དུ་རྗེ་བཙུན་འཇམ་པའི་དཔྱངས་ཀྱིས་རྗེ་རིན་པོ་ཆེ་ལ་གདམས་པ་ལྟར་བླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས། ཚོགས་གསོག་སྒྲིབ་སྦྱོང་། གཞུང་ཆེན་མོའི་དཔྱད་པ་སུམ་སྒྲིལ་ལ་འབད་པས་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་སྨྲ་བའི་ཁྱུ་མཆོག་གི་གོ་འཕང་བརྙེས་ཏེ། ཡུལ་དབུས་ཀྱི་གྲྭ་ས་རྒྱ་མཚོ་ལྟ་བུ་གསུམ་དུ་མཁས་མང་རྒྱུ་སྐར་གྱི་དབུས་ན་ཟླ་བ་བཞིན་དུ་མངོན་པར་འཕགས་པར་གྱུར། ལྷ་ལྡན་སྨོན་ལམ་གྱི་གྲྭ་སྐོར་མཛད་སྐབས་སུས་ཀྱང་འཁོར་གསུམ་མ་སོང་བ་ཙམ་དུ་མ་ཟད་བགྲོ་གླེང་གང་བཏང་ལ་ཚད་མའི་ལམ་ནས་དྲངས་པའི་ལན་ཐོགས་པ་མེད་ཅིང་། ལུང་འདྲེན་ལ་བྱམས་ཆོས་རིགས་ཚོགས་ས་སྡེ་རྗེ་ཡབ་སྲས་ཀྱི་གཞུང་ཕལ་ཆེར་ཐུགས་ཐོག་ནས་ཐོན་པས་མཁས་པ་འབུམ་སྡེའི་སེམས་ཀྱི་རྨ་བྱ་ལུང་་རིགས་དབྱར་རྔའི་དབྱངས་ཀྱིས་དད་གསུམ་མངལ་གྱི་ཐིག་ལེ་ཅིར་ཡང་ལྕི་བར་གྱུར་ཏོ། །དེ་སྐབས་དཔྱོད་ལྡན་ཀུན་གྱིས་སྔོན་བྱོན་པའི་མཁས་པ་གོང་མ་རྣམས་དང་འདྲ་བར་མདོ་སྔགས་རིག་གནས་ཡོངས་ལ་འཆད་རྩོད་རྩོམ་གསུམ་ཐོགས་པ་མི་མངའ་ཞིང་མཁས་བཙུན་བཟང་གསུམ་འཛོམས་པའི་བསྟན་འཛིན་གྱི་སྐྱེས་བུ་འདི་འདྲ་སྙིགས་མའི་དུས་འདིར་བྱོན་པ་ངོ་མཚར་ཞིང་སྐལ་བ་བཟང་ཞེས་སྒྲོབ་ཙམ་མ་ཡིན་པར་ཡོན་ཏན་ལ་ཆེད་དུ་བསྔགས་པའི་རོལ་མོ་དཔྱོད་ལྡན་ཡོངས་ཀྱི་ཁ་ལ་ལྷན་སྐྱེས་སུ་འགྲོགས་པ་ལྟ་བུར་གྱུར་བ་དོན་ལ་གནས་པ་ཁོ་ན་ཡིན་ཏེ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཡོན་ཏན་གང་ལ་ཡང་རྒྱལ་བ་གཉིས་པའི་སྲས་མཆོག་ཉི་ཟླ་ལྟ་བུ་རྣམས་ཀྱི་རྗེས་སུ་འགྲོ་བ་ལ་སུས་ཀྱང་བསྙོན་དུ་མེད་དོ། །ཞལ་ནས་ཀྱང་གྲྭ་སྐོར་སྐབས་གྲྭ་ཚང་དམ་བཅར་མཛོད་ཀྱི་ཁས་ལེན་གཅིག་ཤོར།ལྷ་སའི་དམ་བཅར་ཁས་ལེན་འདི་ཤོག་ཟེར་རྒྱུ་ཞིག་མ་བྱུང་བས་བརྡབ་ཤོག་གི་གྲགས་སྐམ་ཆེ་ངེས་བྱུང་། འོན་ཀྱང་ཐམས་ཅད་ཤེས་སྙམ་པའི་ཁེངས་པ་མེད་པར་མ་ཟད་རྨོངས་པ་མང་དུ་སོང་བ་ལྟ་བུས་གོ་ས་འདི་མིན་ན་ཚེ་གང་བོར་གསུང་རབ་ལ་ཐོས་པའི་བག་ཆགས་ཅི་ཐེབས་ཤིག་བྱེད་རྒྱུ་བྱུང་ན་སྙམ་པའི་འདུན་པ་རྣལ་མ་སྐྱེས་ཏེ། སྒྲོ་བཏགས་སྐྱེས་རབས་རྭ་བཅུའི་གདེངས་ཀ་ཅན། །མཐོ་མཐོའི་རྫ་རི་ཉུལ་བའི་ཤ་བོ་ལས། །སྐྱེས་སྦྱངས་རིག་པའི་རྭ་རྩེ་རྣོན་པོ་ཅན། །གཞུང་ལུགས་ཐང་ལ་རྒྱུ་བའི་རྒོ་སྐྱ་བདེ། །ཞེས་སོགས་ཉམས་འཆར་གྱི་ཚིགས་བཅད་འདི་དག་བྲིས་པ་ཡིན་ཞེས་གསུངས་ཏེ། མཁས་པ་འབུམ་སྡེའི་གཙུག་རྒྱན་དུ་གྱུར་ཀྱང་ཁེངས་པ་མི་མངལ་ཞིང་ཆོས་ཀྱིས་མི་ངོམས་པའི་རྣམ་ཐར་རྨད་དུ་བྱུང་བའོ། །ལྷ་སའི་དམ་བཅའ་ཐོན་པའི་རྗེས་སུ་སྐྱབས་མགོན་རྡོ་རྗེ་འཆང་གཙང་ནས་ལྷ་སར་ཕེབས་ཏེ་བཀའ་ཆོས་མང་པོ་གནང་བ་ཆག་མེད་དུ་གསན་པར། མི་ཏྲ་བརྒྱ་རྩ། རྡོ་རྗེ་འཕྲེང་བ། སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་སོགས་མཐའ་ཡས་པ་གསན། འདི་སྐབས་རྒྱལ་ཚབ་ནོ་མོན་ཧན་ནས་ཆོས་ཉན་མཁན་རྣམས་ལ་འབྲུམ་དོགས་ལ་བརྟེན་པའི་སྒྱུར་སྦྱངས་ནར་མར་བྱུང་བའི་གཤིས་ཀྱིས་ཆོས་ཉན་པ་མང་ཙམ་ཞིག་བ་རི་བརྒྱ་རྩའི་ཕྱེད་ཙམ་ནས་ལྡོག་དགོས་བྱུང་ཞིང་སྣར་ཐང་བརྒྱ་རྩའི་རེ་བ་མ་གྲུབ་པར་བརྟེན་རྗེ་འདི་ལ་གསོལ་བ་བཏབ་པ་ལྟར། འདུལ་བ་དཔོན་སློབ། ཤག་སྐོར་དཔོན་སློབ་སོགས་དོན་གཉེར་ཅན་སུམ་བརྒྱ་སྐོར་ལ་བྱ་བྲལ་སྤྱི་ཁང་ནས་ཆོས་ཀྱི་རེ་བ་ཡོངས་སུ་སྐོང་བར་མཛད། གཞན་ཡང་བློ་གསལ་གླིང་མཁན་ཟུར།བྱམས་ཆེན་མཁན་པོ་སོགས་དོན་གཉེར་པ་རྣམས་ཀྱི་ངོར་སྔ་ཕྱིར་ལམ་གཙོའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། རྟེན་འབྲེལ་བསྟོད་པའི་བཤད་ལུང་། ལྷ་དང་ཆོས་སྐྱོང་མང་པོའི་རྗེས་གནང་སོགས་འདོད་ཆོས་མང་དུ་བསྩལ། དེ་སྐབས་ཡོངས་འཛིན་རིན་པོ་ཆེ་དེ་ཉིད་འཛམ་གླིང་ཡོངས་ཀྱི་གཙུག་རྒྱན་གྱི་བླ་མ་གཅིག་པུ་ཡིན་སྟབས་གྲགས་ཅན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱང་དེ་དག་གི་ནང་ནས་རྗེ་འདི་ཉིད་ལ་ལྷག་པར་དགྱེས་གཟིགས་བླ་ན་མེད་པ་དང་། གསུང་འཕྲོས་ནང་བཅར་མ་བུའི་གཏམ་གྱི་ཚུལ་དུ་ཡོད་ལ་ཁྱད་པར་ཉིན་གཅིག ད་ང་རང་ཚོར་ཐོབ་ཐོབ་མང་དགོས་པའི་ངེས་པ་མེད། རྗེ་བླ་མ་ནས་བརྒྱུད་པའི་མན་ངག་བླ་མ་གོང་མ་རྣམས་ཀྱི་བཀའ་དྲིན་ལ་ངས་གང་ཐོབ་པ་དེ་ཁྱེད་ལ་ཆ་ཚང་བ་ཞིག་བྱེད། སྒྲུབ་པའི་མཐུན་རྐྱེན་སོགས་ཀྱང་ངེད་ཀྱིས་སྦྱར་ཆོག་པས་དེང་སང་གི་སྐུ་སྐྱེ་ཚོ་ལྟར་མཐོ་འགྲོགས་དང་བྱ་བྱེད་མང་པོ་མ་རྩོམ་པར་ཡུལ་དབུས་འདི་གར་བཞུགས་ཞེས་གསུངས་པ་ལ། བདག་ལ་གསུང་འདི་ལྟ་བུ་གནང་བ་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས་པ་ཡིན་ཀྱང་། བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དེ་ཉིད་བདག་གི་སྡོམ་པ་གསུམ་སོགས་ཆོས་ཀྱི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མནོས་པའི་བླ་མ་ཡིན་ཞིང་། ཁོང་ནས་སྔ་སོར་མདོ་སྨད་དུ་འོང་དགོས་པའི་བཀའ་ཕེབས་ཡོད་པས་ད་རེས་ཀྱང་ཅི་ཞིག་གསུང་ཡོང་ཞུས་པར་གཏམ་དེ་སྙན། ཁྱེད་ཀྱི་ཞལ་ནས་བླ་མའི་གསུང་གཅོག་མི་ནུས་པའི་ཚིག་དེའདྲ་འོང་བའི་རེ་བའང་ཡོད། ད་ཁོང་ལ་ངས་བསྟུན་ཆོག་གསུངས་ནས་ཁོང་རྣམ་གཉིས་ནས་འདི་སྐོར་གྱི་གསུང་བགྲོས་གནང་བ་ལྟར་ཉིན་གཅིག་ཡོངས་འཛིན་རིན་པོ་ཆེ་ནས། ད་ཁྱེད་བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དགོངས་བཞེད་ལྟར་མདོ་སྨད་དུ་མི་ཕེབས་པའི་ཐབས་མི་འདུག་པས་དེ་བཞིན་གྱིས་ཞེས་གསུངས་ཤིང་ཐུགས་བརྩེ་བས་བསླབ་བྱ་རྨད་དུ་བྱུང་བ་སྐྱེས་ཀྱི་ཚུལ་དུ་གནང་། དེ་མཚུངས་ཀློང་རྡོལ་གྲུབ་དབང་རིན་པོ་ཆེ་ནས་ཀྱང་། རྗེ་དགེ་འདུན་གྲུབ་དང་། འདུལ་འཛིན་བློ་གྲོས་སྦས་པ་གཉིས་ཀྱི་རྣམ་ཐར་གསུངས་ནས། ད་ཁྱེད་ཀྱི་འཇམ་དབྱངས་བཞད་པའི་ལས་ཀ་གང་ལ་ཡང་སྤུ་སུ་མ་ཤོར་བའི་སྒོ་ནས་ཐུགས་ཁུར་གང་དྲག་མཛོད་ཅེས་གསུངས་ཏེ་འགྲན་གྱི་དོ་ཟླ་མེད་པའི་བླ་མ་གསུམ་གའི་བཀའ་བགྲོས་མཐུན་པར་བྱུང་བ་ལྟར་སྐྱབས་མགོན་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་དུ་ཆིབས་བསྒྱུར་གནང་། ལམ་བར་དུ་སྐྱབས་མགོན་མཆོག་གི་དྲུང་ནས་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་དང་། ས་སྐྱའི་གསེར་ཆོས་སྐོར། ལམ་རིམ་ཆུང་ངུའི་བཤད་ལུང་སོགས་གསན་ཏེ་འདི་ཡང་ཡབ་སྲས་གཉིས་ཀའི་རྣམ་ཐར་ཁྱད་དུ་འཕགས་པའོ། །བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ཡབ་སྲས་ལྷན་དུ་བཀྲ་ཤིས་འཁྱིལ་དུ་ཞབས་པད་བཀོད། དགོན་པའི་འདུ་ཁང་སྟེང་དུ་དངུལ་སྲང་བརྒྱད་བརྒྱ་སྐོར་ལས་གྲུབ་པའི་གསེར་གྱི་རྒྱལ་མཚན་ཆ་གཅིག་གསར་འཇོག་དང་། ཚོགས་པར་ཞྭ་སྣམ་རེ་སྐུ་འགྱེད་གནང་།དགུན་སྨད་དེར་རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་བཅད་རྒྱ་གནང་ཞིང་རི་ཁྲོད་པ་རྣམས་ལ་སྒོམ་ཞྭ་དང་མཎྜལ་གྱི་འགྱེད་བསྩལ་ཏེ། ནང་རེ་བཞིན་སེམས་བསྐྱེད་ཆོ་ག་ཆག་མེད་ཀྱི་སྲོལ་བཙུགས། དེ་ནས་བཟུང་སྟེ་ཁྱི་ལོའི་བར་དུདབེན་གནས་དེ་ཉིད་དང་བཀྲ་ཤིས་འཁྱིལ་གཉིས་སུ་རེས་མོས་ཀྱི་ཚུལ་དུ་བཞུགས་ཤིང་། གྲོང་ཆོག་སོགས་གཡེང་བ་བཙན་ཆོད་ཀྱིས་ཐུན་མོང་བ་བྱང་ཆུབ་ལམ་གྱི་རིམ་པ་དང་། ཐུན་མོང་མ་ཡིན་ཨ་རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་གཅིག་ཏུ་གཞོལ་བར་མཛད་པས་ཉམས་དང་རྟོགས་པའི་ཀློང་རྡོལ་ཞིང་ལྷ་དང་བླ་མ་ནམ་མཁའི་སྐར་ཚོགས་ལྟ་བུའི་སྐུའི་སྣང་བ་མངོན་སུམ་དུ་ཤར་བར་མངོན། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཤད་ལུང་དང་འདུལ་བ་རྒྱ་མཚོའི་སྙིང་བོའི་བཤད་ལུང་།བྱམས་ཆོས་སྡེ་ལྔའི་ལུང་། མདོ་སྡེ་རྒྱན་གྱི་བཤད་པ་དང་། མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་ཏེ་བཤད་ལུང་། དཔག་བསམ་འཁྲི་ཤིང་གི་ལུང་། སྒྲུབ་ཐབས་རྒྱ་མཚོ་དང་བ་རི་བརྒྱ་རྩ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཆོས་བཀའ་ཡང་མང་དུ་གནང་། སྐྱབས་མགོན་མཆོག་གི་དྲུང་དུ་རིགས་ཆོགས་དྲུག བཀའ་གདམས་གཞུང་དྲུག འདུལ་བ་མེ་ཏོག་ཕྲེང་བརྒྱུད། འོད་ལྡན། བཞི་བརྒྱ་བ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་སོགས་ཀྱི་ལུང་།བཀའ་གདམས་ལྷ་བཞིའི་རྗེས་གནང་སོགས་འདོད་ཆོས་དུ་མ་ཞུས་པར་ཡོན་གཟབས་ཏེ་ཕུལ། སྐུ་གསུང་ཐུགས་རྟེན་ཀྱང་གསར་བཞེངས་མང་དུ་མཛད། ཁྱི་ལོའི་དགུན་སྐྱབས་མགོན་མཆོག་གི་བཀའ་ལྟར་ད་ཚང་ལྷུན་འགྲུབ་གླིང་དུ་ཚ་ཁོ་ངག་དབང་གྲགས་པའི་གདན་སར་ཕེབས། རང་རང་གང་འདོད་ཀྱི་ཆོས་དང་། དགོན་པ་སྤྱིར་མང་འགྱེད་གྱ་ནོམ་པའི་ཐོག་རྟ་ནོར་ཕྱེད་དང་ཉིས་བརྒྱ་སྐོར་སོགས་སྤྱི་འཇོག་བྱས་ཏེ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས་སླར་བཀྲ་ཤིས་འཁྱིལ་དུ་ཕེབས། སྔར་བཞིན་ཐུགས་དམ་གཙོར་འདོན་བཤད་སྒྲུབ་ཟུལ་འབྲེལ་གྱི་མུར་བཞུགས་པ་ལས། སྐྱབས་མགོན་མཆོག་གི་བཀའ་ལྟར་རྔ་བའི་ཕྱོགས་སུ་ཕེབས། དེར་དགོན་གསར་འདེབས་ལ་ས་བརྟག་བསླང་བཀྲ་ཤིས་ཀྱི་གསོ་སྦྱོང་སོགས་རྒྱས་པར་མཛད་ཅིང་ཟུང་འཕན་ཏཱ་ཞིན་མགོ་ལོག་གི་དམག་དོན་དུ་དེར་འོང་ཡོད་པས་ཚེ་དཔག་དང་སྒྲོལ་མའི་རྗེས་གནང་ཞུས་ཏེ་བཀུར་གཟོས་ཚད་མེད་པ་དང་དགོན་པའི་དོན་ལ་མཐུན་འགྱུར་གང་དྲག་ཞུས། དེ་ནས་ཚ་ཁོ་ད་ཚང་དུ་ཕེབས་ནས་བཞུགས་ཡོད་ཐོག་སྐྱབས་མགོན་མཆོག་དག་ཞིང་དུ་ཕེབས་པའི་གཏམ་གསན་ཕྲལ་ཐུགས་སྐྱོ་ཤས་མནན་ན་མི་བཟོད་པ་འཁྲུངས་ཏེ་གློ་བུར་མཚན་མོ་དེ་ཀ་རང་ལ་ཁལ་རྟའི་རྗེས་མ་ཟིན་ཡང་ཞབས་ཐང་དུ་ཕེབས། དེ་ནས་རྟ་ཤད་ཀྱིས་ཉིན་མཚན་གཉིས་ཀར་ཕེབས་པས་ཞག་དྲུག་གིས་གདན་སར་སླེབས་པ་བྱུང་། སྐུ་གདུང་གི་མདུན་དུ་བརྒྱ་མཆོད། དངུལ་སྲང་བརྒྱ། རྟ་བཟང་ཉི་ཤུ། ལན་འདུ་བཅུ་སོགས་ཕུལ་ཞིང་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེར་ཡང་ཕྱག་རྟེན་ཆིབས་སྤུས་ལེགས་སོགས་དང་བཅས་མཇལ་འཛོམས་མཛད། ཚོགས་སུ་ཡང་གསུང་མཆོད་ཀྱི་ཆེད་མང་ཇ་དང་ཇ་སྲང་བཞི་རེའི་འགྱེད་ཕུལ། སྐྱབས་མགོན་མཆོག་གི་དྲུང་དུ་དགེ་སློང་གི་དངོས་པོ་དོན་དུ་གཉེར་བའི་ཐར་འདོད་བརྒྱ་ཕྲག་ལྷག་ཙམ་བསྙེན་རྫོགས་གནང་སྟེ་ཡིད་ཀྱི་རེ་བ་སྐོང་བར་མཛད། གཞན་ཡང་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ནས་སྐྱབས་མགོན་མཆོག་གི་ཞལ་དཀྱིལ་མཇལ་ཞིང་གསུང་གི་བདུད་རྩི་མྱང་བར་ལྷགས་པའི་དོན་གཉེར་ཅན་དུ་མ་ལ་དབང་ལུང་རྗེས་གནང་སོགས་ཀྱིས་ཆོས་ཀྱི་སྐལ་བ་མི་དམན་པར་མཛད། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་རིགས་པའི་སེངྒེ་ནས་ཁྲིའི་དགོངས་པ་ཞུས་ཏེ་ཁོང་གིས་མཚམས་སྦྱར་བ་ལྟར་བླ་བྲང་དཔོན་ཚང་དང་གྲྭ་མང་བཅས་ནས་ཐུགས་འདུན་རྩེ་གཅིག་གིས་གསོལ་བ་ནན་ཏན་བཏབ་པར་བརྟེན། ཆུ་བྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཐུབ་པའི་དབང་བོའ ་ིམདོ་སྔགས་ཆོས་འཁོར་གྱི་དུས་ཁྱད་པར་ཅན་ལ་ཆོས་སྡེ་ཆེན་པོ་གང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ་འདུས་པ་རྒྱ་མཚོའི་མགོན་དུ་གྱུར། སྔ་སོར་སྐབས་ཤིག་ནས་ཚོགས་ཆེན་དབུ་མཛད་ལེ་ལོ་ཅན་ཞིག་རྒྱུན་རིང་ནས་ས་ཁྱི་གོང་འོག་ཞིག་ནས་ཁྲོ་བཅུའི་བཟླས་པ་སོགས་ཇེ་ཉུང་དང་། ཚོགས་འདོན་གྱི་རིགས་ཇེ་མྱུར་དུ་སོང་། དབུ་མཛད་གཅོང་ནད་ཅན་དང་།དགེ་བསྐོས་བགྲེས་པ་མཚན་མོ་འགྲོ་ལམ་མི་མཐོང་བ་ཟུང་དུ་འབྲེལ་ནས་ཆོས་གྲྭ་ཡུན་ཇེ་ཐུང་དང་ཞལ་འདོན་ཇེ་མྱུར། ཆར་ཟིམ་བུ་ཙམ་ལ་འདུ་ཁང་དུ་ཚོགས་པའི་གུ་ཡངས་བཙལ་སྲོལ་དོད། དེའི་ཤན་གྲྭ་ཚང་གཞན་ལ་ཞུགས་ཞིང་། ཞལ་ངོ་འགའ་ཞིག་ནད་ཀྱི་དབང་གིས་གླིང་ཞིབ་མོ་སྐོར་མ་ཐུབ་པར་བརྟེན་སྐྱོར་སྦྱངས་ཅུང་ཟད་འགྲིབ། ལས་སྣེ་འགའ་ཞིག་གིས་ཁུར་དུ་བླངས་རུང་ཕྱར་བ་གྲུ་བཞི་འདེགས་པའི་གྲོགས་མ་འཛོམས་པ་དང་། ལས་སྣེ་ཕལ་ཆེར་གྱིས་སྙིགས་མའི་ངང་ཚུལ་ཁ་ཡན་ལ་བཏང་བའི་ཤུགས་ཀྱིས་བླ་རབས་རིམ་བྱོན་གྱིས་འགྲིག་ལམ་ལ་ཕན་འགྱུར་གྱི་མེ་ཏོག་གཤིས་ངན་སྐྱེ་བོའི་བྱེད་སྤྱོད་ཀྱི་བ་མོས་བཅོམ་སྟེ་ཆོས་སྡེ་ཆེན་པོ་གང་གི་བཤད་སྒྲུབ་རྣམ་དཀར་གྱི་སྐོར་ཅུང་ཟད་ཉམས་པར་རྩོམ་པ་གཟིགས་ནས། གང་བསམ་ལག་ཏུ་མི་འགེལ་བའི་གདེངས་དང་འདུན་མ་མཐའ་རུ་འདོན་པའི་སྙིང་སྟོབས་ཀྱི་ཤུགས་བརྟན་པོས་གདུལ་བྱ་འདུལ་བའི་ཐབས་ཞི་དྲག་སྣ་ཚོགས་མཛད་པས་ཆོས་མཐུན་གྱི་འགྲིག་ལམ་ཇེ་ཞིབ་དང་ཇེ་བརྟན་དུ་སོང་སྟེ་ཚོགས་ཆོས་གྲྭའི་ཡུན་ཚད་ཞལ་འདོན་གྱི་དལ་བྲེལ། ཆོས་མཚམས་ཀྱི་སྐྱོར་སྦྱངས་སོགས་གང་ཅི་སྔ་སོར་སྒྲིག་ལམ་ཞིབ་པའི་དུས་དབྱར་དགུན་གྱི་ཉི་ཚོད་ཀྱིས་འཇལ་གྱིན་ཡོད་པ་ལྟར་སོར་ཆུད་པ་བྱུང་། གཞི་ནས་འགྲིག་ལམ་གནང་ཚུལ་གྱི་བབ་ཁྲི་ཆེན་བློ་བཟང་སྙན་གྲགས་པ་ནས་བླ་རབས་གསུམ་གྱི་གྲྭ་ཟུར་མ་ཉམས་པར་མིག་མཐོང་ལག་ཟིན་དེ་ཀ་ལ་ཆག་འཇོག་གནང་ཞིང་།དེ་སྐབས་ཀྱི་གང་ཅིའི་བྱེད་སྒོ་ཐུགས་ལ་བབས་པའི་བསྔགས་བརྗོད་ཀྱང་ཐོས་སོ། །ཕེབས་བཞུད་ཆེར་མཚན་མོ་ལ་འཐུད་བླངས་ནས་ཉིན་པར་བརྩི་བཞག་རེ་རེ་ཙམ་ཡང་མི་འཆག་པར་མཛད་པས་བསྡུས་གྲྭ་བློ་རྟགས་དབུ་ཕར་བཅས་ཀྱི་བརྩི་བཞག་ལོ་རེ་བཞིན་རྫོགས་པར་སོང་ཞིང་། དབུ་མ་ལ་སྟོད་ཆ་རྫོགས་ནས་སྨད་ཆ་ཡང་ཐལ་ཟློག་དང་བདེན་གཉིས་སོགས་ཀྱི་བར་ལོ་རེ་བཞིན་འཐུད་དགོས་པ་བྱུང་། བསྡུས་གྲྭ་བ་རྣམས་ལ་བསྡུས་གྲྭའི་འཕྲོར་གྲུབ་མཐའ་རིན་ཆེན་ཕྲེང་བ་ལོ་རེ་བཞིན་སོང་། སྲོད་ཆོས་ལ་འཛིན་གྲྭ་གོང་མ་རྣམས་ལ་རྩོད་ཡིག་ལྟར་འགྲོ་གང་ཆེ་དང་། བསྡུས་གྲྭ་བ་རྣམས་ལ་ལོ་ཕལ་ཆེར་ལ་གྲུབ་མཐའ་རྩ་བ་དང་། ཤིང་ཡོས་ལོ། རིག་པ་བདར་ཤ་མི་གཅོད་པར་རྟགས་གསལ་ཉོག་རིང་འཕེན་པའི་མིག་ལྟོས་དགག་ཆེད་བསྡུས་ཚན་མང་པོ་ནས་རིགས་བསྡུས་ཀྱི་བརྩི་བཞག་ཐུགས་ཐོག་ནས་གནང་བ་བསྡུས་གྲྭ་བ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་སྟེ་སྤྱན་འབེབས་ཞུས་པར་མཇུག་ཏུ་ཚིགས་བཅད་འགའ་ཞིག་གནང་། དེར་ཡོངས་གྲགས་ཀྱི་ཡིན་ཐག་ཆོད་མང་པོ་དགོས་པའི་དབང་གིས་མིན་སྒྲུབ་ཤ་སྟག་མཛད་འདུག་པའི་རིགས་ལམ་ཤིན་ཏུ་ངོ་མཚར་བ་དང་ཚིགས་བཅད་ཀྱི་ནང་དུ་རྣམ་པ་གཞི་མེད་ལྟ་བུ་རྫས་སྤྱི་མ་སོགས་འཕངས་ནས་བདར་ཤ་གཅོད་པ་འདི་བཏགས་དོན་བཙལ་ན་མི་རྙེད་པའི་དབུ་མའི་ལམ་གྱི་འབབ་སྟེགས་ཡིན་པར་གསུངས་པ་ལ་སྐྱེ་བོ་བློ་ཡི་ནོར་ཅན་དག་ལྡོག་ཏུ་མེད་པའི་དད་པའི་ཤུགས་ཀྱིས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། དེ་ལྟར་འཆད་ཉན་དམར་བར་མཛད་པས་རྩོད་གྲྭ་ཤིན་ཏུ་འཕེལ་ཞིང་། ཁྱད་པར་འདུལ་མཛོད་ཀྱི་སློབ་གཉེར་ཤིན་ཏུ་དམར་པ་འདི་འདྲ་སྔ་སོར་ཆོས་སྡེ་འདི་ཚུགས་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ཞེས་དགེ་བཤེས་རྒན་པ་རྣམས་མགྲིན་གཅིག་ཏུ་གླེང་། དེ་སྐབས་ཞལ་ནས་འདུལ་མཛོད་ཀྱི་བཤད་ཉན་འཕེལ་བ་འདི་ལེགས་མོད་ཀྱང་དབུ་ཕར་མ་ཉམས་པ་གལ་ཆེ། ཕྱིས་སུ་སྒོ་མང་གྲྭ་ཚང་ན་འདུལ་མཛོད་གཙོ་བོ་བྱེད་གི་འདུག་ཀྱང་སྒོ་མང་བ་དབུ་ཕར་གྱི་གྲྭ་ཚང་ཡིན་པར་གྲགས་ཆེ་བས་དགོན་པ་འདི་ཡང་དབུ་ཕར་གཙོ་བོ་བྱེད་དགོས། ལྔ་བརྒྱ་ཕྲག་བཅུའི་ལུང་གི་ལེའུའི་གོ་རིམ་སོགས་ལ་དཔྱད་པ་མང་པོ་ཡོད་པ་འདྲ་ཞེས་གསུངས་པ་ཐོས་སོ། །ཆོས་གྲྭའི་གསུང་ཆོས་ལ་ལོ་དང་པོ་གསུམ་གྱི་རིང་ལ་ལམ་རིམ་ཆུང་ངུའི་གཟབ་བཤད་ལུང་རིགས་ཀྱི་༼ཀྱིས༽བརྒྱན་ཏེ་རྫོགས་པར་གནང་། དེ་ནས་ཤིང་ཡོས་ནས་འགྲེལབ་དོན་གསལ་དང་སྡུད་པ་གཉིས་གསལ་བར་སྦྱར་ཞིང་། མདོ་རྒྱས་འབྲིང་སོགས་དང་སྦྱར་ཚུལ་དོན་ཐོབ་ཀྱིས་གོ་བ་བྱས་ཏེ། འཕགས་སེང་གི་སྣང་བ་གཉིས། རྣམ་བཤད་གསེར་ཕྲེང་སོགས་ཁོག་བསྡུར་ཏེ་ཡིག་ཆ་དུ་མའི་འཕྲོས་དང་བཅས་ཏེ་འབྱམས་བཤད་རྨད་དུ་བྱུང་བ་གནང་བས་ཐར་འདོད་རྣམས་ཀྱིས་ཤེར་ཕྱིན་གྱི་ཚིག་དོན་བལྟ་བའི་བློ་མིག་རྣམ་པར་ཕྱེ་ཞིང་ཟིན་བྲིས་ཀྱང་མི་འདྲ་བ་ལྔ་དྲུག་ཙམ་སྣང་།ཤིང་སྦྲུལ་གྱི་ལོ་འདུལ་བ་མདོ་རྩའི་བཤད་ལུང་གནང་སྟེ་ལུང་སྡེ་བཞི་འགྲེལ་བ་དང་བཅས་པ་དང་། རྒྱ་བོད་ཀྱི་འདུལ་གཞུང་སྤྱི་ཊཱིཀ་མཐའ་དཔྱོད་མཐའ་དག་གུང་བསྒྲིགས་ཏེ་དགག་བཞག་གི་སྤྲོས་པ་རྣམ་པར་བསྐྱངས་པས་ཐར་འདོད་མཐའ་དག་འདུལ་བ་འབུམ་སྡེའི་གཞུང་ལུགས་ལ་རྣམ་པར་དཔྱོད་པའི་སྒོ་ཕྱེ། གཞན་ཡང་ཆོས་གྲྭར་བཀའ་གདམས་གཞུང་དྲུག རིགས་ཚོགས་དྲུག བྱམས་ཆོས་ལྔ། པོ་ཏི་ལྔའི་རྩ་བ། འདུལ་བ་མེ་ཏོག་ཕྲེང་བརྒྱུད། འོད་ལྡན། སུམ་བརྒྱ་བ། ཆོས་ཆུང་བརྒྱ་རྩ་སོགས་ཀྱི་ལྗགས་ལུང་གནང་སྟེ་གཞུང་ལུགས་ཆེན་པོ་དེ་དག་གི་འཆད་ཉན་ནམ་ཡང་མི་ཉམས་གོང་འཕེལ་དུ་འགྱུར་བའི་རྟེན་འབྲེལ་གྱི་སྒོ་ཕྱེ་ཞིང་ཐུགས་སྨོན་ཀྱང་ནན་ཆེར་མཛད། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་ལ་རྗེའི་བཀའ་སྲོལ་ལྟར་སྐྱེས་རབས་སོ་བཞི་བ་དང་། ཀུན་མཁྱེན་གོང་མའི་བཀས་བྱམས་ཆོས་རེ་དང་བཅས་གཞུང་ཆེན་གསུམ་རེ་འཆད་དགོས་པར་སྐྱེས་རབས། མདོ་སྡེ་རྒྱན། སྤྱོད་འཇུག་གསུམ་བཤད་གཞིར་བྱས་ཏེ། ཚོམས་བྱང་ས་བསླབ་བཏུས་གསུམ་དང་སྦྱར་ཏེ་གཟབ་བཤད་རྒྱས་པར་བསྩལ་བས་བཀའ་གདམས་གཞུང་དྲུག་གི་བཤད་སྲོལ་འབྱེད་མཁན་རྒྱལ་སྲས་པོ་ཏོ་བ་དེ་ཉིད་དངོས་སུ་བྱོན་ཀྱང་འདི་ལས་ལྷག་པ་གསུང་ཚུལ་མེད་པས་འདི་ལྟ་བུའི་ཐེག་པ་མཆོག་གི་བཤེས་གཉེན་དང་མཇལ་རྒྱུ་བྱུང་བ་ནི་བདག་ཅག་སྐལ་བ་མཆོག་ཏུ་བཟང་ངོ་ཞེས་རྣམ་དཔྱོད་དང་ལྡན་པ་དག་གིས་མགྲིན་གཅིག་ཏུ་གླེང་། སྐབས་འདིར་གསུང་ཆོས་ཀྱི་དབང་གིས་འདི་ལྟར་གནང་རུང་། སྤྱིར་ཚོམས་རྩ་བ་དང་སྐྱེས་རབས་འགྲེལ་བའམ་མཚན་གཞིའམ་འཕྲོས་ཀྱི་ཚུལ་དུ་སྦྱར་ཚུལ།ས་རྒྱན་བསླབ་སྤྱོད་སོགས་ལ་ཡང་ལེའུ་སྦྱར་ཚུལ། མདོ་རྒྱས་ཁ་བསྐངས་ནས་སྦྱར་ཚུལ།དོན་ཚན་གཅིག་ལ་ཡང་མི་གསལ་བ་གསལ་བྱེད་དུ་སྦྱར་ཚུལ། མིང་འདོགས་ཚུན་ཆད་ཀྱི་ཞིབ་ཆ་དང་འཕྲོས་སྦྱར་ཚུལ་སོགས་མཐའ་ཡས་པ་ཞིག་བསྩལ་རུང་སྐབས་མ་ཡིན་ལ་ཞིབ་ཏུ་འགོད་པར་ཡང་གར་ནུས། གླིང་བསྲེའི་བཤད་པ་ལ་པོ་ཏི་ལྔ་འཆད་དགོས་པའི་འགྲིག་ལྟར་ལོ་དང་པོར་དཀའ་གནད་ལ་དོགས་གཅོད་ཀྱི་འབྱམས་བཤད་དང་། སྤྱི་ཁོག་ལ་དོན་འབྲུའི་ས་བཅད། ལོ་གཉིས་པར་རྩོམ་པ་བོ་རྣམས་ཀྱི་རྣམ་ཐར་གྱིས་ཟུར་བརྒྱན། ལོ་གསུམ་པར་ལམ་རིམ་གྱི་ས་བཅད་ཁོག་གཅིག་ཏུ་བྱས་པར་པོ་ཏི་ལྔའི་ས་བཅད་བླངས་ཏེ་གསུང་བཤད་འབྱམས་ཀླས་པར་བསྩལ། ཡང་ལོ་གཅིག་ལ་སྟོན་པའི་རྣམ་ཐར་ཐམས་ཅད་བསྟན་འབར་མའི་སྟེང་ནས་བསླབ་པ་གསུམ་གྱི་ཉམས་ལེན་དུ་བསྡུས་ཤིང་། དེ་སྟོན་པའི་སྡེ་སྣོད་གསུམ་གྱི་དགོངས་པ་འགྲེལ་བྱེད་བཀའ་པོཏ་ལྔར་བྱས་པའི་བཤད་པ་ཡ་མཚན་པ་སོགས་གཞུང་ལུགས་གདམས་པར་ཤར་བའི་རྣམ་ཐར་མངོན་སུམ་གྱི་ཡུལ་དུ་གྱུར།རིགས་གྲྭ་སོགས་སྔར་སྲོལ་མ་ཉམས་པ་གཞིར་བཞག་ལ་ངོས་གང་གཙང་གནང་ཞིང་།རྒྱུན་ཇ་རྐྱེན་ཐེག་པ་གལ་ཆེ་བར་དགོངས་ཏེ་རྒྱུན་ཇའི་ཐེབས་སུ་དངུལ་སྲང་བརྒྱ་སྦྱོར་འཇགས་གནང་སྟེ་འདེབས་ཚད་སྲང་ལ་གཞལ་བའི་སྲོལ་ཚུགས། ཆོས་རྒྱལ་གྱི་གོས་ཐང་ཁྱད་འཕགས། གནས་ཆུང་གི་གསེར་སྐུ་ཆེ་བ། ཀྭ་བར་དགུ་ཁེབས་པའི་བཟང་གོས་ཀྱི་བླ་རེ། གོས་ཆེན་བཟང་བསྒྲིགས་ཀྱི་ཀྭ་འཕན་གསེར་མགོ་མ་བརྒྱད། དངུལ་སྲང་ལྔ་བརྒྱ་སྐོར་ལས་གྲུབ་པའི་མཎྜལ་ཆེ་ལེགས་ངོས་ལ། དཀོན་མཆོག་ཐུགས་རྗེ་བདེན་མཐུས་བྱམས་མགོན་གྱི། །བསྟན་པའི་སྒོར་ཞུགས་ཐོས་བསམ་བསྒོམ་པ་ཡི། །སྒྲོན་མེས་སྲིད་ཞིའི་རྒུད་མུན་སེལ་ཕྱིར་དུ། ཕུལ་བས་འདུན་པ་གེགས་མེད་འགྲུབ་གྱུར་ཅིག ཅེས་པའི་སྨོན་ཚིག་འབུར་དོད་དུ་ཡོད་པ་སོགས་སྦྱོར་འཇགས་གནང་། འབྲུག་ལོ་གདན་ས་ཆེན་པོ་དགོན་ལུང་སྤྱི་ནས་གསོལ་བ་ནན་ཆེ་བར་བཏབ་པས་ཁྲིར་བཞུགས་ཏེ་གདན་ས་གཉིས་པོ་ཟུང་འབྲེལ་དུ་སྐྱོང་བར་མཛད། སྐྱབས་མགོན་ཐམས་ཅད་མཁྱེན་པ་དག་ཞིང་དུ་ཕེབས་ནས་དགོན་པའི་ཆོས་སྲིད་ཀྱི་ཁུར་བསྣམས་ཏེ། མཛད་སྲོལ་བཟང་པོ་མ་ཉམས་པར་བསྐྱངས་པས་འཁོར་ལོ་གསུམ་གྱི་བྱ་བ་སྤྱི་དང་ཁྱད་པར་བཤད་སྒྲུབ་ཆོས་ཀྱི་བང་མཛོད་ཅུང་ཟད་ཀྱང་ཉམས་པ་མེད་པར་རྡོ་རྗེ་འཆང་གི་གསང་མཛོད་འཕགས་པ་ལག་ན་རྡོ་རྗེ་ལ་གཏད་པའི་རྗེས་སུ་འགྲོ་བ་མཛད། སྐྱབས་མགོན་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མྱུར་སྟོན་གྱི་ཆེད་དུ་ཁྲོ་བཅུ་བྱེ་ཆེན། ཡ་མ་རཱ་ཛ་དུང་ཕྱུར། མགོན་ཆོས་ཀྱི་བསྐང་བ་འབུམ་ཐེར། ལོ་རེ་བཞིན་སྒྲོལ་མ་འབུམ་ཐེར་གསེར་ཁང་ཆེན་མོ་སོགས་སུ་མཎྜལ་བཞི་བ། གཟིམས་ཆུང་དུ་འབུམ་སྟོད་ཇོ་བོའི་དྲུང་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད། བཀའ་འགྱུར་དག་ཚར། མགོན་པོའི་ཞི་རྒྱས་དང་བར་ཆད་སེལ་བའི་གཏོར་སྒྲུབ། ལྕགས་མཁར་ཆེན་མོ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་སོགས་ཆག་མེད་དུ་བསྒྲུབས་ཤིང་མ་འོངས་མངོན་སུམ་དུ་གཟིགས་པའི་འབྲས་རྟགས་འཁྲུལ་མེད་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་ཀྱང་ཞིབ་པར་བྲིར་མི་ལང་ལ་གཞན་དུ་ཡང་ཤེས་པར་འགྱུར་རོ། །ས་རྟའི་ལོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་ཉིད་མི་འཇིགས་སེང་གེའི་ཁྲི་ལ་བཀོད་དེ་བསྟན་པའི་བདག་པོར་མངའ་གསོལ་ཞིང་ཚུལ་འདི་ནི་མཁས་གྲུབ་སྨྲ་བའི་ཉི་མས། མདོར་ན་ཡབ་རྗེ་དམ་པའི་བཀའ། །རྒྱལ་བའི་རིང་ལུགས་ཡོངས་རྫོགས་པ། །ཉམས་པ་མེད་པའི་བཀའ་དྲིན་མཛད། །ཕན་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བསྔགས་པ་དང་ཆ་མཚུངས་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་ཅིང་བཀའ་དྲིན་གཞལ་དཀའ་བར་ཤེས་པར་གྱིས་ཤིག སྐབས་དེ་དག་ཏུ་འཁོར་ལོ་གསུམ་གྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་ཞར་ལ་སྔ་ཕྱིབསྡོམས་པར་སྒྲུབ་ཐབས་བརྒྱ་རྒྱ་མ་གཉིས། མགོན་པོ་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ། སྒྲོལ་མ་ཉེར་གཅིག ས་སྐྱའི་གསེར་ཆོས་བཅུ་གསུམ། སྣར་ཐང་བརྒྱ་རྩ་སོགས་ཀྱི་རྗེས་གནང་། འཇིགས་བྱེད་དཔའ་ཅིག བདེ་མཆོག་ལཱུ་ནག་དྲིལ་གསུམ། ཐུགས་རྗེ་ཆེན་པོ། ཚེ་དཔག་མེད་ལྷ་དགུ། བཀའ་གདམས་ཐིག་ལེ་བཅུ་དྲུག ནམ་མཁའ་སྒོ་འབྱེད་སོགས་ཀྱི་དབང་། གཞན་ཡང་ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་ལུང་དང་བཅས་པ། དཔག་བསམ་འཁྲི་ཤིང་། བཀའ་གདམས་གླེགས་བམ། མི་ལའི་རྣམ་མགུར། རིགས་ཚོགས་དྲུག བྱམས་ཆོས་སྡེ་ལྔ་སོགས་ཀྱི་ལུང་། གཞན་ཡང་གདུལ་བྱ་རང་རང་ལ་གང་མཁོ་བའི་འདོད་ཆོས་ཀྱིས་སོ་སོའི་རེ་བ་འཕྲལ་དུ་སྐོང་བ་དང་རབ་བྱུང་བསྙེན་རྫོགས་ཀྱི་དངོས་པོ་དོན་དུ་གཉེར་བ་ཐག་ཉེ་རིང་ནས་བར་མ་ཆད་ལྟ་བུ་འོང་བ་ལ་འཕྲལ་དུ་རེ་བ་སྨིན་པར་མཛད་པ་སོགས་ནི་བསྟན་འགྲོའ ་ིདོན་ལ་སྐྱོ་ངལ་མི་མངའ་བའི་རྣམ་པར་ཐར་བའོ། །བཀའ་རྩོམ་གྱི་རིམ་པ་ཡང་ལེགས་བཤད་སྙིང་པོའི་མཆན། རྟེན་འབྲེལ་གྱི་མཐའ་དཔྱོད། རྣམ་ཐར་སྒོ་གསུམ་གྱི་མཐའ་དཔྱོད། དམིགས་བརྟག་གི་འགྲེལ་བ་རྒྱས་བསྡུས་གཉིས།བདེན་བཞིའི་རྣམ་བཤད། ལྟ་ཁྲིད་ཀྱི་ཟིན་བྲིས། ཕྱག་ཆེན་གྱི་ཟིན་བྲིས། སྐྱབས་མགོན་ཐམས་ཅད་མཁྱེན་པའི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས། རིག་བྱེད་མའི་བསྟོད་འགྲེལ། ཀུན་གཞིའི་མཐའ་དཔྱོད་རྒྱས་པ། མི་འཁྲུགས་པའི་སྒྲུབ་དཀྱིལ་ཆ་ཚང་། བཀའ་རྩོམ་ཐོར་བུའི་སྐོར་སོགས་མང་དུ་མཛད་ཅིང་སྤེལ་བཞིན་པའོ། །དེ་ལྟར་ཆོས་སྲིད་གཉིས་ཀྱི་སྒོ་ནས་སྐྱབས་མགོན་དམ་པ་དེ་ཉིད་ཀྱི་འཕྲིན་ལས་ཀྱི་སྲོལ་མ་ཉམས་པར་བསྐྱངས་ཏེ། ཕ་ནོར་གཉེན་ལ་བཅོལ་བ་འབོགས་པ་བཞིན་དུ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་སེང་གེའི་ཁྲི་ལ་མངའ་གསོལ་བ་ན་རེ་ཞིག་གདན་སའི་ཁུར་བཞག་སྟེ་ལོ་ཁ་ཤས་ཀྱི་རིང་ལ་མདོ་སྨད་ཀྱི་བཤད་གྲྭ་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུར་གྱུར་བ་དགོན་ལུང་བྱམས་པ་གླིང་དུ་རིགས་པ་དང་གྲོལ་བར་སྨྲ་བའི་དགེ་འདུན་གྱི་སྡེ་རྣམས་འཁོར་ལོ་གསུམ་གྱི་སྒོ་ནས་སྐྱོང་བར་མཛད།དེ་ནས་ཟུར་བཞུགས་མཛད་དེ་ད་ལྟ་འཁོར་ལོ་གསུམ་གྱི་སྒོ་ནས་སྔོན་བྱོན་དམ་པའི་རྣམ་ཐར་བདག་གིར་བཞེས་ཏི། ཞབས་པད་རྡོ་རྗེའི་རང་བཞིན་དུ་བརྟན་པར་བཞུགས་བཞིན་པ་ལགས་སོ། །རྗེ་འདི་ཉིད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཐུན་མོང་བ་སྤྱི་སྡོམ་ཙམ་ཞིག་བཀོད་པ་ཡིན་གྱི་རྒྱས་པར་གཞན་དུ་ཤེས་པར་འགྱུར་རོ། །ལར་བདག་གིས་ལས་སྨོན་བཟང་པོའི་དབང་གིས་སངས་རྒྱས་དངོས་ཀྱི་བླ་མ་དུ་མའི་ཞབས་པད་བསྟེན་ཅིང་དེ་དག་གི་གསང་བ་གསུམ་གྱི་རྣམ་པར་ཐར་པ་ལ་ལོག་ལྟ་མ་སྐྱེས་ཙམ་དུ་ཡོད་ཅིང་། མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར། སོ་སོའི་མཛད་པའི་བབ་ལས་རྗེས་སུ་དཔག་པ་དང་། གསུང་གི་ཟུར་ལས་ཐོས་པ་དང་། མིག་གིས་མངོན་གསུམ་དུ་མཐོང་བ་ལ་ཡང་ཐུན་མོང་མ་ཡིན་པའི་གཏམ་གྲེ་བར་བསྐྱིལ་མི་བཟོད་པ་མང་དུ་མཆིས་ཀྱང་གཞན་གྱི་བློར་ཤོང་དཀའ་བས་མ་བྲིས་ལ། སྣང་ཚོད་ཙམ་གྱི་རྣམ་པར་ཐར་པ་ཉུང་ངུ་རེ་བརྗོད་པ་འདི་དག་རྨོངས་ཞེན་དང་ཕྱོགས་ལྷུང་གིས་མིན་གྱི་གང་གིས་མཐོང་ཞིང་ཐོས་པ་དེ་དག་གིས་དམ་པའི་རྣམ་ཐར་ལག་ལེན་དུ་ཐེབས་ཏེ་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་ནམ་ཡང་འགྲོ་བར་མ་གྱུར་ཅིག་གུ་སྙམ་ནས་བྲིས་པ་ལགས་སོ།

                         རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།