བླ་བྲང་གདན་རབས་བཅུ་བདུན་པ་རྗེ་བསོད་ནམས་གྲགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-23 10:17:27     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

 

         གདན་རབས་བཅུ་བདུན་པ་ལུང་དང་རྟོགས་པའི་གཏེར་མཛོད་ཁྲི་ཆེན་བསོད་ནམས་གྲགས་པ་ནི་ཧལ་ཧ་དང་ཅུན་གར་གཉིས་འཁྲུགས་པའི་སྐབས་ཧལ་ཧའི་མི་འགའ་མཚོ་སྔོན་ཕྱོགས་སུ་འོང་སྟེ་མེརྒན་དཱའི་ཆིང་གི་རུ་སྡེའི་ཁྲོད་དུ་འབྲོག་གཞི་བཟུང་བའི་རྒྱུད་ཅིག་ཏུ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལ་འཁྲུངས། ཆུང་ངུའི་དུས་ནས་མ་ཅིག་གི་བདུད་གཅོད་ལ་ཐུགས་ཞེན་ཤིན་ཏུ་ཆེ་བས་ཁྲོས་ནག་ལྷ་ལྔའི་དབང་གསན་ཅིང་ལུས་སྦྱིན་མ་ཆག་པ་མཛད། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་བསྡུས་གྲྭའི་ཚེག་བཞག་ཐོག་མར་གསན་ཅིང་། འབེ་བསྟན་འཛིན་རྒྱ་མཚོ་ཟེར་བའི་དགེ་བཤེས་ལྟ་བའི་གནད་འཁྲུལ་བ་མེད་པ་དགའ་འཇིགས་ཀྱི་ཉམས་དང་བཅས་ཏེ་ཤར་བས་རྗེས་ཐོབ་ཏུ་ཡང་སྒྱུ་མ་ལྟ་བུའི་སྣང་བ་རྒྱུན་དུ་འཆར་བ་ཞིག་ཡོད་པ་དགེ་རྒན་དུ་བསྟེན། དགེ་རྒན་པ་དེས་དབྱངས་ཅན་མ་བསྒྲུབས་ནས་ལས་ཚོགས་ལྟར་གྱི་དངོས་གྲུབ་བརྙེས་འདུག་པར་དབྱངས་ཅན་མའི་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་གསན་ནས་བསྙེན་པ་མཛད་པས་མཚན་མ་ཁྱད་པར་ཅན་བྱུང་། བཀྲ་ཤིས་འཁྱིལ་དུ་བསྡུས་གྲྭ་བློ་རྟགས་ཕར་ཕྱིན་བཅས་ལ་སྦྱངས་ཤིང་། སྐྱབས་མགོན་མཆོག་གི་བགྲོ་གླེང་ཞབས་ཕྱི་པ་ཡང་མཛད།སྐྱབས་མགོན་རྡོ་རྗེ་འཆང་དང་གུང་ཐང་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་ཡིག་མཆོད་དཔོན་གསོལ་ཐབ་པ་སོགས་ཀྱིས་སྒྲུབ་དགོས་པའི་ཞབས་ཕྱིའི་རིགས་ལ་འདི་མ་ཞུས་བྱ་བ་གང་ཡང་མེད། རང་གི་དགེ་རྒན་འཇམ་པའི་དབྱངས་ལྟ་བུ་དེ་ལ་ཡང་མེ་འབུད། ཐལ་ཕྱག་༼འཕྱག༽ཆུ་ལེན་སོགས་ཕྱག་གཡོག་ཐུགས་ཟིན་ངེས་ཤིག་བསྒྲུབས་ཡོད་གསུངས་ཏེ་དགེ་བའི་བཤེས་གཉེན་བསམ་སྤྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པའི་རྣམ་ཐར་དུ་སྣང་། དབུས་སུ་བྱོན་ནས་སྒོ་མང་ཆོས་གྲྭར་པོ་ཏི་ལྔའི་སློབ་གཉེར་དཔྱིས་ཕྱིན་པ་གནང་ཞིང་ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་མཛད། སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་སྐྱོར་དཔོན་མཛད་ནས་རྒྱུད་ཊཱིཀ་ཆེན་མོ་ལེའུ་གསུམ་པའི་མཚམས་སྦྱར་བར་དུ་རྫོགས་པར་ཐུགས་འཛིན་དང་བསྐྱེད་རྫོགས་ཆོ་ག་ཕྱག་ལེན་ཐམས་ཅད་ལ་མཁས་པར་སྦྱངས་ཤིང་རྒྱུད་པའི་འགྲིག་ཡང་ཤིན་ཏུ་ངེས་པ་བྱུང་། དེ་ནས་འབྲས་སྤུངས་དགེ་འཕེལ་དུ་བཞུགས་པ་ལས་སྔ་སོར་སྐྱབས་མགོན་མཆོག་མདོ་སྨད་དུ་འབྱོན་ཁར་བཀའ་བབས་པ་ལྟར་གེ་རེ་ཕོ་བྲང་ཕུན་ཚོགས་བདེ་ལྡན་དུ་ཕེབས་ནས། ལྷ་བཙུན་སྐལ་བཟང་ཚོགས་གཉིས་དང་། རྭ་སྟོད་པ་བློ་བཟང་རབ་རྒྱས་ཀྱི་དྲུང་ནས་འཇམ་དབྱངས་མགོན་པོ་ནས་བརྒྱུད་པའི་མ་ཅིག་ཞི་དྲག་གི་དབང་དང་ཆོས་སྐོར་གྱི་ལུང་རྒྱུན་གང་ཡོད་གསན། སླར་དགེ་འཕེལ་དུ་བྱོན་ནས་ལོ་གཅིག་གི་རིང་ལ་བཅད་རྒྱ་མཛད། བཅད་རྒྱ་གྲོལ་བ་དང་དུས་མཉམ་དུ་གེ་རེ་ལྷ་བ་ནས་ཡི་གེ་ཞིག་བྱུང་བའི་ནང་དུ་སྔ་སོར་གསུང་བ་ལྟར་འདི་གར་གཉན་ཁྲོད་ལ་ཕེབས་རྒྱུ་ཡིན་ན་དེང་སང་ཟླ་བོ་ཞིག་ཀྱང་འདུག་པས་མྱུར་ཕེབས་མཛོད་དང་མཐུན་རྐྱེན་གང་དྲག་ཞུས་ཆོག་བྱས་ཡོད་པ་ལྟར་ཡང་བསྐྱར་གེ་རེར་ཕེབས། གེ་རེ་ཤར་ནུབ་གཉིས་ཀ་ན་ཆུ་མིག་མང་བས་དེར་གཉན་ཁྲོད་ཆེན་མོ་འགྲིམས། སྔོན་གྱེ་རེ་ངག་དབང་ཕུན་ཚོགས་ནས་བདུན་མཚམས་དང་པོ་གྱེ་རེ་མིག་མ་ནག་མོར་མཛད་འདུག་པས། ངས་ཀྱང་བདུན་མཚམས་དང་པོ་མིག་མ་ནག་མོར་ཕྱིན་པས་ཉམས་དགའ་བ་བྱུང་། གཞི་ནས་གཉན་ཁྲོད་ཀྱི་སྐབས་གནས་སྤོར་གྱིན་ཐུན་བཞིའི་ཉམས་ལེན་འཆག་མེད་བྱེད་དགོས་སྟབས་སྣང་བ་ཐམས་ཅད་འགྱུར་ནས་རྒྱུད་ལ་རྟོགས་པ་ཞིག་ད་ལྟ་བར་སྐྱེ་བ་འདྲ་སྙམ་པ་འཆར་ཞེས་གསུངས། དེ་ལྟར་གཉན་ཁྲོད་མཛད་སྐབས་དངོས་དང་ཉམས་སྣང་ལ་གཅན་གཟན་སྐད་སྣ་ཚོགས་སྒྲོགས་པ། ཝ་དྲག་ཏུ་བརྒྱལ་བ། ཁྱིས་རུབ་བརྒྱབ་ནས་ཅོག་གུར་འདྲལ་བ། སྲོག་ཆགས་ཁྱིའི་གཟུགས་འདྲ་བ་ལ་རྐེད་པ་རལ་ཡོད་པ་སོགས་ནམ་མཁའ་ནས་རང་གི་སྟེང་དུ་ལྷུང་འོང་བ། གཟུགས་མི་སྣང་པ་ཞིག་གིས་མགོ་དང་རྐང་ལག་ནས་འཐེན་ཅིང་མགོ་ལ་དབྱུག་པ་གཏོང་བ་སོགས་ཆོ་འཕྲུལ་དང་། ཤིན་ཏུ་འཇིགས་སྐྲག་སྐྱེད་པའི་རྨི་ལམ་སྐྱི་གཡའ་བ་སོགས་ཕྱི་ནང་གསང་གསུམ་གྱི་སློང་མང་པོ་བྱུང་འདུག་ཀྱང་། དེ་ལྟ་བུའི་སློང་གང་བྱུང་གི་ཚེ་འགལ་རྐྱེན་རང་སར་གྲོལ་བའི་གདམས་ངག་གིས་སྣང་བ་ཐམས་ཅད་དམིགས་མེད་ཡུམ་གྱི་ངང་དུ་རྒྱས་འདེབས་པའི་རྟོག་པ་རྐྱེན་ཐོག་ཏུ་བསྲེས་པས་གཅོད་ཀྱི་གཞུང་ཁུངས་མ་ནས་ཆོད་ཚད་མཐར་ཕྱིན་པའི་རྟགས་སུ་གསུངས་པའི་ཉམས་རྨིས་ཀྱང་ཚུལ་བཞིན་བྱུང་སྣང་སྟེ། མཚན་ལྟས་ཀྱི་དྲན་ཐོ་ཞིག་མཛད་འདུག་པར་གསུང་བའི་གནད་མང་དུ་མཆིས་ཀྱང་གསལ་བར་འགོད་མ་ནུས་སོ། །གཉན་ཁྲོད་རྫོགས་པའི་མནལ་ལམ་དུ། རང་གིས་རྐང་གླིང་གསུམ་བཏང་བས་སྐད་ཅིག་ལ་ངོ་ཤེས་པ་དང་མི་ཤེས་པའི་སྐྱེ་བོ་མཐའ་ཡས་པ་ཞིག་འཚོགས་པ་ལ། མདུན་དུ་ཆང་སྣོད་ཆེན་པོ་མང་པོ་བཞག་པའི་ནང་ནས་ཐོད་པས་ཆང་བཅུས་ཏེ། སྟོན་མོའི་ཚུལ་དུ་སྟོབས་པ་ཞིག་རྨིས་ཏེ། གཅོད་དབང་ལན་མང་པོར་སྤེལ་ནས་ས་དར་རྡོ་དར་དུ་སོང་བ་འདིའི་ལྟས་ཡིན་པ་འདྲ་ཞེས་ཞལ་ནས་གསུངས། གཉན་ཁྲོད་གྲུབ་ནས་ལོ་གཉིས་ཙམ་གྱི་རིང་ལ་ཡུལ་དབུས་ཀྱི་དབེན་གནས་སྣ་ཚོགས་སུ་སྒྲུབ་པ་སྙིང་པོར་མཛད་ཅིང་། སྔ་ཕྱིར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རྡོ་རྗེ་འཆང་ཡེ་ཤེས་བསྟན་པའི་སྒྲོན་མེ། རྗེ་བླ་མ་བྱམས་པ་རིན་པོ་ཆེ། ཁྲི་ཆེན་ངག་དབང་མཆོག་ལྡན། བཱ་རི་དཔོན་སློབ་ངག་དབང་དོན་གྲུབ། ཀློང་རྡོལ་གྲུབ་ཆེན་ངག་དབང་བློ་བཟང་། ཞོགས་གུར་སྨོན་པ་དཀའ་ཆེན་ཐབས་མཁས་རྒྱ་མཚོ་སོགས་ཀྱི་དྲུང་དུ་ཆོས་བཀའ་མཐའ་ཡས་པ་གསན། ཁྱད་པར་ཀློང་རྡོལ་རིན་པོ་ཆེ་རང་གི་ཤག་ཏུ་གདན་དྲངས་ནས་ཟླ་ཕྱེད་ལྷག་ཙམ་གྱི་རིང་ལ་ཟབ་ཆོས་མང་དུ་གསན་སྐབས་གྲུབ་ཆེན་གྱི་ཞལ་ནས། ངའི་རྨི་ལམ་དུ་གསེར་གྱི་སེངྒེ་རྐང་བ་བརྒྱད་པ་ཞིག་དང་སྤོས་ཀྱི་གླང་བོ་ཆེ་ཞིག་གཉིས་ཡོད་པར། གླང་བོ་ཆེ་དེས་སེངྒེ་དེ་རྒྱུན་དུ་མིག་གིས་འཚོ་དགོས་པ་ཞིག་རྨིས། ཁྱོད་དགེ་བཤེས་ཡིན་པས་སེམས་ལ་ཞོག་ཅེས་པ་ལས་གསལ་ཁ་མ་གསུངས། ཆེར་མ་འགྱངས་པར་མདོ་སྨད་ནས་བསུ་མི་འབྱོར་ཏེ་སྐྱབས་མགོན་མཆོག་ནས་རང་ཡུལ་དུ་འབྱོན་དགོས་ཀྱི་གསུང་ནན་བསྩལ་འདུག་པར། ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་དུ་ཕེབས་ནས་ང་རང་གིས་ཡུལ་དབུས་འདིར་རི་ཁྲོད་ཅིག་བསྟེན་སྙམ་ཡོད་ཀྱང་། བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེ་ནས་མདོ་སྨད་དུ་འོང་དགོས་ཞེས་གསུང་ནན་ལྕི་བར་མཛད་འདུག་པས་ཇི་ལྟར་བྱས་ན་དགའ་ཞེས་གྲོས་ཞུས་པར། གྲུབ་ཆེན་རིན་པོ་ཆེས་ཁྱོད་འགྲོ་དགོས་པ་ཞིག་ཡོད། སྔར་གྱི་སེངྒེ་རྐང་པ་བརྒྱད་པ་དི་བླ་མ་འཇམ་དབྱངས་བཞད་པ་དང་། སྤོས་ཀྱི་གླང་བོ་ཆེ་དེ་ཁྱོད་ཡིན་པས། ཁྱོད་ཀྱིས་བླ་མ་དེའི་གང་གསུང་བཀའ་བཞིན་སྒྲུབ་དགོས་གསུངས་པ་དང་། རྗེ་རང་གིས་སྐྱབས་མགོན་མཆོག་ནས་རང་གི་དབུའི་སྟེང་དུ་བྱིན་རླབས་རྒྱུན་རིང་གནང་ནས་མི་ཁྱོད་ལ་རྩིས་ཁ་ནམ་ཡང་བཏང་མི་ཡོང་གསུངས་པ་ཞིག་སྔར་རྨིས་པ་དང་མཐུན་པ་བཅས་ཡོས་ལོ་རང་ཡུལ་དུ་ཕེབས། ཆུ་འབྲུག་ལ་རྒྱུད་པའི་ཁྲིར་བཞུགས་ཤིང་སྐྱབས་མགོན་མཆོག་ནས་རྒྱུད་པའི་འགྲིག་ལམ་བཅོས་དགོས་ཀྱི་རིགས་ཡོད་ཚེ་དབུས་ཀྱི་སྨད་རྒྱུད་དང་མཐུན་པ་གྱིས། ཞེས་བཀའ་ཕེབས་པ་ལྟར་ལྷུང་བཟེད་མཆོད་པ་དང་སྔགས་ཀྱི་དམ་བཅའ་སོགས་གསར་དུ་ཚུགས། འགྲིག་ལམ་མང་པོ་ལ་དག་ཐེར་མཛད། ཆོས་གྲྭ་ནས་ཁྲིད་ཆེན་བརྒྱད་སོགས་ཆོས་བཀའ་ཡང་མང་དུ་བསྩལ་ཀྱང་སྒྲོན་གསལ་ལས། ཚིགས་མེད་འོད་མ་འཛག་པ་འདྲ། །ཞེས་གསུངས་པ་ལྟར་པད་དཀར་ལྟ་བུའི་གང་ཟག་མང་དུ་བྱུང་། དེ་ནས་ཨུཪྒེ་གྲྭ་ཚང་གི་ཁྲིར་ཕེབས། དེ་སྐབས་གསང་སྔགས་སྨིན་རྒྱས་གླིང་ལ་གྲྭ་བ་བརྒྱ་ཟུར་དུ་ཕྱེ་ནས་འཆད་ཉན་སོགས་ཀྱི་སྲོལ་བཏོད་ཅིང་མི་སེར་ལ་བདེ་སྐྱིད་ཀྱི་སྒོ་འཕར་ཡངས་པོ་མཛད་པར་མཆོད་ཡོན་གཉིས་ཀྱི་བཀའ་གཞན་དུ་འགྱུར་བ་མེད་པའི་ངང་ཚུགས་བཟང་བའི་སྟབས་ཀྱིས་ཆོས་སྲིད་ཀྱི་བདེ་སྐྱིད་དབྱར་མཚོ་ལྟར་འཕེལ། གཞི་ནས་ཐུགས་རང་བཞིན་དྲང་བས་མཐོ་དནན་སུ་ལ་ཡང་ཁྲོམ་འཚོགས་ཀྱི་དབུས་ནས་སྐྱོན་མཚང་དམར་འདོན་བྱེད་པ་ལ་ངོ་སྲུང་ཅུང་ཟད་ཀྱང་མེད་ལ། མཛེས་ལམ་ཅུང་ཟད་རེ་དགོས་ཚུལ་གཞན་གྱིས་སྙན་སྒྲོན་ཕུལ་ན་ཡང་གསན་དགོངས་མི་མཛད་པ་ཞིག་ཡོད་དེ། དཔོན་ཆེན་འགའ་ཞིག་གི་བཙུན་མོ་ལ་ཕྱག་ཕྲེང་གིས་མཇལ་ཁ་གནང་བས། མི་གཞན་གྱིས་ཁོང་ཚོ་ཕྱག་དབང་གནང་ལུགས་ལ་ཅུང་ཟད་མི་དགའ་བར་འདུག་ཞུས་པར། མ་དགའ་ན་སྡུག་ཀྱོང་ཡིན། ཁོང་ཚོའི་མགོ་སྐམ་པོ་དང་། ངའི་ལག་པ་འཁྱག་པ་གཉིས་ཐུག་ནས་ཅི་ཡོང་། རེག་པའི་ལྷག་མ་ཞིག་སྐྱེ་ཤས་ཆེ་གསུངས་ནས་བཞད་མོ་ཞིག་མཛད། འབྱོར་ལྡན་གྱི་ཕོ་མོ་རྣམས་དགའ་བ་སྐྱེད་པའི་ཆེད་དུ་དཔྲལ་བ་དགྱེས་སྦྱོར་གྱི་རྣལ་འབྱོར་ལ་བརྩོན་པ་རྣམས་ཀྱིས་གསུང་འདི་ཐུགས་ལ་བཅངས་ནས་བདེ་ཆེན་གྱི་ཡེ་ཤེས་ལ་གཟབ་པར་ཞུ། ཕྱག་རྫས་ཆེ་ཆུང་ཐམས་ཅད་ལ་ཆགས་པ་སྐྱེད་པའི་རྒྱུ་འདི་ཕར་ཁྱེར་གསུངས་ནས་འཕྲལ་དུ་ཕྱག་མཛོད་ལ་ལྟོས་མེད་ཀྱིས་སྤྲོད་པ་ལས། དོ་དམ་ལེགས་ཉེས་སོགས་སྤྱན་ཟུར་ཙམ་གྱིས་གཟིགས་པ་མི་མཛད་ཅིང་། དཀོན་མཆོག་གི་ཆེད་དུ་གཏོང་བ་ལ་ཅུང་ཟད་ཀྱང་མི་འཕང་༼ཕངས༽པས། ས་པཎྜི་ཏས། སློང་བ་ཕོངས་པ་འདུ་བ་བཞིན། །འབུལ་བར་འདོད་རྣམས་དེ་བས་མང་། །ཞེས་གསུངས་པའི་ཚུལ་མངོན་དུ་གྱུར་། སྔ་ཕྱིར་དགོན་པར་གྲྭ་བ་རེ་ལ་ཇ་བག་རེ་ཐེམས་ངེས་ཀྱི་ཕོགས་ཆེན་བཅུ་གཅིག་གིས་མཚོན་མང་འགྱེད་ལན་མང་བཏང་ཞིང་། འདུ་ཁང་གསར་བཞེངས་ཀྱི་ཐེབས་སུ་དངུལ་སྲང་དྲུག་བརྒྱ་ཕུལ་བ་དང་། སྒོ་མང་གྲྭ་ཚང་དང་། སྨད་རྒྱུད་གྲྭ་ཚང་། སྐུ་འབུམ། དགོན་ལུང་སོགས་མདོ་དབུས་ཀྱི་ཆོས་སྡེ་དུ་མར་མང་འགྱེད་ཀྱི་བསྙེན་བཀུར་དང་། སྐྱབས་མགོན་མཆོག་ནས་དཀར་པོ་གཤོང་དུ་རི་ཁྲོད་འདེབས་དགོས་ཀྱི་བཀའ་བབས་པ་ལྟར་དེར་འདུ་ཁང་ཤིང་རྩི་དང་བཅས་པ་གསར་བསྐྲུན། ཐུབ་དབང་། མར་མེ་མཛད། བྱམས་མགོན་གསུམ་གྱི་སྐུ་བརྙན་མི་ཚད་རེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་སྐུ་གསུང་ཐུགས་རྟེན། སྤྱི་སོར་རྟ་ནོར་ལུག་གསུམ་ཇ་མར་སོགས་ཀྱི་འཇོག་རྫས་ཕོན་ཆེ་བ་དང་། ཞིང་ས་སོགས་སྦྱོར་འཇགས་མཛད་དེ་ཟང་ཟིང་གི་དངོས་པོ་རྫོགས་བྱང་གི་རྒྱུར་བསྒྱུར་བའི་ཐབས་མཁས་རྨད་དུ་བྱུང་བ་བསྒྲུབས།དེ་ནས་ས་ཕག་གི་དཔྱིད་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད་པ་ལྟར་ཁྲི་འདོན་མཛད།འཆད་ཉན་དང་གཏོང་སྒོ་ལ་གཞན་དང་མི་འདྲ་བའི་ཐུགས་ཁུར་མཛད་ཅིང་གང་ཅིའི་མཐུན་རྐྱེན་ལྷུན་གྱིས་གྲུབ་པ་བྱུང་བ་ནི་ཆོས་སྐྱོང་གི་ཐུགས་རྗེ་ཡིན་ཞེས་ཞལ་ནས་གསུངས།དེ་ཡང་གསུང་རང་ག་བ་ཞིག་མིན་པར་སྣང་སྟེ། ཚོགས་གཏམ་ཞིག་གི་སྐབས་སྤྱི་སོ་ནས་རྒྱུད་ཇ་སོགས་རྐྱེན་ཁྱག་ངེས་གཏོང་དགོས། གྲྭ་ཚང་གི་ཐུགས་མ་མཉེས་ན་ཁྱོད་ཚོས་གནས་ཆུང་ཆོས་སྐྱོང་ལ་བསྐང་གསོལ་ཅི་ཙམ་འབད་ཀྱང་ལེགས་པོ་བྱས་མི་ཡོང་། གྲྭ་ཚང་མཉེས་པོ་བྱས་ན་ཆོས་སྐྱོང་གིས་ཀྱང་གཟིགས་ཡོད་ལ། ངེད་ཚོས་ཀྱང་བྱ་བ་ལམ་དུ་འགྲོ་བའི་སྡོངས་གྲོགས་མཛོད་ཅེས་ཞུས་ཡོད། ཅེས་པ་དང་། ཟླ་ལྷག་ཆོས་ཐོག་ཅིག་གི་སྐབས་གླིང་གསེབ་ཏུ་ཆོམ་རྐུན་པ་ཞུགས་ཡར་ཚོགས་གཏམ་གྱི་ཞར་ལ། དབུས་ཚོ་ན་ཟླ་ལྷག་ཆོས་ཐོག་གི་སྐབས་སུ་ངེད་རང་ཚོའི་ཟླ་ལྷག་ཆོས་ཐོག་ཡིན་ཟེར་ནས་སྡེ་བ་གཞུང་ལ་ཞུས་འགྲོ། གཞུང་ནས་ཀྱང་ཆོས་ཐོག་གི་ཐེབས་གནང་ཡོང་། ས་ཆ་འདིར་དེ་འདྲ་ཞུ་བའི་སྲོལ་ཡང་མི་འདུག ཞུས་ན་ག་འདྲ་ཡིན་ཡང་མི་ཤེས། རང་རང་གི་ཚོགས་བསགས་སྒྲིབ་སྦྱོང་ཡིན་སྙམ་པ་གྱིས་ལ་ཚོགས་ཆོས་གྲྭར་ཕེབས་ལུགས་བསླབ་པ་སློབ་གཉེར་འཛིན་གཤར་སྦྱངས་གང་ཅིར་སྔར་ལས་མི་གཡེལ་བ་མཛོད། ཆོས་སྐྱོང་རྣམས་ཀྱིས་ཐུགས་ཉམས་རེ་ཞོག ཁྱེད་རང་ཚོ་ལ་རྡོ་རྗེ་འཆང་ནས་བསྟན་པ་བསྟན་འཛིན་དང་བཅས་པ་བུ་བཞིན་སྐྱོངས་ཤིག་ཅེས་གཉེར་གཏད་བྱས་ཡོད་འང་༼ཨང༽གཞན་མིན་ན་ཡང་གྲྭ་བ་ཚོའི་བག་ཁུག་མགོ་ཐོན་དགོས་པ་འདུག དུས་རྒྱུན་དུ་ཁྱེད་རང་ཚོ་ལ་མཆོད་བཀུར་བསྙེན་གསུམ་ག་འདྲ་བྱེད་ཀི་འདུག་པ། ཁྱེད་རང་ཚོར་ཤ་ལ་དགའ་བ། ཁྲག་ལ་རོལ་བ་ཟེར་བའི་རྒྱུ་མཚན་ཅི་ཡིན། སོགས་གསུངས་པས་ཐམས་ཅད་འདར་ཞུམ་མེ་བ་བྱུང་། མ་འགྱངས་པར་རྐུན་མ་དེ་དག་ལ་མི་འདོད་པའི་དངོས་པོ་དུ་མ་ཐོག་ཏུ་བབས་པའི་རྐྱེན་གྱིས་ཁོ་རང་ཚོའི་ཁྲོད་ནས་འཕྲིན་པ་བྱུང་སྟེ་རྐུན་རྫས་རྣམས་སྤྲད་བྱུང་བ་དང་། རིགས་གྲྭའི་གཏོར་ཆེན་ཞིག་གི་སྐབས་གཏོར་ཟོར་བརྡབས་པའི་རྩེ་མོ་མ་བསྣད་པར་ས་ལ་ཁབ་བཙུགས་པ་བཞིན་ཡུན་རིང་སྡོད་པ་བྱུང་བ་མཆོད་དཔོན་སོགས་ཉེ་འཁོར་ན་ཡོད་པ་ཐམས་ཅད་ཀྱིས་མིག་གིས་མཐོང་བ་སོགས་ཆོས་སྐྱོང་ལས་ལ་བཀོལ་བའི་རྟགས་མཚན་མངོན་སུམ་དུ་གྲུབ་པ་ལྟར་རོ། །དཔོན་མོ་རིག་འཛིན་དབང་མོ་སྐུ་བསྙུང་སྐབས་གློ་བུར་དུ་ཕེབས་ནས་སྲིན་ལག་སྐུད་པས་བསྡམས་ཏེ་ཁྱོད་སུ་ཡིན་ཞེས་བསྡིགས་མོ་མཛད་པས་ནད་བདག་གིས་འོ་དོད་བྱུང་སྟེ་ཡུལ་འདྲེ་ཞིག་ཡིན་ཚུལ་སོགས་ཞིབ་པར་ཞུས་ཤིང་ཕྱིན་ཆད་འདིར་མི་འོང་ཞེས་ཁས་བླངས་པ་དང་། ཐོར་གོད་དཀོན་མཆོག་ཇ་སག་བཀྲ་ཤིས་འཁྱིལ་དུ་ཕེབས་པའི་ལམ་དུ་དཔོན་མོ་བསྙུང་ནས་རྗེ་འདི་ལམ་བར་དུ་གདན་དྲངས་ཏེ་ཕེབས་སྐབས་ཁོ་རང་ཚོས་མི་འཚོ་བར་ཐག་བཅད་འདུག་ཀྱང་། འཕྲལ་དུ་བཀའ་བསྒོ་ཞིག་གནང་། ཆི་གེ་ལུད་གསུངས།འཐུང་ཡང་མི་ཐུབ། ནད་གཞི་ཡང་རྒོད་མའི་ཆང་ལ་བརྟེན་པ་ཡིན་ཞུས་ཀྱང་ལྗགས་བསྔགས་གནང་ནས་ཁར་བླུགས་གསུངས་པ་ལྟར་བླུགས་པས་མ་འགྱངས་པར་དྲན་པ་རྙེད་དེ་བདེ་སོང་བ་དང་། རྒྱལ་གདོན་དྲག་པོས་བསླད་པའི་སྨྱོན་པ་དག་ཀྱང་གཅོད་དམིགས་རེ་རེ་ཙམ་གྱིས་བཏུལ་བ་ཆེས་མང་བས་སངས་རྒྱས་གཉན་སྟོན་པས་རྟ་མགྲིན་གྱི་་རིགས་སྔགས་ཀྱིས་སྨྱོན་པ་བརྒྱད་བཅུ་བཏུལ་བའི་རྣམ་ཐར་དང་ཆ་མཚུངས་ཤིང་། གཞན་ཡང་ཡུལ་གྲོང་མང་པོའི་ནད་རིམས་དང་སྲི་ངན་བཅད་པ་སོགས་ཀྱིས་ཚེ་ཕ་རོལ་ཏུ་ཆས་པ་དུ་མ་ལ་མི་འཇིགས་པ་སྲོག་གི་མཆོག་སྦྱིན་བསྩལ་པའི་ལོ་རྒྱུས་མང་སྟེ། དེ་ནི་བདུད་གཅོད་དོན་གྱི་ཉིང་ཁུ་ལས། ནད་པ་སྨན་པས་བོར་བའི་མི། །འཆི་བའི་དུས་བཏབ་སྙིང་རྗེའི་ཡུལ། །བྱང་སེམས་ལྡན་ཕྱིར་མན་ངག་གིས། །ནད་པ་འཆོས་པ་མན་ངག་ཡིན། །བུ་ཆུང་སྲི་༼སྲིའུ༽ནག་མ་སོས་པ། །ཅིས་ཀྱང་གསོ་དགོས་བྱུང་བ་ན། འཆི་མེད་ཡུམ་གྱི་མན་ངག་གིས། །སྲིའུ་གསོ་བ་མན་ངག་ཡིན། །མི་ཕྱུགས་ནད་རིམས་གཅོད་འདོད་ན། །འཛིན་བྲལ་དྲག་པོའི་སྤྲོས་བཅས་ཀྱིས། །ཀུན་ལ་ཡར་ཤག་མར་ཤག་བྱ། །སྟོང་པ་སྒོམ་པ་མན་ངག་ཡིན། །ཞེས་གསུངས་པ་ལྟར་བདུད་གཅོད་མངའ་བརྙེས་པའི་རྣམ་ཐར་མཚོན་བྱེད་ཙམ་མོ། །ཁྲིར་བཞུགས་སྐབས་སྐྱབས་མགོན་མཆོག་གི་བཀའ་ལྟར་ས་ཕག་སོགས་ལ་འདུ་ཁང་སྟེང་ཤོད་དང་ཞལ་རས་ལྷ་ཁང་སོགས་ནས་གྲྭ་མང་ལ་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གནང་བས་དེ་ཕྱིན་ཆད་མདོ་སྔགས་ཀྱི་ཆོས་རྒྱུན་ཁྱབ་བདལ་དུ་འཕེལ་བའི་སྒོ་ཕྱེ་བ་ལྟ་བུ་བྱུང་། གཞན་ཡང་དབང་ལུང་རྗེས་གནང་ཟབ་ཁྲིད་སོགས་གང་ལ་གང་འཚམ་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་རྒྱ་ཆེར་བསྩལ་ཅིང་། ཁྱད་པར་གཅོད་དབང་བདག་གི་དྲན་ཡུལ་དུ་ངེས་པ་ལན་བརྒྱད་ཀྱིས་མཚོན་སྔ་ཕྱིར་མང་དུ་བསྩལ་བ་ལ་མཁས་པ་དང་བླ་ཆེན་མི་ཆེན་དུ་གྲགས་པའི་ཁེངས་ལྡན་དུ་མས་ཀྱང་ཆེད་གཉེར་གྱིས་གསན་པས་ཐམས་ཅད་ས་འུར་རྡོ་འུར་ལངས་ནས་འཇིག་རྟེན་ཁམས་ཐམས་ཅད་ཕཊ་སྒྲས་ཁེངས་ཙམ་བྱུང་བ་ནི་ཆོས་སྡེ་འདིར་ཨ་མ་ལབ་སྒྲོན་གྱི་གདམས་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་དར་བའི་རྟེན་འབྲེལ་གྱི་སྒོ་འཕར་རྗེ་འདིས་འབྱེད་དགོས་པ་ཡིན་པར་གདོན་མི་ཟའོ། །དེར་མ་ཟད་འཛམ་གླིང་ཡོངས་ལ་དབང་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཙུག་རྒྱན་རྗེ་བཙུན་དམ་པ་བློ་བཟང་ཆོས་ཀྱི་ཉི་མས་ཀྱང་སྔོན་མ་ཅིག་གི་སྲས་ཐོད་སྨྱོན་བསམ་འགྲུབ་ཏུ་འཁྲུངས་པའི་དུས་ཀྱི་རྟེན་འབྲེལ་གསལ་འདེབས་སུ་བརྒྱུད་པ་གཞན་གྱི་གཅོད་སྐོར་མངོ་དུ་གསན་ཀྱང་རྗེ་འདི་ཆེད་དུ་གདན་དྲངས་ནས་བརྒྱུད་པ་འདི་ཉིད་གསན་པ་སོགས་ལ་དཔགས་ན་མ་ཡིག་ཆེན་མོར། མ་ཅིག་གི་སྲས་ཤིག་གིས་ཆོས་སྡེ་འདིར་གཅོད་ཀྱི་གདམས་པ་སྤེལ་བར་གསུངས་ཡོད་ཅེས་གྲགས་པ་དང་། ཆོས་སྐྱོང་འགའ་ཞིག་གིས་རྗེ་འདི་ལ་མ་ཅིག་སྲས་མཆོག་ཐོད་སྨྱོན་ལ་སྟོན་ཞེས་བསྔགས་བརྗོད་མཛད་པ་གཉིས་དོན་དང་མཐུན་ནམ་སྙམ། ཆུ་ཡོས་ལོ་ཁྲི་ཟུར་བཞུགས་མཛད་ནས་དོན་གཉེར་ཅན་རྣམས་ལ་བཀའ་ཆོས་གང་འདོད་དུ་གནང་བས་སྐལ་ལྡན་རྣམས་རེ་བ་སྐོང་བར་མཛད་པ་ལས་རེ་བདུན་པ་ས་བྱའི་ལོ་དཀར་པོ་གཤོང་རི་ཁྲོད་ནས་སྐུ་གཟུགས་ཅུང་ཟད་མ་བདེ་བའི་རྐྱེན་གྱིས་བཀྲ་ཤིས་འཁྱིལ་དུ་བྱོན། སྐུ་ལ་སྨན་དཔྱད་རིམ་གྲོ་སོགས་ཀྱིས་ཕན་ངོ་ཆེ་བ་མ་བྱུང་། ཉིན་གཅིག་ཞལ་ནས། ངེད་ཚུར་འོང་སྐབས་སྐྱབས་མགོན་རྡོ་རྗེ་འཆང་དང་ངེད་རྣམ་གཉིས་དགའ་ལྡན་དུ་འགྲོ་རྒྱུ་ཡིན་ཟེར་ནས་ནམ་མཁའ་ལ་འགྲོ་བ་ཞིག་རྨིས་གསུངས། ཡང་ལོ་སྔ་མ་ཞིག་ཏུ་ནམ་མཁའི་ཁམས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱིས་གང་འདུག་ཀྱང་བྱང་ངོས་ཀྱི་འཇིགས་བྱེད་རྣམས་རིམ་གྱིས་མི་གསལ་བ་ཞིག་ཏུ་སོང་བ་རྨིས་གསུངས།ཡང་ངེད་སྔ་མོ་ཆོས་གྲྭར་འགྲོ་སྐབས་ཉལ་ཁ་དོ་ནུབ་འཇམ་དབྱངས་ཀྱི་སྐུ་བལྟ་སྙམ་ནས་ཉལ་བས། ནམ་མཁའི་ཁམས་ཐམས་ཅད་འཇའ་ཚོན་གྱི་དྲ་བས་ཁེབས་པའི་ནང་ན་འཇམ་པའི་དབྱངས་ཀྱི་སྐུ་ཆེ་ཆུང་མ་ངེས་པ་དུ་མ་ཞིག་སྤྲིན་ལྟར་འཁྲིགས་ནས་ཡོད་པའི་འཇམ་དབྱངས་རེ་རེའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ལ་ཞིབ་པར་བལྟས་ནས།ད་ཕྱག་རྡོར་གྱི་སྐུ་ཅི་འདྲ་ཡིན་སྙམ་ཙ་ན། གློ་བུར་དུ་འཇམ་དབྱངས་ཐམས་ཅད་དག་ནས་ཤུལ་དུ་ཕྱག་རྡོར་གྱི་སྐུ་འཆར་བ་སོགས་ཡིན་ཀྱང་། དེང་སང་དཀོར་གྱིས་ཚིག་ནས་དེ་འདྲ་མེད་སོང་ཞེས་གསུངས་པ་དཀོར་གྱིས་རྒྱུད་བྲེད་ན་ལྷའི་བྱིན་རླབས་གསར་དུ་འཇུག་འཕྲོ་འཆད་པར་མ་ཟད་སྔར་ཞུགས་ཀྱང་ཉམས་འགྲོ་བའི་བརྡར་སྣང་། དེ་ནས་ཧོར་ཟླ་ལྔ་བ་ཉིས་བརྩེགས་ཡོད་པ་རྗེས་མའི་བཅུ་བདུན་གྱི་ཉིན། ཉམས་མཚར་དེ་རིང་ང་ལ་འོང་མ་མྱོང་བའི་ལྟས་ཤིག་འོང་གིན་འདུག་གསུངས། ཅི་འདྲ་འདུག་ཞུས་པར། ཤོད་ཤེས་ས་མི་འདུག་གསུངས། དེ་ནས་ང་ལ་གདན་ཤོམས་གསུངས་ཀྱང་བླ་མའི་རྒྱུད་ཚོད་སློབ་མས་བཟུང་བའི་རྐྱེན་གྱིས་རེ་ཞིག་ལ་དང་བླང་ཞིག་མ་བྱུང་། བར་སྐབས་ཤིག་ནན་གྱིས་བཤམས་བཅུག་སྟེ་སྟེང་དུ་ཞབས་སྐྱིལ་ཀྲུང་ཕྱག་གཡས་པས་ཌཱ་མ་རུ་དཀྲོལ་བའི་སྟངས་ཀ་ལན་ཁ་ཤས་མཛད་པའི་མཐར་ཕྱག་གཉིས་མཉམ་བཞག་དང་སྐུ་དྲང་པོར་བསྲང་སྟེ་ཐུགས་དམ་ལ་བཞུགས།ཞག་གསུམ་ནས་ཐུགས་དམ་གྲོལ་ཏེ་དག་པའི་ཞིང་དུ་གཤེགས་སོ།

 

                                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།