བླ་བྲང་གདན་རབས་བཅོ་ལྔ་བ་རྗེ་བསོད་ནམས་དབང་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-18 11:15:05     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

          གདན་རབས་བཅོ་ལྔ་བ་སྨྲ་བའི་ཁྱུ་མཆོག་འགྲན་ཟླ་མེད་པ་བསོད་ནམས་དབང་རྒྱལ་ནི་སྔོན་བཙན་པོ་དོན་གྲུབ་རྒྱ་མཚོ་སྐུ་འཁྲུངས་པའི་ཡུལ་བཙན་མོ་སྣ་ཞེས་པ་ཆོས་འཁོར་དང་ཉེ་བའི་སར་མང་ངེ་ཞེས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་མེ་རྟ་ལ་འཁྲུངས། མཁས་དབང་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་པའི་དྲུང་དུ་རབ་ཏུ་བྱུང་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་བསྡུས་གྲྭའི་བརྩི་བཞག་གསན་ཅིང་། རིགས་པའི་སེང་ཆེན་བློ་བཟང་གནས་བརྟན་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་ཕར་ཕྱིན་བཅས་ལ་སྦྱངས་པས་རྩོད་པ་ལ་ཐོགས་པ་མེད་པའི་སྙན་གྲགས་ཐོབ། ཡུལ་དབུས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་བཀའ་པོཏ་ཆེན་པོ་ལྔ་ལ་སློབ་གཉེར་རྡོ་རུས་ཐུག་པར་མཛད། དེ་དུས་ཆོས་ཐོག་ཕལ་ཆེར་ལ་ཆོས་གྲྭ་འཆག་མེད་ཀྱི་དམ་བཅའ་དང་། ཆོས་མཚམས་ཕལ་ཆེར་ལ་བྲག་ཕུག་སོགས་སུ་དཔེ་མཚམས་ལ་ཕེབས་ཏེ་ཉིན་མོ་ཐུགས་འཛིན་དང་། མཚན་མོ་ས་མཐོ་སའམ་འགོལ་ས་རེར་སྐྱོར་སྦྱངས་སོགས་ཉིན་མཚན་ཁོར་མོ་ཡུག་ཏུ་ཐོས་བསམ་ལ་གཞོལ་བར་མཛད། ཞལ་ནས། ཁོ་བོ་དབུས་སུ་སློབ་གཉེར་སྐབས་སྡུག་རུས་ཧ་ཅང་ཆེ་བ་དང་། ཆ་རྐྱེན་བཀྲེན་པས་གདན་ཙམ་ཡང་མེད་པའི་སྟབས་ཀྱིས་རླུང་དང་གཅོང་ནད་འདིས་ཐེབས་པ་ཡིན་ཞེས་གསུངས། དེ་ལྟར་སྦྱངས་པས་ཐུགས་ཀྱི་ཆུ་མཚོ་མཁས་པ་རྣམས་ལ་བྲིན་པའི་ལེགས་བཤད་ཀྱི་བང་མཛོད་དུ་གྱུར་བ་ན་དཔེ་ཁྲིད་དང་དོགས་གཅོད་ཞུ་བ་སོགས་ཀྱི་ཆེད་དུ་བློ་གསལ་བརྒྱ་ཕྲག་དུ་མ་པད་མོའི་མཚོ་ལ་ངང་མོ་འདུ་བ་བཞིན་དུ་བྱུང་། ལྷ་ལྡན་སྨོན་ལམ་དུ་བཀའ་པོཏ་ཆེན་པོ་ལྔའི་གྲྭ་སྐོར་མཛད་དེ་བསྟན་པའི་བྱ་བ་ཡང་དག་པར་བསྒྲུབས་ཤིང་ཁྲི་ཆེན་ནམ་མཁའ་བཟང་གི་དྲུང་དུ་བསྙེན་པར་རྫོགས། སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་རྒྱུད་སྡེ་བཞིའི་གཞུང་མན་ངག་མཐའ་དག་ལ་མཁས་པར་སྦྱངས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དབུས་སུ་བྱོན་སྐབས་བ་སོའི་ལྟ་ཁྲིད་ཀྱི་བཤད་པ་ཞིབ་རྒྱས་སོགས་ཆོས་མང་དུ་གསན་པར། པཎ་ཆེན་རིན་པོ་ཆེ་ནས་དགྱེས་གཟིགས་ཆེན་པོ་མཛད་ཅིང་ཕྱིས་རང་ཡུལ་དུ་འབྱོན་ཁ་བཀྲ་ཤིས་ལྷུན་པོར་མཇལ་སྐབས་སུ། ཁྱེད་སྐུ་ཡོན་བཟང་བས་སྒྲུབ་པ་སྙིང་པོར་མཛད་ན་ལེགས་ཞེས་སྐུ་གཟན་སོགས་ཀྱི་གནང་སྦྱིན་དང་བཅས་དགྱེས་པའི་གསུང་གནང་། ཁྲི་ཆེན་ནམ་མཁའ་བཟང་དང་། ལྕང་སྐྱ་ཐམས་ཅད་མཁྱེན་པ། རྗེ་ངག་དབང་བྱམས་པ་རིན་པོ་ཆེ། སྟག་ཕུ་གྲུབ་པའི་དབང་ཕྱུག བྲག་རྒྱབ་དཔོན་སློབ་བློ་བཟང་ཆོས་འཕེལ་སོགས་ཀྱི་དྲུང་དུ་ཟབ་རྒྱས་ཀྱི་མན་ངག་མཐའ་ཡས་པ་ཞིག་གསན། ཞལ་ནས་ཀྱང་དབེན་གནས་རེ་ནས་མ་ཎི་འགའ་བགྲང་ན་མཁོ་བར་འདུག་སྙམ་ནས་བཀའ་ཆོས་ཅི་ཐུབ་ཉན་པ་ཡིན་གསུངས། ཁྱད་པར་བླ་མ་བྱམས་པ་རིན་པོ་ཆེའི་གསུང་ཞལ་རྩེད་ཙམ་ཡང་མན་ངག་ཏུ་མཛད་དེ། ཕུར་བུ་ལྕོག་བླ་མའི་སྐུ་ཤོགས་ནས་འདི་འདྲ་གསུངས་ཞེས་ཡང་ཡང་སློབ་མའི་རྣ་བར་སྐྱེལ་ཞིང་། རྣམ་ཐར་གསུང་གླེང་གནང་དུས་སྤྱན་ཆབ་དབང་མེད་པ་འཁྲུག་པ་ཞིག་སྣང་། ཕ་ཡུལ་ནས་གདན་འདྲེན་པ་ལན་གཉིས་སོང་ཡང་སྔོན་བྱོན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུས་གཙང་གི་གནས་འདིར་རི་ཁྲོད་ཅིག་བསྟེན་དགོས་དགོངས་ནས་མ་ཕེབས་པས་ཡང་བསྐྱར་གདན་འདྲེན་པ་སོང་སྐབས་སྐྱབས་མགོན་རྡོ་རྗེ་འཆང་ནས་ཡི་གེ་ནན་ཅན་གནང་འདུག་པར་བརྟེན་མདོ་སྨད་དུ་བྱོན། བཀྲ་ཤིས་འཁྱིལ་དུ་པོ་ཏི་ལྔ་བསྡུས་གྲྭ་དང་བཅས་པར་དམ་བཅའ་བཞག་པས་མཁས་པའི་ཡོན་ཏན་མངོན་དུ་གྱུར། རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་ཕེབས་འདུན་གྱིས་སྐྱབས་མགོན་རྡོ་རྗེ་འཆང་ལ་དགོངས་པ་ཞུས་པར།ཁྱོད་རི་ཁྲོད་ལ་འགྲོ་མི་ཁོམས།ངས་ཚེ་འདིར་བསྟན་འགྲོ་ལ་ཕན་ཅི་ཐོགས་ཤིག་བྱེད་རྒྱུར། ངེད་རང་ཚོ་ཚེ་རབས་དུ་མ་ནས་འབྲེལ་བ་ཡིན་པས་ང་ལ་གྲོགས་ཤིག་བྱེད་དགོས། དེང་སང་གི་སྐྱེ་བོ་ལ་ཕན་ཐོགས་པ་ཤིན་ཏུ་དཀའ་བར་འདུག ། ངའི་རྨི་ལམ་དུ་ཐང་ཆེན་པོ་ཞིག་ན་སྐྱེ་བོ་གྲངས་མེད་པ་ཞིག་ཚོགས་ནས་འདུག་པ་ང་རང་གིས་རི་རྩེ་ནས་ཐག་པ་བཏང་སྟེ་ཡར་འཐེན་པས་ཐམས་ཅད་རི་རྐེད་ཅིག་ནས་མི་ཡོང་བ་འདུགསྐབས་ཤིག་མི་ནག་པོ་ཞིག་གིས་ང་ལ་འཐེན་གྲོགས་བྱས་པས་དེའི་ཕྱེད་ཙམ་རི་རྩེར་ཐོན་ཐུབ་པ་ཞིག་རྨིས་གསུངས། མི་ནག་པོ་དེ་སུ་ལགས་ཞུས་པས། དེ་ཡེ་ཤེས་ཀྱི་མགོན་པོ་ཡིན་པར་འདུག་པས། ཁྱེད་རང་གིས་ཀྱང་མགོན་པོའ ་ིརྣལ་འབྱོར་ལ་འབད་ན་ལེགས་གསུངས། དེ་ནས་བཟུང་སྟེ་བླ་མགོན་དབྱེར་མེད་དང་སྙིང་ཞུགས་གྲིབ་སེལ་སོགས་དང་གཞན་ཡང་མགོན་པོའི་རྣལ་འབྱོར་ཟབ་ཁྱད་ཅན་དུ་མ་ཐུགས་ཉམས་སུ་བཞེས་པར་གདའ།སྐྱབས་མགོན་མཆོག་གི་ཞབས་ཕྱིར་རྒྱ་ནག་ཏུ་ཕེབས་སྐབས་དེ་ཕྱོགས་སུ་སློབ་མ་མང་བའི་སྟབས་ཀྱིས་སྙན་གྲགས་ཆེ་བར་བྱུང་སྟེ།སྦྱིན་བདག་ཕལ་ཆེར་གྱིས་ཟུར་དུ་འབུལ་ནོད་བསྟབས་པས་ཕྱག་རྫས་གཏོས་ཆེ་ས་བྱུང་ཡང་མང་འགྱེད་དུ་བཏང་སྟེ་འདོད་ཆུང་ཆོག་ཤེས་ཀྱི་རྣམ་ཐར་གསལ་བར་བསྟན།ལྕང་སྐྱ་རྡོ་རྗེ་འཆང་གི་དྲུང་དུ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་གསན་སྐབས་དཀའ་གནད་ཀྱི་གསུང་འཕྲོས་གང་གནང་ལ་ལན་ཐོགས་པ་མེད་པར་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ནས་སྒེར་གྱི་གསུང་གླེང་འབེལ་ཞིང་ཐོན་ཆག་ཀྱང་སྤམ་མཐོ་བ་གནང་།སྐུ་ལ་ཡུན་རིང་བཞེས་པའི་སྐུ་འགག་ཅིག་ཀྱང་བསྩལ་པ་ཕྱིས་བཀྲ་ཤིས་འཁྱིལ་དུ་ཐུབ་དབང་གི་སྐུ་མི་ཚད་ཙམ་བཞེངས་པའི་གཟུངས་གཞུག་ཏུ་འབུལ་བར་མཛད།དགུང་ལོ་ཞེ་བརྒྱད་པ་ཆུ་སྦྲུལ་ལོ་ཚོགས་ཆེན་གྱི་ཁྲིར་ཕེབས་ཏེ་མེ་བྱའི་དཔྱིད་བར་དུ་འཆད་ཉན་གནང་།ཆོས་གྲྭའི་གསུང་ཆོས་ལ་ལམ་རིམ་གྱི་གསུང་བཤད་གནང་བས་ཉན་མཁན་ཐམས་ཅད་སྣང་བ་འགྱུར་འགྲོ་བ་ཞིག་མཐུན་གྲུབ་ཡིན་ལ།བརྩི་བཞག་གནང་སྐབས་པོ་ཏི་ལྔའི་དཀའ་གནད་ལ་རེས་འགའ་བཤད་པ་དང་།རེས་འགའ་འཛིན་གྲྭ་སོ་སོར་རྩོད་པ་གནང་བ་སོགས་ཉིན་རེས་མོས་དང་།འཛིན་གྲྭ་རེས་མོས་སུ་མཛད་པས།དབྱར་དུས་ཉི་མ་ཤིན་ཏུ་རིང་བའི་སྐབས་སུ་ཡང་ཉིན་རིང་པོ་ཆོས་ཐུན་གཉིས་ཙམ་གྱིས་འདའ་ཞིང་། འཛིན་གྲྭ་གཤམ་མའི་ཟླ་བོ་བྱེད་མཁན་རྣམས་ཀྱིས་བརྩི་བཞག་སླེབ་ཀྱི་བར་དུ་ཕན་ཚུན་བགྲོ་གླེང་ཚར་བཞི་རེ་ཙམ་བྱེད་ལོང་ཡོད་པར་མྱོང་སྟོབས་ཀྱིས་གྲུབ། ཆར་ཆེ་བའི་དུས་སུ་བཙུགས་ཤིང་ལ་ཆར་སྐྱོན་བྱེད་མི་འཇུག་ཅིང་། ཁ་ཆར་དང་གྲང་ངད་ཚ་བའི་དུས་སུ་བརྩི་བཞག་རྒྱུན་ལྷག་པར་བསྲིངས་ནས་གནང་སྟེ། ད་རེས་ཚོགས་སོག་སྒྲིབ་སྦྱོང་ཚན་ཆེ་སྙམ་པའི་སྐལ་བ་བཟང་པོ་ལ་སྦྱོར་བ་དང་། སྲོད་ཆོས་སོགས་ལ་ཡང་འཕྲོས་པ་ཡུན་རིང་གནང་ཞིང་། སྐབས་འགའ་ཞིག་ཏུ་མཚན་མོ་འཛིན་གྲྭ་གོང་འོག་བསྲེས་ནས་རྩོད་བཅུག་སྟེ་ཡུན་རིང་གཟིགས་རྟོག་གནང་བ་སོགས་རྟིང་བསྐུལ་ཆེར་མཛད་པས་འཆད་ཉན་མེ་ལྟར་འབར་བར་གྱུར། ཁྲི་ཆེན་བློ་བཟང་སྙན་གྲགས་པ་ནས་རྗེ་འདི་བའི་བར་འགྲིག་ལམ་ཇེ་ཞིབ་དང་། འཆད་ཉན་ཇེ་འཕེལ་གྱི་མུ་ཕྲ་ཉག་མེད་པ་བྱུང་བས་བླ་མ་འདི་གསུམ་གྱི་རིང་ལ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་སྤེལ་བར་ནུས་པའི་དགེ་བཤེས་ཐོན་ཆེ་བར་བྱུང་ཞིང་། ལྷག་པར་འདི་སྐབས་སྐྱབས་མགོན་རྡོ་རྗེ་འཆང་ལ་སྙན་བསྐུལ་རིམ་པར་ཞུས་པ་བཞིན་ཐོས་བསམ་གླིང་ལ་བཅའ་ཡིག་ཟུར་དུ་བཞག ཚོགས་ཆེན་ལ་སྦྱིན་བདག་ཟུར་བ་མེད་སྐབས་ཐོས་བསམ་གླིང་ལ་གྲྭ་ཇ་སྟར་ཆགས་སུ་གཏོང་བའི་སྲོལ་བཙུགས། པོ་ཏི་ལྔའི་རྩོད་གྲྭ་ཧོར་ཁོངས་སུ་མི་ལུས་པའི་ཆེད་དུ་རྩོད་ཡིག་བཞག བསྡུས་གྲྭ་བ་རྣམས་སྤོབས་པ་སྐྱེ་བ་སོགས་ཀྱི་ཆེད་དུ་རྭ་སྟོད་ལྟར་བསྡུས་གྲྭའི་ཚོགས་ལངས་གསར་འཛུགས་མཛད། གླིང་བསྲེ་རིགས་གྲྭ་སོགས་འགྲིག་ལམ་མང་པོ་དག་ཐེར་ཞིབ་མོས་བཀའ་རྒྱ་བཞགསློབ་གཉེར་བ་དྲག་ཤོས་རྣམས་ལ་རྟིང་བསྐུལ་མཛད་ནས་རྣམ་བཤད་གསེར་ཕྲེང་སོགས་གཞུང་ཆེན་མོ་དུ་མའི་སྐྱོར་སྦྱངས་ཀྱི་སྲོལ་བཏོད། གཏོར་སྒྲུབ་ལྕགས་མཁར་གྱི་ཕྱག་ལེན་འདོན་ཆོག་སོགས་སྙན་རྒྱུད་དང་ངག་སྒྲོས་སུ་བཞུགས་པར་དག་ཐེར་ཞིབ་མོ་གནང་སྟེ་འདོན་ཆོག་ནག་འགྲོས་སུ་བཀོད་པ་སོགས་ཕྱག་རྗེས་རླབས་ཆེ་བ་བསྐྲུན། དེ་ནས་ཁྲི་ཟུར་བཞུགས་མཛད་པའི་བར་སྐབས་ཤིག་སྐྱབས་མགོན་མཆོག་གི་བཀའ་ཟློག་མ་ནུས་པར་ཀླུ་འབུམ་ཇ་སག་གི་བླ་མར་རིབ་ཙམ་ཕེབས། དུས་དེ་ཙམ་མ་གཏོགས་བྱ་ལོ་ཁྲི་ཟུར་བཞུགས་མཛད་པ་ནས་བཟུང་སྟེ་སྐུ་མ་འདས་ཀྱི་བར་དུ་ལམ་ཁྲིད་དང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ལྗགས་བཟླས། དམིགས་བརྩེ་མའི་ཁྲིད། བདེ་མཆོག་ལུས་དཀྱིལ་གྱི་བསྐྱེད་རྫོགས་ཀྱི་ཁྲིད། ལྟ་ཁྲིད། མགོན་པོའི་རྣལ་འབྱོར་ཞལ་ལས་ཤེས་པ་དུ་མའི་ཁྲིད་སོགས་ཕལ་ཆེར་ཉམས་བཞེས་ཆག་མེད་གཞིར་བཞག་གིས་དབྱར་དཔེ་གཟིགས་དང་། དགུན་བསྙེན་སྒྲུབ་གཙོ་བོར་གནང་ཞིང་། བསྙེན་སྒྲུབ་ཀྱི་སྐབས་སོགས་སུ་ཡང་ཐུན་བར་ལ་དཔེ་གཟིགས་རྒྱུན་མི་འཆད་པས་དགུང་ལོ་མཐོ་བའི་སྐབས་སུ་ཡང་ཡིག་ཆའི་ཚིག་ཕལ་ཆེར་ཐུགས་ཐོག་ནས་ཤར་ཤར་ཐོན་ཅིང་། བསྡུས་གྲྭའི་ཁས་ལེན་གྱི་འཛིན་མཚམས་ཕྲ་མོ་རེ་ཡང་མ་བསྙེལ་བར་ཐུགས་ལ་ངེས་པ་དང་། རྒྱུན་དུ་ཁ་ཏ་རེ་གནང་བ་ཡང་བྱང་ཆུབ་ལམ་རིམ་གྱི་གླེགས་བམ་ཁ་ཕྱེ་བ་ལྟ་བུ་ཞིག་ཡིན་པས་བདག་ལྟ་བུའི་དམུ་རྒོད་ཀྱི་སྐྱེ་བོ་རྣམས་ཀྱང་དྲུང་དུ་སླེབས་པ་ཙམ་གྱིས་འཕྲལ་དུ་རང་མཚང་ལ་འགྱོད་པ་རང་ཤུགས་ཀྱིས་སྐྱེ་བ་ཞིག་ཡོང་། སྐབས་འདི་དག་ཏུ་ཡང་བསྟན་འགྲོ་སྤྱི་ལ་དགོངས་པའི་ལྷག་བསམ་གྱི་མཐུས་དགོན་པའི་འགྲིག་ལམ་སོགས་སྐྱབས་མགོན་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ལ་ཐུགས་ཁུར་ཤིན་ཏུ་ཆེ་ཞིང་། མཛེས་ལམ་དུ་མ་སོང་བའི་སྙན་བསྐུལ་གྱི་ཆུ་རྒྱུན་དུ་མ་ཕུལ་བ་ཐུགས་ཀྱི་ཆུ་མཚོར་གཞོལ་བར་གྱུར་ཏེ། ཕྱག་ལེན་ལ་ཐེབས་པའི་རླབས་ཕྲེང་སྤྲོས་པ་མང་པོ་ཞིག་མངོན་སུམ་གྱི་ཡུལ་དུ་གྱུར། སྔ་སོར་ཁྲིར་བཞུགས་སྐབས་སྐྱབས་མགོན་མཆོག་ལ་ལྕགས་མཁར་གྱི་རྣམ་བཤད་ཅིག་བཀའ་རྩོམ་གནང་དགོས་ཞུས་པར། འོ་ན་ཁྱེད་ཀྱིས་བསྡུས་གྲྭ་ཞིག་རྩོམས་ཞེས་ལྷ་རྫས་ནང་མཛོད་དང་བཅས་བསྐུལ་མ་མཛད་པ་ལྟར་བསྡུས་གྲྭའི་རྣམ་བཞག་གསུང་རྩོམ་མཛད་ཅིང་། ལེགས་བཤད་སྙིང་པོའི་དཀའ་གནད་ཀྱི་ཟིན་བྲིས་དང་། རྣམ་ཐར་སྒོ་གསུམ་གྱི་མཐའ་དཔྱོད། འདུལ་བའི་སྤྱི་བསྟན་ལྗགས་ཞུས་ཀྱི་འཕྲོ་ཅན་སོགས་མཛད་ལ། དབུ་ཕར་གྱི་ཟུར་བཀོལ་དུ་མ་བཀའ་རྩོམ་གནང་བཞེད་ཡོད་ཀྱང་བསྐུལ་མཁན་མ་བྱུང་།འཆད་འགྱུར་བླ་མ་རྗེས་མས་རྗེའི་གསུང་འབུམ་གནང་བའི་ཕྱི་དེ་ནས་རིམ་གྱིས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ།བཀའ་གདམས་པའི་གསུང་དུ་མ།བཀའ་གདམས་གཞུང་དྲུག་སོགས་རྒྱ་གཞུང་གང་མང་།བླ་མ་བྱམས་པ་རིན་པོ་ཆེའི་གསུང་འབུམ་སོགས་ཀྱི་ལུང་།ལམ་ཁྲིད་ཡང་ཡང་།བཤད་ལུང་དང་ཟབ་ཁྲིད་དུ་མ།རྗེས་གནང་གང་ཞུས་སོགས་སྩོལ་པར་མཛད།དགུང་ལོ་རེ་བརྒྱད་པ་ཆུ་གླང་གི་ལོ་བཅད་རྒྱའི་བར་སྐབས་ཤིག་བད་ཀན་གྱི་བསྙུང་གཞི་ཅུང་ཟད་འཕར་ཀྱང་ཇེ་བདེར་སོང་འཕྲལ་ཡང་བསྐྱར་བཅད་རྒྱར་བཞུགས་པ་ལ།སླར་བསྙུན་ལྕི་བར་སོང་སྟེ་བཅད་རྒྱ་གྲོལ།སློབ་མ་དྲག་ཞན་ཐམས་ཅད་ལ་མཇལ་ཁ་དང་།བབ་བསྟུན་གྱི་ཞལ་ཏ་བསྩལ།འདི་སྐབས་ཐུགས་དམ་ཞིག་གི་སྐབས་སྤྱན་ཆབ་ཉིལ་གྱིས་བྱུང་བ་དེ་སྐབས་ཅི་ཡིན་མ་ཤེས་ཀྱང་།སྐུ་འདའ་ཁར་ཁ་སང་དུས་ཕྱིས་དགེ་སྦྱོར་ཁ་འདོན་གྱི་རིགས་མ་ནུས་པས་རླུང་འགྲོ་འོང་གཉིས་པོ་འདི་ཁོ་ན་ཡིན་ཏེ།ད་སྒྲིབ་པ་དག་པའི་རྟགས་མང་པོ་བྱུང་གསུངས་པ་ལ་དཔགས་ན།དེ་སྐབས་གཏོང་ལེན་ལ་བརྟེན་ནས་བྱམས་སྙིང་རྗེ་དང་།བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གནང་བས་འགྲོ་ཀུན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེའི་ཤུགས་ཀྱིས་སྤྱན་ཆབ་བཀླགས་པར་ཐེ་ཚོམ་མེད་དོ། །ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་གི་དགུང་མོ་བསྙུང་གཡོག་རྣམས་ལ་དགྱེས་པའི་གསུང་ཕེབས་པར།དཔའ་རིས་དགེ་སློང་འཇིགས་མེད་དམ་ཆོས་ཀྱིས།ཉིད་ཀྱིས་གཟིགས་ན་སྐུ་ཁམས་ཀྱི་བབས་༼བབ༽ཅི་འདྲ་འདུག་ཞུས་པར།ས་ཁམས་ཁ་སང་ནས་ཐིམ་སོང་གསུངས།འོ་ན་སྐུ་ཚེ་འདིར་ཐོས་བསམ་སྒོམ་སྒྲུབ།འཆད་ཉན་གང་ནས་ཀྱང་སྐུ་དོན་མཐར་ཕྱིན་པ་ཡིན་འདུག་པས།ད་ནི་འབྱུང་བའི་ཐིམ་རིམ་ནས་བཟུང་སྟེ་འོད་གསལ་བ་བུ་བསྲེ་བའི་བར་གྱི་ཐུགས་དམ་གྱི་སྐོར་སོགས་ཐུགས་ནས་མ་བསྙེལ་བའི་ངང་ནས་སྐུ་ཡོན་དྲན་ནུས་པའི་མཆོག་སྤྲུལ་ཞིག་འབྱོན་རྒྱུའི་ཐུགས་འདུན་གནང་དགོས།སྐྱབས་མགོནཐམས་ཅད་མཁྱེན་པས་ཀྱང་རང་རེ་ཚོ་ཚེ་རབས་སྔ་མ་ནས་འབྲེལ་ཆེ་བས།ཕྱི་མར་ཡང་འདི་བཞིན་སྨོན་ལམ་འདེབས་དགོས་ཞེས་བླ་མ་སྔ་མ་རྣམས་ལ་ཡང་ཡང་གསུང་གི་ཡོད་པ་ཐུགས་མངའ་ལྟར་ལགས་ཞུས་པས།སྐྱབས་མགོན་རིན་པོ་ཆེ་དང་འབྲེལ་ཆེ་བ་འདྲ།ཆུང་ངུ་ནས་རྗེ་འཇམ་དབྱངས་བཞད་པའི་མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་བ་ཞིག་ཡོད་ཅིང་།ཕྱིས་སུ་གཟིམས་ཁང་དུ་སོང་ན་ཡང་དེ་ལྟར་དུ་འདུགསྐུ་ཞབས་རིན་པོ་ཆེས་ཀྱང་ཚེ་རབས་སྔ་མར་འབྲེལ་ཆེ་ཞེས་གསུང་སྐབས་ཤིགའོ་ན་ང་ཁྱེད་ཀྱི་སྐུ་གོང་མའི་ནང་གཟན་ཞིག་ཏུ་སྐྱེས་སམ་ཞུས་པར།ཁྱེད་ཚ་ཁོ་རབ་འབྱམས་པ་དགེ་འདུན་གྲགས་པའི་སྐྱེ་བ་ཡིན་པར་འདུག་གསུངས་སོང་།ཚེ་འདིར་མཆོག་སྤྲུལ་ཞིག་དང་མཇལ་མ་ཐུབ་ཀྱང་།ཕྱི་མར་མཇལ་བའི་སྨོན་ལམ་འདེབས་པ་གཞིར་བཞག་ཡིན་གསུངས།ད་ངའི་ལུས་ཀྱིས་ཚུགས་མི་ཐུབ་པས་གློ་གཡས་སུ་ཉལ་དགོས་གསུངས།དེ་ལྟར་མཛད་ནས་སྟོན་པ་སངས་རྒྱས་ཀྱང་འདི་ལྟར་བཞུགས་པ་ཡིན་གསུངས།སྐབས་ཤིག་ངས་སྐྱིལ་ཀྲུང་བྱེད་དགོས་པ་འདུག་གསུང་།ཞབས་སྐྱིལ་ཀྲུང་གིས་དྲང་བོར་བཞུགས།བརྡའ་གནང་བ་ལྟར་ཐུགས་དམ་གྱི་རྟེན་མགོན་པོ་དང་།འཇམ་དབྱངས་ཀྱི་ཐང་སྐུའི་ཞལ་ཕྱེ་བར་ཐལ་མོ་སྦྱར་ནས་གཟིགས་པར་མཛད།དེ་ནས་ཕྱག་མཉམ་གཞག་མཛད་དེ་ཧིག་གསུམ་གནང་བས་ཐ་མའི་སྐབས་དབུགས་ཀྱི་རྒྱུ་བ་ཆད་དེ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་ཆེན་སྟོང་བའི་དབྱིངས་སུ་ཞུགས་པའི་ཐུགས་དམ་གྱི་ངང་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། །དེའི་ཚེ་དབྱར་དུས་ལྟར་ན་བུན་འཐིབས་པ་དང་།ནམ་མཁའ་གཡའ་དག་པ་དང་།འཁོར་ལོ་དང་པདྨོའི་དབྱིབས་ཅན་གྱི་ཁ་བ་ཤེལ་ལྟར་འཚེར་འཐོར་བ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་བ་མིག་གི་ཡུལ་དུ་གྱུར་ཏོ། །                                                 

                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།