བླ་བྲང་གདན་རབས་བཅུ་བཞི་བ་རྗེ་ངག་དབང་འཕྲིན་ལས།​

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-18 10:31:04     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

img_2311.jpg

        གདན་རབས་བཅུ་བཞི་བ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ངག་དབང་འཕྲིན་ལས་པ་ནི།གཙོས་འབྲོང་ལྕེའི་སར་ཡུལ་དེའི་སྡེ་དཔོན་ཞིག་གི་རྒྱུད་དུ་རབ་བྱུང་བཅུ་གཉིས་པའི་མེ་བྱའི་ལོ་འཁྲུངས།སྐུ་ན་ཕྲ་བའི་དུས་ཁྱ་དགེ་དཔོན་སློབ་ཡིན་ཞེས་གཏོར་ཟོར་རྡེབ་པའི་སྟངས་ཀ་མཛད་པ་སོགས་དམ་པའི་སྤྱོད་ཚུལ་ལྷུན་གྲུབ་ཏུ་བྱུང་ཞིང་།ཨ་ར་པ་ཙ་ན་རྒྱུན་དུ་ཞལ་འདོན་མཛད།དགུང་ལོ་བཅུ་གསུམ་པའི་དུས་བྲག་དཀར་དགོན་གྱི་མཚན་ཉིད་གྲྭ་ཚང་དུ་ཕེབས་ཏེ་མཁས་དབང་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་པའི་དྲུང་དུ་བསྡུས་གྲྭའི་སྐྱོར་དཔོན་མཛད།ཉིད་ཀྱི་ཕུ་བོ་ཕྱིས་སུ་སྒོ་མང་བླ་མ་བྱུང་བ་པྲ་ཉེ་ངག་དབང་དགེ་ལེགས་བཀྲ་ཤིས་འཁྱིལ་ནས་དབུས་སུ་སོང་བར་བརྟེན།བཀྲ་ཤིས་འཁྱིལ་དུ་ཕེབས་འདོད་དྲག་པོ་སྐྱེས་ཏེ་སྨོན་ལམ་གྱི་མཇལ་བ་དང་འགྲོགས་ནས་འབྲོས་སྟསས་ཀྱིས་འོངས།དགོན་པའི་སྐོར་ལམ་དུ་སླེབ་དུས་ཁྲི་རིན་པོ་ཆེ་གསུང་ཆོས་ནས་ཕེབས་པའི་རྒྱ་གླིང་གཏོང་བ་དང་།འདུ་ཁང་དུ་ཚོགས་དུང་འབུད་པ་སོགས་རྟེན་འབྲེལ་ལེགས་པ་བྱུང་། ད་ལྟ་བ་རིན་ཆེན་ཆོས་བཟང་ཞེས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བཤེས་ཆེན་པོ།ཆོས་བརྒྱད་ཀྱི་སྤྲོས་པ་གཏན་ནས་མི་མཛད་ཅིང་། མ་རྒྱུད་ཀྱི་བསྐྱེད་རྫོགས་རྒྱུན་གྱི་རྣལ་འབྱོར་དུ་མཛད་པས་སྐུ་གཤེགས་སྐབས་ཐུགས་དམ་ལ་ཞག་ཉེར་ལྔ་བཞུགས་ཤིང་སྟེང་སྒོ་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པ་སོགས་རྫོགས་རིམ་མངོན་གྱུར་གྱི་རྟགས་མཚན་དང་ལྡན་པ་དེ་ཉིད་དགེ་རྒན་དུ་བསྟེན།འཇམ་མགོན་ཁྲི་རིན་པོ་ཆེའི་དྲུང་དུ་བསྡུས་གྲྭ།བློ་རྟགས།ཕར་ཕྱིན།སྡེ་ཁྲི་རིན་པོ་ཆེར་དབུ་མ་འདུལ་མཛོད་བཅས་གསན་ནས་སྦྱངས་པ་ཆེར་མཛད།གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་བསྙེན་པར་རྫོགས་ཤིང་།ཁོང་རྒྱ་ནག་ཏུ་འབྱོན་སྐབས་སྐྱེས་རབས་སོ་བཞི་བའི་དཔེ་ཆ་ཞིག་གནང་ནས་འདི་ཁྱོད་ལ་དགོས་གསུངས་པ་ནི་ཕྱིས་སུ་གསུང་ཆོས་འཆད་དགོས་པའི་ལུང་བསྟན་དུ་སྣང་།དེས་མཚོན་རྗེ་དེ་ཉིད་ནས་དགྱེས་པ་ཚད་མེད་པས་གསུང་གླེང་སྦ་གསང་མེད་པར་གྲྭ་ཐོག་གཅིག་པ་རྣམས་གླེང་།རྒྱུད་ལ་ཡང་ལོ་ཁ་ཤས་ཕེབས་ནས་འགྲེལ་བ་དང་།ཊཱིཀྐ་བསྐྱེད་རྫོགས་སོགས་ལ་ཞིབ་པར་སྦྱངས།སྐབས་ཤིག་སྐྱབས་མགོན་རྡོ་རྗེ་འཆང་ནས་རྒྱུད་ན་བཞུགས་པའི་དགེ་བཤེས་རྣམས་ཚོགས་ཆེན་དུ་འོང་དགོས་གསུངས་པས་སླར་མཚན་ཉིད་གྲྭ་ཚང་དུ་ཕེབས། དེ་སྐབས་སུ་གསང་འདུས་ཀྱི་ཆོ་ག་ཆག་མེད་མཛད་ཅིང་། འདུས་པའི་བློས་བསླང་བཞེངས་རྒྱུ་ཡིན་ན་ང་ལ་གསལ་པོ་འཆར་གི་འདུག་ཅེས་ཉེ་གནས་དམ་པ་དགེ་བཤེས་ངག་དབང་ཚུལ་ཁྲིམས་ལ་གསུངས་ཏེ་འཇིམ་བཟོ་ཤེས་ཙམ་མིན་པར་རྟེན་གྱི་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་ཤར་བའི་གསུང་ངོ་། །ཕས་རྒོལ་ཟིལ་གྱིས་གནོན་པ་ལ་རྣམ་དཔྱོད་འགྲན་ཟླ་མེད་པའི་མཁྱེན་རབ་ཀྱི་རྩལ་ཤིན་ཏུ་ཆེ་ཞིང་ཁྲི་ཆེན་རྒྱལ་མཚན་སེང་གེ་ཆིང་ཝང་གི་ཨུཪྒེར་ཕེབས་སྐབས་དང་། སྐྱབས་མགོན་མཆོག་གདན་སའི་ཁྲི་འདོན་མཛད་སྐབས་སོགས་སུ་ཚོགས་ལངས་མཛད་པས་བགྲོ་གླེང་། ཐལ་སྐད། འཁོར་གསུམ། སྨྲ་བརྗོད། སྐུ་གཟུགས།སྤོབས་པ་ཐམས་ཅད་ཀྱིས་ཁྲོམ་ནོན་པ་བྱུང་བས་སྙན་གྲགས་ཆེར་རྒྱས།སྐྱབས་མགོན་རྡོ་རྗེ་འཆང་དབུས་ནས་བྱོན་སྐབས་ཞབས་ཕྱི་དགེ་བཤེས་བཞིས་ཆོས་གྲྭར་དམ་བཅའ་བཞག་པར།རྗེ་འདིས་ལན་གྱིས་ཟློག་པར་མི་ནུས་པའི་ཐལ་འགྱུར་གྱི་ཕྲེང་བ་སྤྲོ་བར་མཛད་པ་ལ་དེ་གྲས་ཀྱི་དགེ་བཤེས་ཟུང་ཆུ་ངག་དབང་བ་ཟེར་བས།ངག་དབང་འཕྲིན་ལས་ཀྱིས་རྡོ་ཞིག་ལ་བགྲོ་གླེང་བཏང་ན་ཡང་རྡོ་དེས་ཁ་ཞིག་གྲག་དགོས་རྒྱུ་རེད་སྙམ་པ་འཆར་ཞེས་བཅོས་མིན་གྱི་པསྔགས་བརྗོད་མཛད། རྡོ་རམས་པའི་མཚན་བཏགས་སྐབས་ཟླ་གམ་རྐེད་པར་དཀྲིས་ནས་ཁྱབ་འགྲིག་འཕེན་པ་དང་།ཤགས་རྣོ་ཞིང་ཁས་ལེན་ཞིབ་ཆ་ཆེ་པ་དང་།ལན་ངར་ཞིང་མྱུར་བས་ཕྱི་རྒོལ་གྱི་སྤོབས་པ་འཕྲོག་པ་སོགས་རྟོག་གེ་བའི་ལུགས་བཟང་པོ་མ་ཉམས་པར་བྱས་པའི་བསྔགས་བརྗོད་ད་ལྟའི་བར་དུ་སྣང་བས།གྲགས་སྙན་ལ་རེ་བ་ཚོས་དེ་ལྟར་མཛད་ན་ལེགས་ཀྱི་ངོ་ཚ་བའི་ཡུས་ཀྱིས་སྦུག་འཐུམས་ཏེ་ཤི་མིན་གསོན་མིན་གྱི་ཚུལ་དུ་ཡིན་ཡིན་མིན་མིན་གྱི་གཏམ་ཉོག་པོས་མཁས་མང་གི་དཔུས་སུ་ཉི་མ་ཅི་འཁྱོང་བྱས་པ་ཙམ་ལ་དཀའ་བཅུ་དང་རབ་འབྱམས་སྨྲ་བའི་དྲི་ཙམ་ཡང་མི་བྲོའ།ོ །དེ་ལྟར་ལུང་རིགས་ལ་མཁས་པ། མཁྱེན་རྒྱ་ཆེ་བ། གཟུ་བོར་གནས་པ།སྙིང་སྟོབས་བརྟན་པ།སྤྱིའི་བྱ་བྱེད་གཞན་ངོར་མི་གཏོང་བ་སོགས་ཆོས་སྲིད་གཉིས་འཛིན་གྱི་ཡོན་ཏན་དཔག་དཀའ་བས་ཚོགས་ཆེན་ཞལ་ངོ་དང་རྒྱུད་པ་བླ་མ་དབུ་མཛད་ཀྱི་གོ་ས་ཐེམ་སྐས་རིམ་བགྲོད་ཀྱི་ཚུལ་དུ་ཚོགས་ཆེན་གྱི་ཁྲིར་ཕེབས།བརྩི་བཞག་ཆག་མེད་མཛད་པས་ཁྲི་ཆེན་སྙན་གྲགས་པ་དང་རྗེ་འདི་བ་གཉིས་ཀྱི་སྐུ་རིང་ལ་ཟླ་ཆོས་ཆེན་མོ་རེར་བརྩི་བཞག་མེད་པའི་ཆོས་ཐུན་ཞིག་བྱུང་ན་ཤིང་སློང་བཏང་བ་ལྟ་བུའི་སྣང་བ་འཆར་ཞེསཐམས་ཅད་ཀྱིས་མཐུནཔར་གླེང་།གྲོང་ཆོག་ནས་ཕེབས་འཕྲལ་ཆོས་གྲྭ་འབྱོར་ཚོགས་ཡོད་ན་བླ་བྲང་དུ་མི་འབྱོན་པར་ཆོས་གྲྭར་འཕྲལ་ཕུ་བྱོན་ནས་བརྩི་བཞག་གཏོང་བ་རྒྱུན་དུ་གནང་བས་དཔྱོད་ལྡན་རྣམས་ཀྱིས་ལྷག་པའི་ལྷས་བྱིན་གྱིས་བརླབས་པ་ཡིན་ནམ་ཞེས་བསྔགས་བརྗོད་མཛད་པ་དོན་ལ་གནས་པར་མངོན་ཏེ།ཞལ་ནས།ཁོ་བོ་ཚོགས་ཆེན་ཁྲིར་ཡོད་སྐབས་གྲོང་ཆོག་སོགས་ལ་འགྲོ་དུས་སང་གི་བརྩི་བཞག་ལ་ཚར་རེ་རེ་ཙམ་བལྟས་ནས་ཕྱིན་པས།མཚན་མོ་ཉལ་ཁར་བསམ་བློ་བཏང་ན་ཅུང་ཟད་ཀྱང་མི་འཆར།ནམ་ཕྱེད་ཙམ་བསམ་བློ་བཏང་ན་ཐོར་རེ་བ་ཞིག་ཡིད་ངོར་འཆར།ཐོ་རེངས་བསམ་བློ་བཏང་ན་ཁྲ་ལམ་མེར་འཆར་ཞེས་གསུངས།གྲང་ངད་ཆེ་སྐབས་སུ་ཡང་བརྩི་བཞག་རྒྱུན་རིང་གནང་ཞིང་ཆར་ཞོད་སྐབས་ཆུ་འཁྱིལ་ལ་ཡང་གཟུར་མི་ཆོག་པར་ནང་དུ་བསྡད་ནས་བརྩི་བཞག་ཉན་དགོས་པ་སོགས་དཀའ་སྤྱད་མང་དུ་བཏང་ནས་ཁྲི་རྒན་སྡེ་རྒན་ཚོའི་དུས་སུ་ང་རང་ཚོས་ཀྱང་འདི་ལྟར་བྱས་པ་ཡིན་གསུངས།ཆོས་ཐོག་གི་སྐབས་སུ་ཚོགས་ཆོས་གྲྭའི་ཡར་འཚོགས་མར་གྲོལ།འདོན་པའི་དལ་བྲེལ་སོགས་དབྱར་དགུན་གྱི་ཉི་ཚོད་བླངས་ནས་ལས་སྣེ་སོ་སོར་བཀོད་པ་གནང་ཞིང་།དེ་ལས་འདས་ན་བཀའ་བཀྱོན་དང་ཕྱག་འབེབས་ཀྱིས་ཚར་གཅོད་པ་དང་།ཆོས་མཚམས་ཀྱི་སྐབས་སུ་མཚན་མོ་འདུ་ཁང་གི་སྟེང་ནས་སྐྱོར་སྦྱངས་ལ་གཟིགས་རྟོག་གནང་སྟེ་རྒྱུན་རིང་སྐྱོར་སྦྱངས་བྱེད་མཁན་ཚོ་ལ།ཁྱོད་ཀྱིས་སྐྱོར་སྦྱངས་ལེགས་པོ་བྱེད་ཀྱིན་འདུགདེ་ལྟར་བྱས་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བྱིན་རླབས་ཞུགས་ཡོང་།ཞེས་ཆོས་གྲྭ་ནས་གཟེངས་བསྟོད་པ་སོགས་ཚར་གཅོད་རྗེས་འཛིན་ཧ་ཅང་རུང་བ་མཛད་པས་འཆད་ཉན་དང་འགྲིག་ལམ་ཤིན་ཏུ་དམར་བ་བྱུང་།ཁྱད་པར་དུ་སྐྱབས་མགོན་རྡོ་རྗེ་འཆང་རྒྱལ་ཁབ་ཆེན་པོར་ཆིབས་བསྒྱུར་གནང་སྐབས་གོས་བེར།པཎ་ཞྭ།སྐུ་ཆོས་བཅས་གནང་ཞིང་།ངེད་ཕྱིར་འབྱོར་བར་དུ་དགོན་པའི་ཆོས་འཆད་ཉན་སོགས་ཕྱི་ནང་གི་ལ་རྒྱ་མཐའ་དག་ལ་གྲིམ་གྲིམ་གནང་དགོས་ཞེས་བཀའ་བབས་པ་ལྟར་གདན་ས་ཆོས་སྲིད་གདན་ས་༼གང་ནས༽གྲྭ་ཟུར་ཅུང་མ་ཉམས་པར་བཟུང་བས་སྐྱབས་མགོན་མཆོག་ནས་བསྔགས་བརྗོད་མང་པོ་མཛད་པ་དངོས་དང་བརྒྱུད་པའི་སྒོ་ནས་རྣ་ལམ་དུ་གྱུར།འདི་དུས་ལྕགས་མཁར་ལ་བཞུགས་སྐབས་ཤིག་མནལ་ལམ་དུ།རྗེ་ཉིད་གྲྭ་ཚང་གི་ཚོགས་དབུར་བཞུགས་པ་ལ་མི་རྒྱ་ཆས་ཅན་ཞིག་གིས་ཟངས་ཀྱི་སྦུ་གུ་སྡོང་དུམ་འདྲ་བ་རྩེ་མོར་རྨ་བྱའི་སྒྲོ་ཆུན་བཙུགས་པ་འདུ་ཁང་གི་སྒོ་མོ་ཆེ་ལ་མི་ཤོང་བའི་ཚོད་ཅིག་ཁྱེར་འོང་ནས་སྐུ་མདུན་ནས་ཁྱེད་ལ་བསྐུར་བ་ཡིན་ཟེར་ཞིང་།བཞུགས་ཁྲིའི་གཡས་ཕྱོགས་ཀྱི་ཀ་བ་ལ་དར་དཀར་གྱིས་བཅིངས་པ་ཞིག་རྨིས་གསུངས།དེ་ནི་རྗེ་གོང་མ་ལ་རྭ་ལོས་བྷི་ངྷི་པཱ་ལ་གཏད་པའི་ཚུལ་དང་ཆ་མཚུངས་སམ་སྙམ་མོ། །ལྕགས་ཡོས་ལོ་སྨོན་ལམ་གཏོར་རྒྱག་གི་སྐབས།དེ་རིང་གཏོར་རྒྱག་དེ་རྒྱལ་བསེན་བར་ཆད་བྱེད་པ་བཟློག་ཅེས་པའི་སྟེང་དུ་ཨེ་ཁེལ་གསུངས།ཁེལ་ལགས་ཞུས་པས་ཉམས་མཚར།གཏོར་མ་དེ་དཀྱིལ་ནས་ཆ་གཉིས་སུ་སོང་བའི་རྩ་བ་ཕྱིར་འཁོར།རྩེ་མོ་ཕར་ལོག་སོང་བས་སྐུ་ཞབས་རིན་པོ་ཆེ་ཞབས་པད་བརྟན་པ་གཞིར་བཞག་ཀྱང་།ད་ལོ་དགོན་པར་འཚུབ་སྐྱོན་གཞན་ཞིག་ཡོད་པ་འདྲ་གསུངས་ཤིང་།ལོ་དེར་ཆིང་ཝང་རྡོ་རྗེ་ཕ་ལམ་སྐུ་གཤེགས་སོང་བ་དང་།ཡང་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱ་ནག་ནས་གདན་སར་ཕེབས་སྐབས།འདྲེ་ངན་ཞིག་གི་ངོ་ཡོད་འདྲ་བས་དེ་ལ་དམིགས་ནས་ཁྱོད་ཀྱིས་གློ་བུར་ལས་བཅོལ་ཞིག་གྱིས་ཞེས་བཀའ་བབས་པ་ལྟར་མཛད་སྐབས།གཏོར་རྡེབ་དེ་ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅེས་པའི་སྟེང་དུ་ཨེ་ཁེལ་གསུངས།ཁེལ་ཞུས་པས་དེ་བཟང་གསུངས།སྔར་དགོན་པའི་ནང་དུ་ནད་རིམས་ཤིག་ཡོད་པ་དེ་འཕྲལ་དུ་ཞི་སོང་བ་སོགས་གཏོར་མའི་བཀྲ་བཟང་ངན་ལས་ལེགས་ཉེས་འཕྱུག་མེད་དུ་སྟོན་པ་ཞིག་ཡོད་ལ།གཏོར་རྒྱག་སོགས་ཀྱི་སྐབས་རླུང་ཚུར་ལོག་ཡོད་ཀྱང་ཤངས་བུག་ནས་རླུང་དྲག་པོ་ཞིག་བུས་པ་དང་དུས་མཉམ་དུ་རླུང་རི་བོ་ལ་རྡུགས་པ་བཞིན་དུ་ཕར་ལོག་འགྲོ་བ་དང་།གྲོང་ཆོག་ཅིག་ལ་ཕེབས་ཁར་ཆིབས་པ་ལ་ཟེར་༼གཟེར༽ཕོག་ནས་བརྒྱལ་འདུག་པ་ལ་ཐུགས་ཁྲོས་པ་ལྟ་བུས་སྐུ་གཟན་གྱིས་ལན་གསུམ་བསྣུན་མ་ཐག་ཏུ་རྟ་ལངས་ནས་ནད་སངས་འདུག་པར་ཆིབས་ནས་ཕེབས་པ་སོགས་གྲུབ་པའི་རྟགས་མཚན་ཤིན་ཏུ་མང་ངོ་། །དེར་མ་ཟད་སྐྱབས་མགོན་རྡོ་རྗེ་འཆང་ནས་ཀྱང་ཉིན་གཅིག་སྐུ་མདུན་དུ་གདན་དྲངས་ནས་ལྕང་སྐྱ་རྡོ་རྗེ་འཆང་གིས་བདག་ལ།ངེད་ཀྱི་རྨི་ལམ་དུ་ཆུ་ཆེན་པོ་ཞིག་གི་འགྲམ་ན་དགོན་ཆེན་ཞིག་འདུག་སྟེ་ཁྱོད་ཀྱི་དགོན་པ་ཡིན་འདྲ་ཞིང་ཆུ་དེའི་ཕར་ཁའི་རི་ཞིག་གི་སྟེང་ན་སྤྲེའུ་འཇིགས་སུ་རུང་བ་སྟེང་ན་མེ་འབར་བ་ཞིག་དགོན་པའི་ནང་དུ་ཚུར་འཆོར་བ་འདྲ་བ་ལ་སྐོར་ལམ་ནས་གླང་སྔོན་པོ་ཞིག་ཕར་རྒོལ་བས་སྤྲེའུ་ཡུལ་དེ་ནས་བསྐྲད་༼སྐྲོད༽ཐུབ་ཀྱང་མི་བསྐྲད་༼སྐྲོད༽པ་ཞིག་རྨིས་པས་ཆོས་རྒྱལ་གཏིང་ནས་བསྐུལ་དགོས་པའི་རྟགས་ཡིན་པ་འདྲ་གསུངས་པས་ད་ལན་ཁྱོད་ཀྱིས་ལྕགས་མཁར་སྒྲུབས་ལ་ཐུགས་དམིགས་དྲག་པོ་གྱིས་གསུངས་པ་དང་།ཤིང་རྟའི་ལོ་མ་ཅིག་གི་ལུང་བསྟན་ལྟར་འདུ་ཁང་གི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གནང་སྐབས་དྲག་པོའི་སྦྱིན་སྲེག་གི་རྡོ་རྗེ་སློབ་དཔོན་གྱི་བཀའ་རྗེ་འདི་ལ་བབས་པ་སོགས་ལ་དཔགས་ན་རྣལ་འབྱོར་གྱི་དབང་ཕྱུག་ཅིག་ཏུ་གདོན་མི་ཟའོ། །ཞལ་གཟིགས་དང་ལུང་བསྟན་སོགས་དངོས་སུ་ཞལ་གྱིས་མི་བཞེས་ཀྱང་གསུང་ཟུར་ལས་དཔོག་ནུས་ཏེ།ཡོས་ལོ་གྲྭ་བ་ཐམས་ཅད་ཀྱིས་ད་ལོའི་ཞལ་ངོ་འདི་རབ་འབྱམས་པ་དགེ་འདུན་བསམ་འགྲུབ་ལ་འོས་ཟེར་གྱིན་ཡོད་པར།འཇིག་རྟེན་གྱི་གྲགས་པ་སྟོབས་ཆེ་བས་བསྐོ་བཞག་བྱེད་དགོངས་ཡོད་ཀྱང་བསྐོ་རྒྱུའི་ཞོགས་ཀ་ད་ལོ་དགེ་འདུན་བསམ་འགྲུབ་དགེ་བསྐོས་ལ་མ་བསྐོ་ཞེས་པའི་སྒྲ་ཞིག་གྲགས་པས།འོས་ཐོའི་དང་པོ་ལ་འདུག་ཀྱང་གཞན་ཞིག་བསྐོ་བཞག་བྱས་པས་ལོ་དེར་དགེ་འདུན་བསམ་འགྲུབ་གཤེགས་སོང་གསུངས་པ་དང་།གྲྭ་བ་ཞིག་ན་ནས་མི་འཚོ་བར་ཐག་བཅད་ཡོད་སྐབས་སྐུ་གདུང་གི་མདུན་དུ་སྤྱན་འདྲེན་ཁྲུས་གསོལ་ཞིག་གྱིས་ཞེས་འཛིན་གྲྭ་ལ་བཀའ་བབས་ལྟར་བྱས་པས་གྲྭ་བ་དེ་བདེ་སོང་བ་དང་།ཆོས་གྲྭ་ཡར་འཚོགས་ཤིག་གི་སྐབས་ས་སྟོང་དེ་ན་འདུག་མཁན་སུ་ཡོད་གསུངས་ནས་གྲྭ་བ་ཞིག་ལ་ཞབས་ཆག་འཕངས་ནས་བཀྱོན།ཕྱི་ཉིན་ཞིག་ཚོགས་གཏམ་གྱི་ཞར་ལ་ཆོསགྲྭར་འཚོགས་སྐབས་བར་སྟོང་བཞག་ན་གྲྭ་བ་ཐུགས་མི་མཐུན་པའི་རྟེན་འབྲེལ་དུ་གསུངས་པས་ངས་ཁ་སང་ཚག་འཛིན་བྱས་པ་ཡིན་པས་ཕྱིནཆད་ཁྱེད་རྣམ་པས་ཐུགས་ལ་འཛིན་དགོས་གསུངས།མ་འགྱངས་པར་འཛིན་གྲྭ་ཞིག་ནས་ཟིང་ཆ་ཅུང་ཟད་བྱུང་།དེའི་རྐྱེན་གྱིས་ཟིང་ཆ་རྙིང་བའི་མེ་རོ་ཅུང་ཟད་འབར་བར་བརྩམས་ཀྱང་རྗེ་འདིས་ཐབས་མཁས་དྲག་པོས་མེ་རྒྱུན་རྦད་ཆོད་དུ་མཛད་པས་དེ་ཕྱིན་ཆད་གཏམ་ཙམ་ཡང་ནུབ་སོང་བ་དང།གུང་ཐང་རྗེ་བསྟན་པའི་རྒྱལ་མཚན་པའི་མནལ་ལམ་དུ་འདུ་ཁང་ནས་བྱ་ལག་མདོའི་བར་དུ་བཀྲ་ཤིས་འཁྱིལ་གྱི་ཁྲི་བ་རྣམས་ཡིན་ཟེར་ནས་ཁྲི་སུམ་བརྒྱ་དང་བཅུ་གསུམ་གྱི་སྟེང་དུ་བླ་མ་རེ་བཞུགས་པ་ལ་བླ་མ་གནས་བརྟན་པ་ཁྲི་མེད་པའི་བར་སྟོང་ཞིག་ན་བཞུགས་འདུག་པ་བྱུང་བ་སོགས་ཀྱིས་ལུང་བསྟན་གྱིས་ཟིན་པའི་ཁྲི་ཐོག་བཅུ་གསུམ་པ་རྗེ་འདི་ངོས་འཛིན་མཁན་ཡང་སྣང་ངོ་། །དེ་ལྟར་ཆོས་སྲིད་གོང་འཕེལ་གྱི་ངང་ནས་གདན་སར་ལོ་ཧྲིལ་བོ་བདུན་བཞུགས་རྩིས་ཀྱི་རྟེན་འབྲེལ་དང་རྨི་ལྟས་བྱུང་ཡང་དགོས་དབང་ཞིག་གིས་ལོ་ཧྲིལ་བོ་དྲུག་འདས་པའི་ལོ་ངོ་བདུན་པ་ཆུ་སྦྲུལ་ལོ་དགོངས་པ་ནན་ཞུས་བྱས་ཏེ་ཁྲི་ཟུར་བཞུགས་མཛད།དེ་ཡང་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་ཤབ་ཤུབ་ཆེར་མི་མཛད་ཀྱང་།རྒྱལ་སྲས་ཞི་བ་ལྷས།སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་གྱི་བརྟུལ་ཞུགས་ཀུན་གྱི་སྙིང་བོ་དེ་ལས་མི་འདའ་བ་ཞིག་ཡོད་སྣང་སྟེ།སྐབས་འགར་ལྐོག་ཉན་བྱས་ན་མི་རྟག་པ་སོགས་ལ་ངེས་ཤེས་འདྲོང་བའི་ཆིག་ལབ་མང་པོ་འཆར་བ་ཞིག་སྔ་ནས་ཡོད་པར་ཉིད་ཀྱི་ཉེ་གནས་དམ་པ་ངག་དབང་ཚུལ་ཁྲིམས་པ་གསུངས་ཤིང་།ཕེབས་བཞུད་སོགས་ཀྱི་ཚེ་ཆིབས་ཐོག་ནས་ལེགས་བཤད་སྙིང་བོ་སྐྱོར་བཞིན་ཕེབས་པར་ཞབས་ཕྱི་རྣམས་གླེང་ངོ་། །ཨེ་མ་བཅོམ་ལྡན་འདས་ཀྱིས་མང་ཐོས་ཚུལ་ལྡན་གྱི་གང་ཟག་གིས་དཀོར་ལ་བདག་པོའི་ཚུལ་དང་། མང་ཐོས་ཚུལ་ལྡན་རེ་རེ་བས་བུ་ལོན་གྱི་ཚུལ་དང་། དེ་གཉིས་གང་ཡང་མེད་པས་ལྕགས་གོང་འབརབའི་ཚུལ་དུ་ལོངས་སྤྱད་དགོས་པར་གསུངས་པས། དམཔ་རྣམས་ཀྱི་རྣམ་ཐར་ཡིད་ལ་དྲན་ནས་མཛུབ་མོ་ནང་དུ་དགུག་པར་རིགས་སོ། །ཡང་ཞལ་ནས།ཁོ་བོས་དགོན་པ་འདིར་ཕན་ཐོགས་ཆེན་པོ་གསུམ་བྱས་ཡོད་ཀྱང་སྐུ་ཞབས་རིན་ཆེ་མ་གཏོགས་གཞན་གྱིས་ཤེས་ཀྱང་མི་ཤེས་ལ།གལ་ཡང་མི་ཆེ་གསུངས་པ་དཔྱད་གཞི་ཆེ་ཡང་གནའ་དུས་རྒྱུད་གྲྭར་དབྱར་ཕྱི་མ་ཚུགས་ཙམ་མ་གཏོགས་ཐམས་ཅད་ལ་དབྱར་དགག་གཉིས་མ་ཚུགས་ལ།འདི་དུས་བསྟན་པའི་རྩ་བ་སོ་ཐར་གྱི་ལག་ལེན་ད་ལྟ་མིག་མཐོང་ལག་ཟིན་དུ་ཁྱབ་ཆེ་བའི་གཞི་གསུམ་གྱི་ནང་ཚན་དབྱར་དགག་གཉིས་ཚུགས་པ་དང་།གོང་བཀོད་ལྟར་བག་ཆགས་བརྟན་བྱུང་གི་འཁྲུག་ཟིང་མིང་ཙམ་ཡང་ནུབ་པ་དང་།མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་ཟུར་དུ་ཕྱེ་ནས་ད་ལྟའི་ཆོས་སྲིད་རྐང་ཚུགས་པ་འདི་ཀའི་གཞི་ཡང་དེ་དུས་ཚུགས་པས་དགེ་འདུན་ཐུགས་མཐུན་ཁྲིམས་གཙང་གིས་འཆད་ཉན་ལ་འབད་ན་ཐུགས་དགོངས་རྫོགས་པའི་གསུང་ཡིན་ནམ་སྙམ།དགུང་ལོ་དོན་གཅིག་པ་མེ་ལུག་ཟླ་བ་གསུམ་པའི་ནང་དུ་ཞོགས་ཀ་ཞིག་གཟིམས་སད་མ་ཐག་ཏུ་བསྙུན་ཟུག་གཞན་མེད་པར་ཕྱག་ཞབས་བསྒུལ་སྐྱོག་མི་ནུས་པ་ཞིག་བྱུང་བས་ཐམས་ཅད་ཀྱིས་ཞབས་བརྟན་སྒྲུབ་རྩིས་བྱས་ཀྱང་སྐྱོན་མེད།ང་སྔོན་དབུས་སུ་སོང་སྐབས་ལྷ་སར་སླེབས་པའི་ནུབ་མོ་ལྕགས་པོ་རིའི་ཕྱོགས་ནས་བུད་མེད་དཀར་མོ་མདའ་དར་བཟུང་བ་ཞིག་འོང་བ་ལ་ངའི་ཚེ་ཚད་དྲིས་པས་ཁྱོད་ཀྱི་ཚེ་ཚད་ལྔ་བཅུ་རྩ་གཅིག་ཡིན་ཟེར།ང་རང་ལ་དགོན་པ་ན་ལས་དོན་ཆེན་མང་པོ་བསྒྲུབ་རྒྱུ་ཡོད་པས་ཚེ་ཚད་བསྲིང་དགོས་བྱས་པས་འོ་ན་དོན་ལྔའམ་དོན་བདུན་དུ་སྡོད་ཟེར་བས་ད་ལོ་མི་འཆི་གསུངས།ཇི་ལྟར་གསུངས་པ་ལྟར་སྙུང་གཞི་སངས་དྭངས་སུ་སོང་ནས་ཡར་མར་ལ་ཕེབས་ཐུབ་པ་ཞིག་བྱུང་།དགུང་ལོ་དོན་བཞི་བ་ལྕགས་ཁྱིའི་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ལ་ཞི་བར་གཤེགས་སོ། །དེ་སྐབས་མནལ་ལམ་དུ་བྱང་གི་ཕྱོགས་ནས་བླ་མ་སྐུ་བོང་༼བོངས༽ཆེ་ཞིང་སྟོན་པའི་ཆ་ལུགས་འཆང་བ་བཟང་པོའི་བཞུགས་སྟངས་ཀྱིས་བཞུགས་པ་ཞིག་མཐོང་།དེར་བདག་ཡུལ་གཞན་དུ་འགྲོ་གྲབས་བྱས་པར།བླ་མ་དེ་ཚུར་མྱུར་བར་ཕེབས་ནས་ཁྱོད་ཡུལ་གཞན་དུ་འགྲོ་དོགས་ནས་ང་འདིར་འོངས་པ་ཡིན་གསུངས་པ་ཞིག་རྨིས་གསུངས་པ་ནི་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་མཚན་མ་ཁྱད་པར་ཅན་དུ་གདོན་མི་ཟའོ།

                                                                                                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
       གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།