བྱ་ཁྱུང་མཁན་རབས་བརྒྱ་བཅུ་གཉིས་པ་བདེ་ཡངས་མཆོག་སྤྲུལ་དགེ་འདུན་ཐུབ་བསྟན་རབ་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 12:35:08     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

མཚོ་སྔོན་མདའ་བཞིར་རབ་ཚེས་ལྕགས་ཕག་ལོར་ཡབ་དབང་ཆེན་ཐར་དང་།ཡུམ་མར་གྱ་གཉིས་ཀྱི་སྲས་སུ་འཁྲུངས།རྒྱལ་བ་བཅུ་གསུམ་པ་ཆེན་པོས་ཐུགས་ཐག་བཅད།གསེར་ཁང་དགེ་བཤེས་རིན་པོ་ཆེ་དགེ་འདུན་བསྟན་པ་དར་རྒྱས་ལས་རབ་བྱུང་བསྒྲུབས།བྲག་ཁང་བློ་བཟང་བསྟན་པའི་རྒྱལ་མཚན་དགེ་རྒན་དུ་བསྟེན།དགུང་ལོ་ཉེར་གཉིས་སྟེང་ལྷ་སར་ཕེབས།རྒྱལ་བས་གཟིགས་པ་ཆེས་ཆེར་གནང་ཞིང་བྱ་ཁྱུང་བ་བྲག་ཁང་དགེ་བཤེས་སྐལ་བཟང་དགེ་རྒན་དུ་བསྐོས།ཨ་མདོར་ཆེ་ཤོས་རིན་པོ་ཆེ་དང་།ལྕང་ལུང་བ་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ལས་ཆོས་བཀའ་མང་ཙམ་གསན།མཁན་ཁྲི་ཟླ་བ་བརྒྱད་ལ་བསྐྱངས། ཕྱིས་སུ་དགུང་ལོ་ལྔ་བཅུ་བ་ལ་བསྟན་པ་ཉམས་འགྲིབ་ཀྱི་རྐྱེན་དབང་གིས་འདས།ཞར་ལ་འདི་བའི་གོང་མ་བློ་བཟང་བསྟན་འཛིན་ནོར་བུ་དཔལ་བཟང་པོའི་རྣམ་ཐར་ཤེས་ཚོད་ཙམ་འབྲི་ན།འཁྲུངས་ཡུལ་ཚ་ཕུག་སྣ་ཁ་ཚང་། ཡབ་རྗེ་གསེར་ཁང་བས་ཐུགས་ཐག་བཅད།ཁོང་གི་དྲུང་ནས་རབ་བྱུང་བཞེས་ཞབས་པད་ཡུན་རིང་བསྟེན།རྗེ་ཐར་ཤུལ་རིན་པོ་ཆེ་།བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ།རྗེ་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་བསྟེན།ཁྱོད་པར་དུ་གྲུབ་དབང་འཇིགས་མེད་བསམ་གཏན་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་མན་ངག་རྣམ་གསུམ་དང་བཅས་པ་རྫོགས་པར་མནོས། གསེར་ཁང་རི་ཁྲོད་དང་།མཚེར་མོ་ཆེ་སོགས་སུ་སྒྲུབ་པ་ལ་གཞོལ།དགུང་ལོ་ལྔ་བཅུ་རྩ་སྟོད་ནང་དབུས་གཙང་དུ་ཕེབས།པཎ་ཆེན་ཆོས་ཀྱི་ཉི་མས་བླ་མར་བཀུར་ཏེ་འཇིགས་བྱེད་བསྙེན་ཁྲིད་ཞུས།པཎ་ཆེན་ནས་བསིལ་བ་ཚལ་གྱི་མགོན་པོའི་རྡོ་སྐུ་བྱིན་ཅན་ཞིག་གནང་ཕྱིས་སུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཀྱང་བླ་མར་བཀུར་ནས།ལྷ་བྲག་བཀའ་འབུམ་དང་།དབེན་ས་ཡབ་སྲས།གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེའི་གསུང་འབུམ་ལུང་སོགས་ཞལ་ཤེས་སྙན་བརྒྱུད་མནོག་ཆེ་བ་ཕུལ།དེ་བཞིན་དུ་རྗེ་ཞྭ་དམར་པཎྚི་ཏ་དང་།ཆེ་ཤོས་རིན་པོ་ཆེ་དང་།བདག་ཅག་གི་བླ་མ་རིན་པོ་ཆེ་རྣམས་ལའང་ཆོས་བཀའ་རེ་གཉིས་ཕུལ།ཕྲན་བུའི་གོང་མ་འཇིགས་མེད་ཐུབ་བསྟན་རྒྱ་མཚོས་ཀྱང་རྩ་བའི་བླ་མར་བསྟེན།གཅན་ཚའི་མ་ཎི་དང་།བྱ་ཁྱུང་ཨ་ར་པ་ཙའི་ལྷ་ཁང་གི་རྟེན་དང་བརྟེན་པ་གསར་བཞེངས་དང་ཉམས་གསོ་ཅི་རིགས་མཛད།དགུང་ལོ་དོན་གསུམ་སྟེང་ཞི་བར་གཞོལ།གདུང་ཙོང་ཁའི་སྐྱེས་རིའི་གསེར་བཟང་སྐེད་ནས་བྱ་གཏོར་དང་།གདུང་རུས་སྙིང་བོར་བཞུགས་པའི་དངུལ་གྱི་མཆོད་རྟེན་བཞེངས་པ་ད་ལྟ་གསེར་གདུང་ཆེན་མོར་བཞུགས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།