བླ་བྲང་གདན་རབས་བཅོ་བརྒྱད་པ་རྗེ་རབ་བརྟན་རྒྱ་མཆོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-23 11:07:36     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  


          གདན་རབས་བཅོ་བརྒྱད་པ་མདོ་སྔགས་སྨྲ་བའི་དབང་ཕྱུག་རབ་བརྟན་རྒྱ་མཚོ་བ་ནི། ཀླུ་ཤོད་ཕྱོགས་ཀྱི་གཡི་ཞེས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལ་འཁྲུངས། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་བསྡུས་གྲྭ་གསན། ཁ་དོག་དཀར་དམར་གོང་དུ་ཕེབས་སྐབས་འཛིན་གྲྭའི་སྐྱོར་དཔོན་བརྗེ་དགོས་བྱུང་སྟེ། དགེ་བསྐོས་རབ་འབྱམས་པ་གླིང་དོན་གྲུབ་རྒྱ་མཚོས་ཁྱེད་རང་སྐྱོར་དཔོན་གྱིས་ཟེར། ང་ལ་རྟགས་གསལ་མ་ཆགས་པས་སྐྱོར་དཔོན་མི་ཕེར་ཞུས་པར། ཁྱོད་ལ་སྡེ་ཁྲི་རིན་པོ་ཆེས་སྐྱོར་དཔོན་གྱིས་གསུངས་པ་ཡིན་ཟེར། སྡེ་ཁྲི་རིན་པོ་ཆེའི་སྐུ་མདུན་དུ་མཇལ་ནས་སྔར་ལྟར་ཞུས་པ་ལ། སྐྱོན་མེད་རྟགས་གསལ་མྱུར་དུ་གོ་ཡོང་། སྐྱོར་དཔོན་གྱིས་ད་ང་བཟང་གསུངས་པ་ལྟར་མ་འགྱངས་པར་རྩོད་པ་བཟང་ཤོས་ཀྱི་གྲས་སུ་ཆུད་ཅིང་། དཀའ་རམས་འཛིན་གྲྭར་ཐོན་ནས་ཀྱང་ལོ་བདུན་ཏེ། ལོ་བཅུ་བདུན་གྱི་རིང་ལ་སྐྱོར་དཔོན་མཛད་པས་ཐལ་ཕྲེང་ཚང་མ་ཐུགས་འཛིན་གྲུབ། འགྲེལ་བ་དོན་གསལ་རྒྱུན་གྱི་ཞལ་འདོན་ལྟ་བུར་སྐྱོར་སྦྱངས་མཛད་པས་ཤིན་ཏུ་བྱང་སྟེ་མེ་ཤིང་གི་རྗེས་སུ་ལྷ་ཆབ་ཏུ་འགྲོ་སྐབས་སུ་ཡང་ལམ་ཞོར་ནས་ཚར་གཅིག་འགྲོ་བ་འདུག་ཅེས་ཞལ་ནས་གསུངས། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་མཛད་ཅིང་རྒྱུད་པ་གྲྭ་ཚང་དུ་གསང་སྔགས་ལ་ཡང་ལེགས་པར་སྦྱངས།སྨན་དང་རྩིས་ལ་གཟིགས་འདོད་ཆེ་བར་བྱུང་སྟེ་ཞིབ་ཏུ་བསླབ་ཅིང་། ཞར་ལ་སྲུང་འཁོར་གྱི་རིགས་སོགས་ལག་ལེན་གཞན་མང་པོ་ཡང་ཉམས་འོག་ཏུ་ཆུད་པ་མཛད་པས་གཞན་ཕན་ཁྱབ་བདལ་དུ་བྱུང་། ལྕགས་མཁར། གཏོར་སྒྲུབ། རབ་གནས། སྦྱིན་སྲེག་སོགས་དང་། གཞན་ཡང་གཏོར་མའི་བཅའ་བཟོ། རྒྱུད་སྡེ་སོ་སོའི་དཀྱིལ་འཁོར། མཆོད་རྟེན་བརྒྱད་དང་ལྟོ་འཕྱེའི་ཐིག་སོགས་མཐོང་བརྒྱུད་མ་ཉམས་པའི་ཁུངས་ལྡན་ཤ་སྟག་ཞུན་ཐར་བཅད་ནས་བསླབས་པས་ཕྱག་ལེན་ལ་མཁས་པའི་ཚད་དུ་གླེང་། ཞལ་ནས། སྨད་རྒྱུད་པའི་གཏོར་ཆེན་བྲག་རི་མའི་མེ་རི་དྲ་ཚུལ་མི་མཐུན་པ་འགའ་འདུག་པ་ཡིད་མ་ཆེས་ནས་ཕུན་ཚོགས་བསྟན་འཛིན་པའི་མདུན་ནས་བསླབས་པ་ཡིན། ལྕགས་མཁར་གྱི་ལི་ངྐ་བྲི་ཚུལ་སྣ་ཚོགས་བྱེད་པ་མཐོང་ནས་སྒོམ་པ་རིན་ཆེན་བསྟན་འཛིན་གྱི་དྲུང་ནས་ལེགས་པར་བསླབས་ཞེས་གསུངས་ཏེ་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་རྣམ་ཐར་དུ་སྣང་། དུས་འཁོར་གྲྭ་ཚང་གསར་ཚུགས་ཀྱི་ཆོས་ཐོག་གཉིས་པར་རྡོ་རྗེ་འཛིན་པར་བསྐོས། དེ་སྐབས་སྐྱབས་མགོན་མཆོག་ནས་རྩེ་གཞུང་དུ་སྐམ་པའི་ཧྭ་མོ་ཆེ་ཟེར་བའི་ས་དཔྱད་མི་ལེགས་པ་ཞིག་ཡོད་པ་དེར་ཁྱེད་རང་ཕེབས་ནས་མཆོད་རྟེན་རྩིག་དགོས་ཞེས་བཀའ་བབས་ལྟར་དེར་ཕེབས།རྒྱུས་ཡོད་རྣམས་ནས་ས་འདི་ཤིན་ཏུ་རྩུབ་ཅིང་ལྷག་དོན་བླ་ཆེན་གྱི་རིགས་མང་པོས་ཐང་སྒར་ཙམ་བཟུང་ན་ཡང་གནམ་དགྲ་སོགས་ཀྱིས་སྡོད་མི་སྟེར་བ་ཞིག་ཡོད་པས་ས་འདུལ་བྱེད་རྒྱུ་ཡོན་ཏན་པ་གཞན་ལ་བཅོལ་ན་དགའ་ཞེས་ཞུས་པ་ལྟར་གཞན་འགའ་ཞིག་གིས་ས་འདུལ་བྱེད་རྩིས་ཡོད་པ་དཔོན་བཱེ་སི་བཱ་ཐུར་དཱའི་ཆིང་གིས་གསན་ནས། ས་འདི་གཙེས་༼གཙོས༽རྭ་ཞིག་བཙུགས་པས་ཐུལ་མི་ཡོང། ལྷོ་འཕྱེའི་ཐིག་འདེབས་དགོས། རྒྱལ་བ་རྡོ་རྗེ་འཆང་དང་རྗེ་རིན་པོ་ཆེ་གཉིས་འཕྱུག་སོང་ན་བྱེད་ཐབས་མེད། ཅེས་གསུངས་པ་ལྟར། རྗེ་འདིས་ས་བསླང་དང་ལྟོ་འཕྱེའི་ཐིག་འདེབས་པ་ནས་བཟུང་རབ་གནས་ཀྱི་བར་ཆོ་ག་ཐམས་ཅད་མ་ཚང་བ་མེད་པར་བསྒྲུབས་ཏེ་དཔྱད་ངན་གྱི་མི་ཤིས་པ་བསལ་ནས་དགེ་མཚན་གྱི་སྒོ་འཕར་ཡངས་པོར་མཛད་ཅིང་། ཕྱོགས་དེའི་གཞི་བདག་རྣམས་ནས་ཀྱང་མཐུན་རྐྱེན་ལེགས་པོ་བསྒྲུབས་སོང་ཞེས་ཞལ་ནས་གསུངས། མཆོད་རྟེན་འདི་ལྟར་རྩིག་དགོས་པར་དཔོན་གོང་མ་ན་རིམ་གྱི་དུས་རྒྱལ་བ་ཡབ་སྲས་གོང་མ་རྣམས་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པའི་གསུང་རྒྱུན་དཔོན་གོང་མའི་མདུན་ན་འདོན་སེང་ཆེན་ལྟ་བུ་དག་གིས་གླེང་བ་མངོན་སུམ་གྱི་ཡུལ་དུ་གྱུར་ཀྱང་། དུས་ཕྱིས་རྨོངས་པ་མང་པོས་འགྲོ་བའི་འདྲེན་པར་བཀུར་བ་ཞིག་གིས་སྐམ་པའི་ཧྭ་མོ་ཆེ་མཆོད་རྟེན་གྱིས་བཅད་པས་སོག་ཡུལ་གྱི་ནད་བདག་གི་ལམ་ཆད་དེ་ཡུལ་འདིར་གནས་ནས་ནད་ཡམས་སོགས་འཚུབ་པོ་བྱུང་བ་རེད་པས་འདི་བཤིག་ན་དགའ་ཞེས་གསུངས་པར་གྲགས། དེ་ནི་མ་བརྟགས་པའི་བབ་ཅོལ་བྱུང་རྒྱལ་དུ་སྨྲ་བར་ཤེས་སླ་མོད། འོན་ཀྱང་སྐུ་གསུང་ཐུགས་རྟེན་བཞེངས་ན་ནད་ཡམས་འཚུབ་ལ། མཚམས་མེད་ལྔ་དང་ཉེ་བའི་མཚམས་མེད་ལྔ་སོགས་བྱས་ན་བདེ་སྐྱིད་འབྱུང་བའི་གཏམ་སྨྲ་བ་སོགས་འདི་འདྲའི་མི་དགེ་བའི་བཤེས་གཉེན་ལ་ཚད་མར་འཛིན་མཁན་མང་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་དཔུང་རྒྱས་པའི་ངང་ཚུལ་དུ་ཤེས་པར་གྱིས་ཤིག དེ་ནས་དུས་འཁོར་གྲྭ་ཚང་གི་ཁྲིར་ཕེབས་ཏེ། འཆད་ཉན། འགྲིག་ལམ།འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་ཐམས་ཅད་ལ་གྲྭ་ཚང་གསར་ཚུགས་ཀྱི་བབ་དང་བསྟུན་པའི་རྟིང་བསྐུལ་ཐབས་མཁས་པོ་གནང་བས་གྲྭ་ཚང་ལ་ཆོས་སྲིད་ཀྱི་ཚུགས་ཟིན་ངེས་བྱུང་།སུ་ཉིད་གཡོན་རུའི་ཐའི་ཇི་ལས་སྐྱབས་ཅན་ནས་ཡུལ་ཕྱོགས་ལ་ཕན་ཐོགས་ངེས་ཀྱི་བླ་མ་ཞིག་ཐུགས་རྗེས་གཟིགས་དགོས་ཞེས་ཞུ་ནན་མ་བཟློག་པས་སྐྱབས་མགོན་མཆོག་ནས་བཀའ་བབས་པ་ལྟར་དེ་ཕྱོགས་སུ་བྱོན། དེར་ཡང་ཆར་འབེབས། ཆར་གཅོད། རྩིས། སྨན་དཔྱད། གསུང་བརྟག་སོགས་གང་ཅི་ནས་གཞན་ཕན་ཆེ་བར་བྱུང་ཞིང་། ཁྱད་པར་དུ་སྔ་ཕྱིར་དུས་འཁོར་གྱི་དབང་ལན་གསུམ་དང་། བདེ་གསང་འཇིགས་གསུམ་སོགས་དབང་དང་རྗེས་གནང་དུ་མ་བསྩལ་བ་དང་། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་བརྒལ་བ་བསྒྲུབས་ཏེ་མཐའ་འཁོབ་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་སྲོལ་རྒྱ་ཆེར་དར་བར་མཛད་པ་ནི་རྣམ་པར་ཐར་པ་ཤིན་ཏུ་རྨད་དུ་བྱུང་བའོ། །ལྕགས་བྱིའི་ལོ་དགོན་པར་ཕེབས་ཏེ་སྐྱབས་མགོན་མཆོག་ཚོགས་དབུར་སྤྱན་དྲངས་ནས་དངུལ་སྲང་ཆིག་སྟོང་སོགས་བདོག་པའི་དངོས་པོ་གྱ་ནོམ་པའི་མཆོད་སྤྲིན་བསྟར།འདུ་ཁང་དུ་རྗེ་གོང་མའི་སྐུ་གསེར་ཟངས་ལས་བཞེངས་པ་མི་ཚད་ཙམ་སོགས་གྲྭ་ཚང་སྤྱི་སྒེར་ལ་བབ་འོས་ཀྱི་གསར་འཇོག་དང་བཅས་དངུལ་སྲང་འགྱེད་ཕུལ་ཏེ་འབྲེལ་ཚད་དོན་ལྡན་དུ་འགྲོ་བའི་བསྔོ་སྨོན་ཞུ་བ་གནང་། བར་སྐབས་སུ་རོང་བོ་དགོན་བཀྲ་ཤིས་ཆོས་རྫོང་གི་ཁྲི་བ་ཡང་མཛད་ཅིང་། དགུང་ལོ་རེ་གཅིག་པ་ཆུ་ཡོས་ལོ་ཚོགས་ཆེན་གྱི་ཁྲིར་ཞབས་པད་བཀོད་དེ་འཆདཉནསོགས་མ་ཉམས་མཛད། ཞལ་ནས། ངེད་སྔ་མོ་ཧ་ཅང་འཛིན་བཟང་གི་གྲས་མིན་ཀྱང་དེང་སང་བརྩི་བཞག་སོགས་ལ་དཀའ་ཚེགས་ཆེར་མི་དགོས་པ་ནི་དམིགས་བརྩེ་མ་མང་དུ་བཏོན་པའི་ཐུགས་རྗེ་ཡིན་གསུངས་ཏེ། གསུང་འཕྲོས་སོགས་ཀྱི་ཞར་ལ་ཚར་རེ་གཟིགས་ཙམ་གྱིས་ཆོག་པ་ཀུན་ལ་མཐུན་གྲུབ་ཏུ་བྱུང་། དེ་སྐབས་སྐྱབས་མགོན་མཆོག་ནས། རིགས་གྲྭའི་གཏོང་སྒོ་ཧ་ཅང་ཆེ་བ་འདི་སླར་གྲྭ་ཚང་གི་འཆད་ཉན་ལ་གནོད་པའི་ཉེན་འདུག་པས་རིགས་གྲྭའི་འགྱེད་ཆེ་བ་རས་ལོ་རེ་དང་བཅས་འགྱེད་སྣ་གསུམ་དང་བླ་མ་གྲོང་ཆོག་ལ་མ་ཕེབས་པར་བརྩི་བཞག་ཆག་མེད་དགོས་པའི་བཀའ་རྒྱ་འཇོག་བཞེད་ཀྱིས་གྲྭ་སློབ་སྤྱི་ལ་འདམ་ཀ་བཏང་བར། ཐར་བ་དོན་གཉེར་བ་རྣམས་ཆོས་ཁོ་ན་ལ་འདུན་པའི་ཐུགས་བཞེད་ཟླ་ཤེལ་གྱི་དཀྱིལ་འཁོར་མངོན་དུ་གྱུར་ཀྱང་། སྤྱང་གྲུང་གི་ཁུར་འཛིན་རྣམས་ཆོས་སྲིད་ཟུང་ལ་འདུན་པའི་སྒྲ་གཅན་གྱིས་བསྒྲིབས་ཏེ་སྤུ་བྲང་ལག་པས་མི་ཐེག་པ་དང་། བུབས་རྐྱལ་ཆུ་ཐུབ་པ་གཉིས་ཀ་ཡོང་མིན་གྱི་དབྱེ་འབྱེད་མ་བྱུང་བར་བརྟེན།བརྩི་བཞག་འཆག་མེད་ཀྱི་ཞར་ལ་ཐག་ཉེ་རིང་གི་གཤིན་བསྔོར་མཚན་འགྲོས་ཀྱི་དཀའ་ཚེགས་ལ་དགུང་ལོ་མཐོ་ཤོས་དེ་ལྟར་ཕེབས་ཀྱང་ཐུགས་སུན་པའི་རྣམ་པ་ཅུང་ཟད་ཀྱང་མི་མཛད་པ་ནི་བསྟན་འགྲོའི་དོན་ལ་སྐྱོ་ངལ་མེད་པའི་རྣམ་ཐར་དུ་སྣང་། ལར་ཆོས་སྡེ་འདི་ཀའི་གདན་རབས་རིམ་བྱོན་རྣམས་ནས་གཞན་གྱིས་དུས་གཅིག་ལ་སྒྲུབ་དཀའ་བའི་ཚོས་སྲིད་ཀྱི་བྱ་བ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུའི་ཁོང་ནས་འཆད་ཉན་གྱི་ཉིན་བྱེད་ལ་བྲི་གང་གཏན་ནས་མེད་པའི་སྲོལ་མ་ཉམས་པ་མཛད་པར། གཞན་ཕར་ཞོག ཐ་ན་ཆོས་ཐུན་གཅིག་གིས་བརྩི་བཞག་ལ་འཛིན་གྲྭ་རེར་ཤོག་ཕྱེད་རེ་ཙམ་བཏང་ན་ཡང་གུང་ཞོག་གཉིས་ལ་དཔེ་ཤོག་བཅུ་གསུམ་རེ་ཙམ་འགྲོ་ཞིང་། སྲོད་ཆོས་ཡོད་ཚེ་དེ་ལས་ཀྱང་མང་བར་འགྲོ་བས་བསྔགས་པའི་གནས་སོ། །ཤིང་འབྲུག་ལོ་སྐྱབས་མགོན་མཆོག་དབུས་སུ་འབྱོན་ཁར་དབུ་གདུགས་སེར་པོ་ཞིག་དང་། འབོག་ལྕག་ཆ་བཅས་གནང་ནས་ཕྱིན་ཆད་སྨོན་ལམ་གསུང་ཆོས་སོགས་ཀྱི་སྐབས་གདུགས་བཟུང་ཆོག་པའི་སྲོལ་བཏོད་པ་ཡིན། ངེད་དབུས་གཙང་ནས་ཕྱིར་མ་འཁོར་གྱི་བར་ལ་དགོན་པའི་ཆོས་སྲིད་ཀྱི་ཁུར་ཁྱེད་ནས་འཛིན་དགོས་ཞེས་བསྩལ་བ་ལྟར་བྱ་བཞག་ཆེ་ཆུང་ཐམས་ཅད་ལ་བཀའི་དྲང་ཐིག་གིས་ཐེབས་པས་ཆོས་སྲིད་གང་ནས་ཀྱང་སྒོར་ཁྱིལ་ལེ་བ་བྱུང་ཞིང་། ཁྱད་པར་དེང་སང་སྐྱབས་མགོན་རིན་པོ་ཆེ་ཐག་རིང་ན་བཞུགས་པ་སོགས་ཀྱིས་དགོན་པར་ཉམས་ཚད་རིགས་ཡོང་ཤས་སུ་འདུག་པས། ངས་ཉིན་མཚན་གཉིས་ཀར་རིམ་གྲོ་འབད་འབད་བྱེད་ཀྱིན་ཡོད་ཅེས་གསུངས་ཤིང་། མཚན་མོ་ཙོག་བུའེ་སྦྱངས་ཡན་ལ་གནས་ནས་ཞལ་འདོན་འབའ་ཞིག་མཛད་ཕྱག་ཕྲེང་བཞི་ལ་རྒྱུན་དུ་གྲངས་གསོག་མཛད་པ་མིག་གིས་མཐོང་། འཕྲལ་སྣང་ལ་ཐུགས་ཤིན་ཏུ་འཇམ་པས་དྲུང་འཁོད་ཚོ་ལ་ཡང་སྤྱན་ལོག་ཙམ་གྱིས་གཟིགས་པ་མི་མཛད་ཅིང་། ཐབས་མཁས་པ་དང་། ངང་ཚུགས་ཤིན་ཏུ་བརྟན་པས་ཐུགས་ལ་དགོངས་པའི་བྱ་བྱེད་ཐམས་ཅད་གཞན་དབང་དུ་ཅུང་ཟད་ཀྱང་མ་ཤོར་བ་ཞིག་རང་ཤུགས་ཀྱིས་འགྲིག་འོང་བ་དང་། གསུང་གླེང་ཕལ་ཆེར་རྒྱུས་མེད་ཀྱིས་ཉན་ན་རྩེད་མོ་གསུངས་པ་ལྟ་བུ་ཞིག་ཡིན་ཀྱང་། ཞིབ་ཏུ་བརྟགས་ན་སེམས་ལ་བཅང་དགོས་པའི་གསུང་རུས་པ་ཅན་ཤ་སྟག་ཡིན་པས། ཐུགས་ཀྱི་གཏིང་ལོན་དཀའ་ཞེས་བྱ་བཞག་མཁན་དག་གིས་རྒྱུན་དུ་དོགས་ཟོན་བྱེད་པར་སྣང་། ཞལ་ནས་ཀྱང་། བྱ་བ་རྒྱ་ཆེན་པོའི་རིགས་སྒྲུབ་དགོས་བྱུང་ཚེ་ཕྱི་ལྷོད་ཅིང་ནང་གྲིམ་པ་ཀུན་དང་མཐུན་པ་ཞིག་བྱས་ན་སྒྲུབ་སླ་ཞིང་འཕྲལ་དུ་མཛེས་ལ་ཕུགས་བརྟན་པ་ཞིག་འོང་། ས་པཎ་གྱིས། འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ། །ཞེས་གསུངས་པ་ཡང་དེ་འདྲ་ལ་དགོངས་པ་ཡིན་གསུངས། དེ་ནས་དགུང་ལོ་རེ་ལྔ་བ་མེ་ལུག་གི་ལོ་ཁྲིའི་དགོངས་པ་ཞུས་པར།སྐྱབས་མགོན་མཆོག་ནས་ད་དུང་ལོ་རེ་གཉིས་ལ་བཞུགས་དགོས་པ་འདྲ་ཞེས་གསུངས།ཁོ་བོ་ཞེ་གཅིག་ནས་རེ་ལྔའི་བར་ལ་དགོན་པ་འདིའི་ལས་སྣེ་ཁོ་ན་བྱས་ནས་རྒས་ཚུལ་སོགས་ཞུས་པར་ནན་ཆེས་ན་ཐུགས་དགོངས་ལྟར་ལས་མེད་གསུངས་ནས་དགོངས་པ་དགྱེས་བཞིན་དུ་གནང་། དེ་སྐབས་ཞལ་ནས། ད་ཕྱིན་ཆད་ཚོགས་མགོ་ཙམ་ལ་ཡང་འགྲོ་རྒྱུ་མིན། ཁ་འདོན་ཡང་བྱེད་རྒྱུ་མིན། འདོན་ལོང་ཡང་ཆེར་མི་འདུག སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་ལ་མཎྜལ་རེ་ཕུལ་ནས་ཉལ་རྒྱུ་ཡིན་ཞེས་གསུངས། ཇི་ལྟར་གསུངས་པ་ལྟར་འགོལ་བཞུགས་མཛད་ནས་ཐུགས་དམ་གོང་འཕེལ་དུ་བཞུགས་པ་ལས།དགུང་ལོ་རེ་བརྒྱད་པ་ལྕགས་ཁྱིའི་ལོ་གྲང་རླུང་གི་བསྙུང་གཞི་ཞིག་ཡོད་པ་ལྕི་བར་སོང་ནས་སྨན་དཔྱད་རིམ་གྲོ་གང་ཡང་ཕན་ངོ་མ་བྱུང་བས་ཧོར་ཟླ་བརྒྱད་པའི་ཚེས་ཉེར་དྲུག་གི་ཉིན་སྐྱབས་མགོན་མཆོག་གཟིམ་ཁང་དུ་གདན་འདྲེན་ཞུས། སྐྱབས་མགོན་མཆོག་ནས་ཀྱང་སྔར་དགོན་པར་ཕན་འདོགས་ཆེ་བ་སོགས་ཀྱི་དགྱེས་པའི་གསུང་དུ་མ་དང་། ད་དུང་ཡང་དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་བ་ཤུགས་དྲག་པོས་ཀུན་ནས་བསླང་སྟེ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་མ་དག་པའི་ཞིང་དུ་ཕྱིན་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་རྒྱལ་བས་བསྔགས་པའི་ལམ་རྣམ་པར་དག་པ་ལ་འགོད་ནུས་པར་གྱུར་ཅིག ཅེས་པའི་སྨོན་ལམ་ཐུགས་ལ་འཛིན་དགོས་ཞེས་གསུངས་པར། དེ་ལྟར་འགྲུབ་པའི་སྐྱབས་འཇུག་ཐུགས་རྗེས་གཟིགས་དགོས་ཞེས་ཞུས། དེ་ནས་བཟུང་སྟེ་གསུང་གང་ཡང་མི་ཕེབས་པར་གང་ཅིའི་བྱེད་སྒོ་ཐམས་ཅད་ཕྱག་བརྡ་འབའ་ཞིག་གནང་།དེའི་ཕྱི་ཉིན་ཞོགས་ཀར་ཡང་ཕྱག་བརྡ་གནང་ནས་ཐུགས་དམ་རྒྱུན་བསྟར་གྱི་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དང་། ཚ་ཚ་འདེབས་རྒྱུ་དང་། བརྒྱ་རྩ་ཤོམས་སོགས་གསུངས་ནས་མ་ཆག་པ་མཛད། ཉི་མ་ཡོལ་ཙམ་ན་ཕྱག་བརྡ་གནང་སྟེ་གདན་ཁ་གང་མ་གཅིག་གི་སྟེང་དུ་གདིང་བ་བཏིང་། དེར་གདན་འདྲེན་བཅུག སྐུ་ཆོས་དང་སྣམ་སྦྱར་སྒྲོན་དུ་བཅུག ཞབས་སྐྱིལ་ཀྲུང་དང་ཕྱག་མཉམ་བཞག་མཛད་ནས་ཐུགས་དམ་གོང་འཕོ་མཛད་དེ་རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་སོ། ། 

                                                        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།