བླ་བྲང་གདན་རབས་བཅུ་གསུམ་པ་རྗེ་བློ་བཟང་སྙན་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-19 10:25:34     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

      གདན་རབས་བཅུ་གསུམ་པ་སར་གནས་ཀྱི་རྒྱལ་སྲས་ཆེན་པོ་བློ་བཟང་སྙན་གྲགས་ནི་རྩེ་མདོ་བཀྲ་ཤིས་ཆོས་རྫོང་དང་མི་རིང་བའི་སའི་ཆ་ལྷ་མོའི་བླ་མཚོའི་ཉེ་འདབ་ཏུ་༼འདབས་སུ༽རབ་བྱུང་བཅུ་གཉིས་པའི་ས་ཁྱིར་ཨ་རིག་གི་དཔོན་རྒྱུད་དུ་འཁྲུངས།ཆུང་ངུའི་དུས་ནས་དམ་པའི་བག་ཆགས་མངོན་པར་བརྟས་ཤིང་ཀློག་སོགས་ཚེགས་མེད་པར་མཁྱེན།རང་གི་ཕུ་བོ་སེ་རའི་དགེ་བཤེས་བྱ་རོག་གདོང་དུ་གྲགས་པའི་དྲུང་ནས་རབ་ཏུ་བྱུང་སྟེ་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།འཇམ་མགོན་ཁྲི་རིན་པོ་ཆེས་འདུ་ཁང་སྟེང་དུ་བརྩི་བཞག་གནང་གི་ཡོད་པར་བརྩི་བཞག་དང་པོ་ཉན་ནས་དེར་ཐོག་མར་མཇལ་བས། མིང་ལ་ཅི་ཟེར་གསུངས། སྙན་གྲགས་ལྷུན་འགྲུབ་ཟེར་ཞུས་པས། ཕྱིན་ཆད་བློ་བཟང་སྙན་གྲགས་ཀྱིས། ཁྱོད་རང་ལ་ཡག་པོ་ཡོང་གསུངས།གྲུབ་དབང་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་བསྡུས་གྲྭའི་འཕྲོ་དང་བློ་རྟགས་ཕར་ཕྱིན་བཅས་གསན་ཅིང་བསྙེན་རྫོགས་ཀྱང་རྗེ་འདིའི་དྲུང་དུ་ཞུས།པོ་ཏི་ལྷག་མ་བཞི་རྗེ་ངག་དབང་བསྟན་འཛིན།གུང་ཐང་མཆོག་སྤྲུལ་རིན་པོ་ཆེ།ཁྲི་བ་བློ་བཟང་དོན་གྲུབ་གསུམ་ལས་གསན་ཏེ།ཡིག་ཆའི་པོ་ཏི་ཕལ་ཆེར་འཛིན་སྐྱོར་བྱས་ཤིང་དབུ་མ་ལུང་རིགས་གཏེར་མཛོད་དང་།འགྲེལ་བ་དོན་གསལ་སོགས་མང་པོའི་རྒྱུགས་ཀྱང་ཕུལ།ལྟོ་གོས་སོགས་ཡལ་བར་བོར་ནས་ཆོས་ལ་སྤྲོ་ཤུགས་དྲག་པོས་དཀའ་ཚེགས་ཁྱད་དུ་བསད་དེ་ཉིན་མཚན་ཐོས་བསམ་གྱིས་འདའ་བར་མཛད་པས་ལུང་རིགས་ཀྱི་དགའ་སྟོན་སྤེལ་བ་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པའི་གྲགས་པ་ཐོབ།ལུས་ངག་ཡིད་གསུམ་གྱི་མཛད་སྤྱོད་འདུལ་ཁྲིམས་ལས་མི་འདའ་བས་ཀུན་གྱིས་མཐོང་དང་དག་སྣང་ཆེ་བར་བྱུང་།གུང་ཐང་མཆོག་སྤྲུལ་རིན་པོ་ཆེས་རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་སྡོད་གསུངས་པར།ད་ལྟ་འདུལ་བ་དང་སྔགས་ལ་སློབ་གཉེར་མ་བྱས་པས་ཆོ་གའི་ཉམས་ལེན་དང་བསླབ་བྱའི་བགྲུང་མཚམས་ཞིབ་པོར་མི་ཤེས་སྟབས་རི་ཁྲོད་ལ་སོང་ཡང་དགོས་པ་ཆེན་པོ་མི་འདུག འདུལ་བ་དང་སྔགས་ལ་བག་ཆགས་ཤིག་བཞག་ནས་བཀའ་ལྟར་སྒྲུབ་ཞུས་པས། ཐུགས་དགྱེས་ནས་དེ་ཀ་གྱིས་གསུངས་ཏེ་ཐུགས་དགོངས་དེ་ནི་བསྟན་པའི་གནད་མཁྱེན་པའི་རྣམ་ཐར་དུ་སྣང་ངོ་། །མེ་བྱིའི་ལོར་སྐྱབས་མགོན་མཆོག་ནས་སྔ་སོར་གསུང་ཤོག་བསྩལ་པ་ལྟར་དབུས་སུ་བྱོན་ནས་རིགས་སྨྲ་མཁས་པའི་བསྟི་གནས་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས། བསྡུས་གྲྭ་ནས་འདུལ་བའི་བར་གྱི་འཛིན་གྲྭ་སོ་སོར་ཉི་མ་བཅུ་གསུམ་ལ་དམ་བཅའ་བཞག་པས་ལུང་རིགས་ཀྱི་ཡོན་ཏན་ལ་གུས་པའི་རྩི་འཇོག་དང་དག་སྣང་འཕེལ་བར་གྱུར།སྔར་མདོ་སྨད་དུ་བཞུགས་སྐབས་ཐུགས་རླུང་གི་སྨྱུང་གཞི་ཞིག་ཡོད་པ་སེ་རའི་རྟ་མགྲིན་ལ་མཇལ་བ་ནས་སང་དྭངས་སུ་སོང་བ་ནི་ལྷ་དང་ཆོས་སྐྱོང་གིས་རྗེས་སུ་བཟུང་བའི་མཚན་མ་ཁྱད་པར་ཅན་དུ་གོ །སེ་རར་པོ་ཏི་ལྔ་དང་།མདོ་སྔགས་རིག་གནས་གཞན་ལ་ཡང་སྦྱངས་པ་མཛད།པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས།ལྕང་སྐྱ་རོལ་བའི་རྡོ་རྗེ།རྗེ་ངག་དབང་བྱམས་པ།བཱ་རི་དཔོན་སློབ་ངག་དཔང་དོན་གྲུབ་སོགས་ཀྱི་དྲུང་དུ་ཟབ་ཆོས་མང་དུ་གསན་པས་མདོ་དང་སྔགས་ཀྱི་གདམས་པའི་གཏེར་མཛོད་དུ་གྱུར།མེ་གླང་གི་ལོ་བྱེས་པ་དཔོན་སློབ་བྱམས་པ་སྨོན་ལམ་པའི་སྐུ་ཞབས་ནས་བཀུར་གཟོས་ཆེ་བ་གནང་སྟེ།ཁྱེད་གྲྭ་ས་འདི་ཀའི་རྒན་པ་གྱིས་མིན་ཀྱང་མདོ་སྨད་ཀྱི་དགེ་བཤེས་སྐུ་ཡོན་ཅན་ཞིག་རེད་པས་དམིགས་བསལ་མིང་བཏགས་ཆེ་ཁག་ཅིག་བཞེས་དགོས་གསུངས་པར་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་ན་ཡང་མདོ་སྨད་ནས་འོང་སྐབས་སུ་སྨོན་ལམ་དང་བག་ཆགས་ཅི་ཐེབས་བྱེད་སྙམ་པ་ལས་མིང་བཏགས་ཀྱི་རེ་བ་མེད་ཅིང་སྡོད་ཡུན་ཚོད་མི་ཐིག་པ་སོགས་ཀྱིས་དགོངས་པ་གནང་དགོས་ཞུས་ནས་མིང་བཏགས་མ་བླངས།སྟག་ལོའི་མཇུག་ཏུ་སླར་ཡང་ཡོས་ལོའི་ལྷ་རམས་པ་ཞིག་ལྷ་འབྲུམ་གྱིས་མ་ཐར་པས་དམ་བཅའ་འཇོག་མ་ཐུབ་པའི་དོད་དུ་ལྷ་རམས་པ་གྱིས་གསུངས་ཀྱང་།ཟླ་བོ་རྣམས་མྱུར་དུ་ནག་ཆུར་འགྲོ་སྐད་ཀྱིས་དཔེ་ཆ་ཡང་དོས་སུ་བཙུད།གྲྭ་ས་ནས་དགོངས་པ་ཡང་ཞུས་ཚར་བས་སྟབས་མི་བདེ་སྙམ་ནས་མ་བྱས་གསུངས།ཚུལ་འདི་ནི་ཆོས་བརྒྱད་དོན་གཉེར་གྱི་གཡན་པ་དང་བྲལ་བས་མིང་སྐམ་གྱི་ཕྲུག་སྤྱད་ཚོལ་མི་དགོས་པའི་རྣམ་ཐར་དུ་ཤེས་པར་གྱིས།ས་ཡོས་ལོར་སྐྱབས་མགོན་མཆོག་མདོ་སྨད་དུ་བྱོན་པ་དང་ལྷན་དུ་རང་ཡུལ་དུ་ཕེབས།བཀྲ་ཤིས་འཁྱིལ་གྱི་རྒྱུད་གྲྭར་གསང་སྔགས་ལ་སྦྱངས་པ་མཛད་ནས་རི་ཁྲོད་ལ་ཕེབས་རྩིས་ཀྱིས་རྒྱུད་པའི་འཇུག་སྒོ་ལ་སྒུག་ཡོད་སྐབས།སྐྱབས་མགོན་མཆོག་ནས་སྐུ་མདུན་དུ་བོས་ཏེ་གདན་འཕར་ཅོག་ཙེ་སོགས་ཀྱིས་བཀུར་གཟོས་དང་བཅས།དབུས་ན་ལྷ་ས་སྨོན་ལམ་རབ་འབྱམས་པ།འབྲས་སྤུངས་རྡོ་བཅལ་རབ་འབྱམས་པ།དགའ་ལྡན་རབ་འབྱམས་པ་ཆེན་མོ།སེ་ར་རིགས་གྲྭ་རབ་འབྱམས་པ་དང་གླིང་བསྲེ་དཀའ་བཅུ་སོགས་གྲྭ་ས་སྤྱི་སྒེར་ལ་མིང་བཏགས་ཀྱི་སྲོལ་ཡོད་པ་ལྟར།ང་རང་གིས་ཀྱང་དགོན་པ་འདིར་རྡོ་རམས་པའི་མིང་བཏགས་འཛུགས་རྒྱུར་ཁྱེད་སྔ་སོར་རིགས་ལུང་ཞབས་ཕྱིའི་དུས་ནས་རྒྱུས་ཡོད་ཅིང་།དབུས་ན་ཡང་ལྷ་རམས་པ་འོས་པའི་གྲས་ཡིན་པ་དང་།བློ་བཟང་སྙན་གྲགས་ཞེས་མིང་བཀྲ་ཡང་ལེགས་པ་སོགས་ཀྱིས་རྡོ་རམས་པའི་ཐོག་མ་བྱིན་པ་ཡིན།གདན་འཕར་ཅོག་ཙེ་སོགས་ཕྱིན་ཆད་རྡོ་རམས་པའི་བཀུར་གཟོས་ཀྱི་ཐོབ་ཡིན་ཞེས་བཀའ་ཕེབས་པར་སྐྱབས་མགོན་མཆོག་གི་མཛད་པ་ཁྱད་པར་ཅན་ཞིག་གི་ཐོག་མ་རང་ལ་གཏད་པ་ཡིན་འདུག་པས་སྐལ་བ་བཟང་སྙམ་ནས་ལགས་སོ་ཞུས་པ་ཡིན་གསུངས།དེ་ནས་བཟུང་སྟེ་དམ་བཅའ་འཇོག་བར་ལ་ཚོགས་ཆོས་གྲྭ་ཆག་མེད་མཛད་པས་ད་ལྟའི་བར་དུ་བཟང་པོའི་དཔེ་སྲོལ་རང་འཇགས་སུ་སོང།ཕྱི་ལོའི་རིགས་གྲྭའི་ཆོས་མཚམས་ལ་སྐྱབས་མགོན་མཆོག་དང་གྲྭ་ཚང་སོ་སོའི་དཔོན་སློབ་ཁྲི་གདན་ཟུར་རྣམས་རྩོད་དཔང་དུ་བཞུགས་ཏེ་མཁས་མང་རྒྱ་མཆོ་ལྟ་བུའི་དབུས་སུ་པོ་ཏི་ལྔ་ལ་ཉི་མ་ལྔར་དམ་བཅའ་བཞགདེ་སྐབས་སྐྱབས་མགོན་མཆོག་གི་བཀའ་ལྟར་གྲྭ་ཚང་ཕན་ཚུན་དང་རི་ཁྲོད་གོང་འོག་ན་བཞུགས་པའི་དགེ་བཤེས་ཐམས་ཅད་བཞེངས་ནས་བགྲོ་གླེང་མཛད་པས་པོ་ཏི་ལྔའི་དཀའ་གནད་གང་ནས་བཏང་ཡང་ལན་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱིས་དཔོན་སློབ་ཡོངས་ཀྱི་ཐུགས་འཕྲོག་པར་གྱུར།དེ་ནས་རྒྱུད་དུ་ཕེབས་ཏེ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཆོ་ག་ཕྱག་ལེན་ཐམས་ཅད་ལ་ཞིབ་པར་སྦྱངས།རྒྱུད་པ་རྒྱ་མཁར་སྒར་དུ་ཆོས་ཐོག་ལ་ཕེབས་སྐབས་ཉིན་མཚན་གཉིས་ཀྱི་རིང་ལ་པོ་ཏི་ལྔའི་དམ་བཅའ་བཞག་སྟེ་ལེགས་བཤད་ཀྱི་སྐྱེས་བསྩལ།དེ་སྐབས་སྐུ་རྐེད་ཅུང་ཟད་ལྟེམ་པར་ཡོད་སྟབས་ལས་སྣེ་རྣམས་ནས་དམིགས་བསལ་གྱིས་ཆིབས་པ་ལ་ཕེབས་ཆོག་བྱས་ཀྱང་།ལམ་བར་ནས་ཅིས་ཀྱང་མ་ནུས་ན་མ་གཏོགས།ཅུང་ཟད་ནུས་བཞིན་དུ་འགྲིག་ལམ་དང་འགལ་བ་མི་བྱེད་གསུངས་ནས་ཞབས་ཐང་ལ་ཕེབས་པ་དང་།ཚོགས་ཆོས་དགུང་ཇ་ཙམ་ཡང་ཆག་མེད་དུ་འགྲིམ་པ་སོགས་དམིགས་རྐྱེན་ལ་ཕན་ངེས་མཛད་པས་བླ་མ་དབུ་མཛད་དང་མཉམ་པའི་བརྩི་འཇོག་དང་དད་འདུན་ཆེ་བར་བྱུང་།ལོ་དིའི་སྟོན་མཇུག་བསེ་སྤྲུལ་སྐུས་དགོངས་པ་ཞུས་ཏེ་མཆོད་ཡོན་བཀའ་བགྲོས་ཀྱི་ཐོག་རྒྱུད་པའི་བླ་མ་དབུ་མཛད་ཟུང་ཆུའི་དགེ་བཤེས་ངག་དབང་བ་ཚོགས་ཆེན་གྱི་ཁྲི་དང་།རྗེ་འདི་བླ་མ་དབུ་མཛད་ལ་བསྐོ་བཞག་མཛད་ཀྱང་།ཟུང་ཆུའི་དགེ་བཤེས་པ་ཐུགས་རླུང་འཕར་ནས་ཁྲི་འདོན་མ་མཛད་པར་གནང་བ་ཞུས་པས།རྗེ་འདི་ལ་མཆོད་ཡོན་རྣམ་གཉིས་ནས་ཚོགས་ཆེན་གྱི་ཁྲིར་བཞུགས་དགོས་ཞེས་སྙན་གསན་གྱི་ཁ་དར་གནང་བ་སྐུ་ཚབ་སོ་སོས་ཕུལ་བྱུང་བར།འཆད་ཉན་དང་འགྲིག་ལམ་གྱི་རྟིང་བསྐུལ།གཏོང་སྒོ་སོགས་གང་ཅི་མི་ལྕོགས་པས་གནང་བ་ཞུ་དགོས་གསུངས་ཏེ་བཞེངས་ནས་ཕེབས་གྲབས་བྱེད་ཐོག་གྲྭ་ཐོག་གཅིག་པའི་དགེ་བཤེས་ཕལ་ཆེར་སྟབས་གཅིག་ཏུ་བྱོན་ནས་ཁྱེད་ཅིས་ཀྱང་བཞུགས་དགོས་ཞེས་རང་རང་ནས་ཁ་དར་ཕུལ་བས་གནང་བ་ཞུ་བའི་དབང་མ་བྱུང་གསུངས།དེ་ནས་ལྕགས་སྦྲུལ་ཧོར་ཟླ་བཅུ་གཉིས་པའི་ཚེས་དགུ་ལ་ཁྲི་འདོན་མཛད་ནས་མེ་ཕག་གི་ལོ་བར་དུ་པོ་ཏི་ལྔའི་འཆད་ཉན་འགྲན་ཟླ་དང་བྲལ་བ་གནང་།ཆོས་གྲྭ་རེ་རེ་ཡང་འཆག་མི་སྲིད་པ་ལྟ་བུ་མཛད་པས་འདུལ་མཛོད་དབུ་ཕར་བཞིའི་ཐལ་ཕྲེང་ལོ་རེ་ལ་རྫོགས་པར་སོང་ཞེས་ཞལ་ནས་གསུངས།ལོངས་སྤྱོད་ཀྱང་ཆོས་བཞིན་བྱས་ན་ཆར་བཞིན་གྱི་དཔེ་ལྟར་བྱུང་ནས་རིགས་གྲྭ་སོགས་མ་ཉམས་པར་བཏང་།འགྲིག་ལམ་ཡང་སྐྱབས་མགོན་རྡོ་རྗེ་འཆང་གི་བཀའ་གང་གནང་ལྟར་ལས་གཞན་དུ་ཅུང་ཟད་ཀྱང་བསྒྱུར་དུ་མེད་པའི་ངང་ཚུལ་ཨུ་ཚུགས་མཐར་སྐྱེལ་གྱི་ཚུལ་དུ་མཛད་པས།དེ་ཕྱིན་ཆད་ནས་འགྲིག་ལམ་རིམ་གྱིས་ཇེ་ཞིབ་དང་།ཆོས་སྲིད་ཀྱི་དཔལ་འབྱོར་རིམ་གྱིས་ཇེ་འཕེལ་ཕུ་སོང་བར་སྐྱབས་མགོན་མཆོག་གི་རྣམ་ཐར་དུ་གསལ་ལོ། །འཁྲུལ་འཁོར་ལྕགས་མཁར་གཏོར་སྒྲུབ་སོགས་བསྟན་སྲིད་སྤྱི་སྒེར་གྱི་རིམ་གྲོ་གང་ཅིའི་སྐབས་སུ་ཡང་ཕྱག་ལེན་གང་ཞིབ་ཏུ་གནང་བས་ཡ་མཚན་པའི་ལྟས་ཀྱང་མང་དུ་བྱུང་སྣང་ལ་ཞལ་ནས་ཀྱང་ང་རང་གྲྭ་རྐྱང་གི་དུས་ཕྱག་ལེན་སློབ་འདོད་ཆེ་བར་བྱུང་ནས་རབ་གནས།སྦྱིན་སྲེག་གཏོར་མ།འཁོར་ལོ་སོགས་ཀྱི་སྐོར་ཞིབ་པོར་བསླབས་ཤིང་།ཕྱིས་སུ་རྡོ་རྗེ་སློབ་དཔོན་ལན་དུ་མར་བྱེད་དགོར་བྱུང་པས།ཆོས་སྐྱོང་ཚོས་རྒྱུད་བསྐུལ་བ་ཡིན་ནམ་སྙམ་གསུངས།སྔ་སོར་དགོན་པའི་གླིང་དུ་འཁྲུག་ཟིང་ཆེ་བ་ཡང་རྗེ་འདིའི་སྐུ་རིང་ལ་ཞི་སོང་བས་སྐྱབས་མགོན་མཆོག་ནས་ཀྱང་ལབ་སྒྲོན་གྱི་མ་ཡིག་ཆེན་མོ་ལས་དགོན་འདིར་རེ་ཞིག་འཁྲུག་པ་མང་པོ་འོང་ཡང་ཁྲི་ཐོག་བཅུ་གསུམ་པའི་རིང་ལ་འཁྲུག་པ་ཞི་ནས་དེ་ཕྱིན་ཆད་མཚོ་ལ་དར་ཆགས་པ་བཞིན་དུ་གནས་འོང་ཞེས་ལུང་བསྟན་པ་དེ་རྗེ་གོང་མ་ནས་བརྩིས་ན་ཁྱེད་རང་ཡིན་གསུངས་ནས་དགྱེས་པ་ཚད་མེད་མཛད།དེ་ནས་ཁྲི་ཟུར་བཞུགས་བྱས་ཏེ་དགོན་པ་རང་དུ་རྒྱུན་མཚམས་ལྟར་བཞུགས་ནས་ཐུགས་དམ་ཟབ་མོའིཉམས་བཞེས་གཞན་གྱི་བློར་མི་ཤོང་བ་མཛད་ཅིང་།གྲུབ་དབང་བསོད་ནམས་གྲགས་པའི་དྲུང་དུ་གཅོད་དབང་གསན་ནས་དགུང་ལོ་དྲུག་ཅུར་ཉེ་སྐབས་གཉན་ཁྲོད་བརྒྱ་རྩ་ཡང་འགྲིམས་པ་དང་།རེས་འགའ་དབང་དང་རྗེས་གནང་ལུང་ཁྲིད་སོགས་ཀྱིས་དོན་གཉེར་བ་རྣམས་ཀྱི་ཡིད་ཀྱི་རེ་བ་སྐོང་བར་མཛད་པ་སོགས་སྐབས་སུ་གང་བབས་ཀྱི་བཤད་སྒྲུབ་རྣམ་པར་དཀར་བའི་མཛད་པ་བཟང་པོས་ཉིན་མཚན་འདའ་བར་མཛད་བཞིན་པ་ལས་ས་ཁྱིའི་ལོ་སྐྱབས་མགོན་མཆོག་གི་བཀའ་ལྟར་གཙོས་རྒྱ་མཁར་སྒར་བའི་ཁྲིར་ཕེབས།འདི་སྐབས་དང་སྔར་ཚོགས་ཆེན་གྱི་ཁྲིར་བཞུགས་སྐབས་སུ་གཏུམ་པོ་མང་པོས་བརླང་སྤྱོད་དུ་མ་བྱས་ཀྱང་སྤྱན་ཟུར་གྱིས་ཀྱང་མ་གཟིགས་པ་ལྟ་བུ་མཛད་པའི་མཐུས་མ་རུངས་པ་དེ་དག་ཕྱིར་ཞིང་དད་པར་གྱུར་ཏེ་འདི་ཕྱིའི་སྐྱབས་མགོན་དམ་པར་འཛིན་པ་བྱུང་བ་ནི་པཎ་ཆེན་ཐམས་ཅད་མཁྱེན་པས།ཁམས་གསུམ་སྐྱེ་དགུ་མ་ལུས་ཁྲོས་གྱུར་ཏེ། །གཤེ་༼གཤེས༽ཤིང་མཚང་འདྲུ་བསྡིགས་ཤིང་སྲོག་གཅོད་ཅིང་། །མི་འཁྲུག་གནོད་ལན་ཕན་པ་སྒྲུན་བྱེད་པའི། །བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་བཟོད་པའི་ཕར་ཕྱིན་ལ་གོམས་པའི་རྣམ་ཐར་དུ་སྣང་།གཞན་ཡང་ཞལ་ནས།ཁོ་བོ་ཚོགས་ཆེན་གྱི་ཁྲིར་ཡོད་སྐབས་ཚོགས་གཏམ་གཏོང་དུས་རང་གི་ཀུན་སློང་ལ་བརྟགསྔགས་བྱང་སེམས་སོ་ཐར་གྱི་བསླབ་བྱ་དང་འགལ་མི་འགལ་དཔྱད་ནས་ཚོགས་གཏམ་བཏང་བ་མ་གཏོགས།རང་འགར་༼དགར༽བག་མེད་ཀྱི་གཏམ་ཞུས་པ་མི་དྲན་ཞེས་གསུངས།འདི་ནི་རྒྱལ་བ་སྲས་དང་བཅས་པའི་སྔགས་བརྗོད་ཀྱི་ཡུལ་དུ་གྱུར་བའི་རྣམ་ཐར་བཟང་པོ་ཞིག་ཏུ་སྣང་བས་འདི་འདྲའི་མགོན་ལ་བསྟེན་པ་ལྟ་ཞོགམཐོང་ཐོས་དྲན་པ་ཙམ་ཡང་རྙེད་དཀའ་བས་དགའ་དད་མངོན་པར་འཕེལ་བར་གྱིས་ཤིགལར་དེང་དུས་མདོ་སྨད་ལྷོ་བྱང་གི་ཕྱོགས་འདིར་རྒྱལ་བའི་དགོངས་པ་དང་མཐུན་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་བའི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་རྣམས་ཅིར་ཡང་མི་རྩི་ལ།ཡིད་མི་མིན་གྱིས་བརླམས་པའི་ལྷ་མཐོང་འདྲེ་མཐོང་བྱུང་རྒྱལ་དུ་སྨྲ་བ་དང་།ཆུ་གཉན་དཀྲུག་ཅིང་ཤིང་གཉན་གཅོད་པ་སོགས་ཐོ་ཅོའི་སྤྱོད་པ་དང་།གཡོ་སྒྱུའི་མདངས་ཕྱི་རོལ་ཏུ་ཤར་བའི་ཚུལ་འཆོས་ཀྱི་རྫུ་བག་དང་།ཟང་ཟིང་གི་ཆེད་དུ་གཞན་མགོ་སྐོར་བའི་ཁ་གསག་མཁན་དག་ལ་དམ་པར་འཛིན་པ་ཆེས་མང་བ་ནི་ཇི་སྐད་དུ།སྐལ་ཆད་ནགས་ཀྱི་ཁང་བུ་ན། །ཉི་མའི་འོད་ལས་མེ་ཁྱེར་བྲིན། །ཞེས་པ་ལྟར།སྙིགས་མའི་རང་གཟུགས་མཚོ་ལྟར་རྡོལ་བའི་ངང་ཚུལ་ཡིན་ནོ། །དེས་ན་མཁས་གྲུབ་ཐམས་ཅད་མཁྱེན་པས་གཟུགས་བརྙན་གསལ་བའི་མེ་ལོང་དུ་ཇི་ལྟར་གསུངས་པ་ལྟར་ཐར་འདོད་རྣམས་ཀྱིས་གཟུགས་དང་གཟུགས་པརྙན་གྱི་དབྱེ་ན་ཕྱེད་པ་གལ་ཆེའོ། །སྐབས་ཤིག་བླ་དཔོན་གཉིས་ཀྱི་བཀའ་ལྟར་ཨུཪྒེ་གྲྭ་ཚང་གི་ཁྲིར་ཕེབས་ཏེ་ལོ་ཁ་ཤས་ལ་རྒྱ་མཁར་སྒར་དང་བཅས་ཁྲི་གཉིས་འཛིན་ཡང་མཛད།དེར་བཞུགས་རིང་ལོ་རེ་བཞིན་དགོན་པར་ཕོག་ཆེན་རེ་ཆག་མེད་དང་རྒྱ་མཁར་སྒར་དུ་ཡང་ཕོག་ཆེན་ཁ་ཤས་བཏང་ཞིང་།སྔར་སྣར་ཐང་གི་བཀའ་འགྱུར་རྒྱལ་དབང་བདུན་པ་རིན་པོ་ཆེས་ལྷག་གནས་ཀྱི་མེ་ཏོག་འཐོར་བའི་བྱིན་རླབས་ཅན་ཞིག་དང་།འདི་སྐབས་སུ་སྐྱབས་མགོན་རྡོ་རྗེ་འཆང་ལ་དངུལ་སྲང་སྟོང་དང་ལྔ་བརྒྱའི་རྩིས་ཀྱི་རྟ་ནོར་ཕུལ་ཏེ་སྣར་ཐང་ནས་བསྟན་འགྱུར་གདན་དྲངས་པ་དང་།དགོན་པར་འདུ་ཁང་ཆེན་མོའི་རྒྱ་མཐོངས་ཁོར་ཡུག་ཏུ་གོས་ཇུས་མ་སྣ་ཚོགས་ཕྱེ་ཕུར་ལྟར་བསྒྲིགས་པའི་ཆུ་དར་སྤུས་ལེགས་གོས་ཆེན་རྒྱན་བཞི་མའི་བླ་རེ་ལྔ་སོགས་འཇོག་པ་གནང་ཞིང་།སྔ་ཕྱིར་གྲྭ་ཚང་སོ་སོར་ཡང་འགྱེད་ཀྱི་ཐོག་མ་ཎི་དུང་ཕྱུར་གཉིས་བསྒྲུབས་པ་དང་།མཉན་ཡོད་ཆོ་འཕྲུལ་གྱི་མཆོད་པའི་མང་འགྱེད་སོགས་ཟང་ཟིང་གི་དངོས་པོ་ཕྱག་ཏུ་གང་བྱུང་ཐམས་ཅད་དགེ་འདུན་མཆོད་པ་དང་།སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཐབས་མཁས་བླ་ན་མེད་པའི་སྒོ་ནས་མི་ཟད་པའི་གཏེར་དུ་སྦས་ཏེ་དད་པས་སྦྱིན་པ་ཆུད་མི་འཛའ་བར་མཛད།གཤིན་པོའི་གོས་ཀྱི་ཚལ་བུ་རེ་ཙམ་ན་བཟའི་གྲས་སུ་འགྲོར་བཅུག་ཅིང་ཉལ་སྟན་ཕུལ་བ་ཡང་ཞག་ཁ་ཤས་རེ་ལ་བཞུགས་གདན་དང་།གོས་སྐུད་ཀྱི་བཅའ་ལག་རྙིང་བ་འགའ་ཞིག་གཟན་ཆིངས་གནང་བར་འདི་ཅི་ཡིན་ཞུས་པས།ཉེ་དུ་ཚོས་ང་ལ་རེ་བ་བྱས་ནས་ཕུལ་བ་རེད་ཙ་ན་ལོངས་སྤྱོད་བཞིན་དུ་གཟུངས་སྔགས་རེ་བཟླས་ན་ཕན་ཨེ་ཐོགས་བསམ་པ་ཡིན་གསུངས་ཏེ།བར་དོའི་འཕྲང་ལ་ཉམ་ཐག་པར་འགྲོ་བའི་དམིགས་ཡུལ་གྱི་གཤིན་པོ་ཡལ་བར་དོར་ནས།བརྒྱ་འབུལ་ལ་མིག་ཟུར་གྱིས་ལྟ་བཞིན་དུ་ཡོན་བདག་གི་ངོ་གང་ཟིན་བྱེད་པའི་འགྲོ་བའི་འདྲེན་པ་རྣམས་དང་མི་འདྲའོ། །དེ་སྐབས་བསྙུང་གཞི་ལྕི་བ་ཞིག་བྱུང་ཡང་གསང་སྔགས་སྨིན་རྒྱས་གླིང་གི་གྲྭ་དཔོན་སློབ་ཀྱིས་བརྟན་བཞུགས་ཕུལ་བར།ང་ལ་རང་དབང་ཅི་ལ་ཡོད་རུང་བླ་མའི་ཞབས་བརྟན་ལ་སློབ་མའི་བརྟན་བཞུགས་འདི་ས་ཆོད་ཆེ་བར་སྣང་བས་སྐྱོན་མེད་འགྲོ་གསུངས།དེ་ནུབ་ནས་སྐུ་བདེ་རུ་སོང་བ་ནི་སྐྱེ་འཆི་ལ་དབང་བའི་རྟགས་སུ་སྣང་བས།གདན་རབས་བཅུ་གསུམ་པ་ས་ཐོབ་ཀྱི་སེམས་དཔར་གསུངས་ཡོད་ཅེས་གྲགས་པ་དང་གུང་འགྲིག་གམ་སྙམ་མོ། །དེ་ནས་ཁྲི་ཟུར་བཞུགས་་མཛད་དེ་ད་ལྟ་དགུང་ལོ་བརྒྱད་ཅུ་རྩ་གྲངས་ཡིན་ཀྱང་ཡིག་ཆ་ཅུང་ཟད་ཀྱང་མ་བསྙེལ་བར་གསུང་བཤད་ཀྱི་ལུང་འདྲེན་སོགས་ཤར་ཤར་ཐོན་པ་དང་།གསང་སྔགས་ཀྱི་ཕྱག་ལེན་ཕྲ་མོ་ཞིག་ཀྱང་མ་ནོར་བར་ཐུགས་ལ་ཤིན་ཏུ་ངེས་པ་དང་།སྐུ་རླུང་ལ་གནོད་ཚུལ་ཞུས་ཀྱང་ཕྱི་དྲོའི་ཁ་ཟས་ཅུང་ཟད་ཀྱང་མི་བཞེས་པ་སོགས་བློས་དཔག་དཀའ་ཞིང་།བདེ་གསང་འཇིགས་གསུམ་གྱི་བདག་འཇུག་ཆག་མེད་ལྟ་བུ་དང་།ལམ་ཁྲིད་དང་སྨྱུང་གནས་སོགས་མདོ་སྔགས་ཀྱི་ཉམས་བཞེས་གོང་འཕེལ་དུ་བཞུགས་པ་འདི་ལགས་སོ། །་ཁྲིད་དང་སྨྱུང་གནས་སོགས་མདོ་སྔགས་ཀྱི་ཉམས་བཞེས་གོང་འཕེལ་དུ་བཞུགས་པ་འདི་ལགས་སོ། །                       

                      རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
       གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

 

བརྒྱུད་འགོད།