བྱ་ཁྱུང་མཁན་རབས་བརྒྱ་བདུན་པ་མཁན་པོ་ཧོ་ཐོག་ཐུ་དགེ་འདུན་ལུང་རྟོགས་རབ་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 12:26:46     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འདི་བའི་སྐུ་ཐོག་དང་པོ་ཡེ་ཤེས་རྒྱ་མཚོ་དང་སྐུ་ཐོག་གཉིས་པ་ངག་དབང་མཁས་གྲུབ་རྒྱ་མཚོ་གོང་ནས་ཅུང་ཟད་བཤད་ཟིན་པ་ལྟར་ལ།སྐུ་ཕྲེང་གསུམ་པ་ངག་དབང་མཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཆུ་བཟང་རྭ་ལོ་ཐང་ནས་ལ་མོ་གསེར་ཁྲི་སྐུ་ཕྲེང་དྲུག་པ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོའི་སྐུ་མཆེད་དུ་རབ་འདོད་ཤིང་ལུག་ལ་འཁྲུངས། ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་བླ་མར་བསྟེན་ཅིང་བསྙེན་རྫོགས་ཞུས།དབུས་སུ་ཕེབས་ནས་ཁྲི་ཆེན་ངག་དབང་སྙན་གྲགས་སོགས་ཀྱི་ཞབས་པད་བསྟེན།སྐུ་ཕྲེང་བཞི་བ་རི་ལམ་ནས་འཁྲུངས།དབུས་སུ་ཕེབས་ནས་རེ་སྒྲེང་འཁྲུག་པའི་སྐབས་སུ་མཚོན་རྨས་ཕོག་པར་གྲགས།སྐུ་ཕྲེང་ལྔ་བ་བཱ་ཡན་ཁྲེ་དམར་ནས་འཁྲུངས།ས་གྲིབ་བཞེས་པའི་རྐྱེན་གྱིས་སྐུ་ཚེ་མཐར་མ་འཁྱོལ་བར་བྲག་ལུང་ནས་འདས།སྐུ་ཕྲེང་དྲུག་པ་ནི་དགེ་འདུན་ལུང་རྟོགས་རབ་རྒྱས་དཔལ་བཟང་པོ་སྟེ།འཁྲུངས་ཡུལ་ནག་རྩ་ཡུལ་གདོང་།ཡབ་ལིས་ཟི་དང་།ཡུམ་ཀ་ཀྲོ་གཉིས་ཀྱི་སྲས་སུ་རབ་ཚེས་ཤིང་ལུག་ལ་འཁྲུངས།ལོ་འདི་གོང་མ་ཀྭོང་ཞུ་ཁྲི་ལོ་ཉེར་གཅིག་པ་རང་རེའི་ས་འདིར་ཧོས་འཁྲུག་ལན་གཉིས་པ་ལངས་པའི་ལོ་ཡིན།རྗེ་ཞྭ་དམར་པཎྚི་ཏས་ཐུགས་ཐག་བཅད་ཅིང་རབ་བྱུང་བསྒྲུབས།མཚམས་རིང་ཁོང་དགེ་རྒན་དུ་བསྟེན།མཁྱེན་རབ་ཆེ་བའི་གྲགས་པ་རྒྱས།རྒྱལ་བ་བཅུ་གསུམ་པ་བྱ་ཁྱུང་དུ་ཕེབས་ནས་འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་སྐབས་འདི་བས་དོན་བདུན་ཅུའི་ཤོག་སྣེ་བཟུང་ནས་རྒྱལ་བ་དང་མཉམ་གཟིགས་མཛད་པའི་སྐལ་བ་བྱུང་།དགུང་ལོ་བཅོ་བརྒྱད་ཐོག་བསྡུས་གྲྭའི་དམ་བཅའ་བཞག་པར་དགེ་བཤེས་རྣམ་པའི་ཐུགས་ཟིན།ས་རལ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ལས་བསྙེན་རྫོགས་བཞེས།གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་། ཆེ་ཤོས་རིན་པོ་ཆེ།ཨ་ལགས་ཁོ་ཚེ་སོགས་ཀྱི་མདུན་ནས་ཆོས་བཀའ་ཅི་རིགས་གསན།དགུང་ལོ་ཉེར་ལྔའི་ཐོག་མཁན་པོ་སྒར་བའི་རྗེ་སྐུའི་ལྷ་ཁང་ཉམས་གསོའི་དོན་དུ་སོག་ཡུལ་དུ་ཕེབས།ཕྱག་འབྱོར་རྒྱ་ཆེ།ཕྱིར་ཕེབས་ནས་ལྷ་ཁང་རྟེན་བརྟེན་པ་གསར་བཞེངས་དང་།གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག།འདུ་ཁང་ཆེན་མོར་གན་ཛི་ར་སོགས་རྟེན་བཞེངས་བཟང་།དའི་རྗེས་ནས་ཀྱང་སོག་ཡུལ་དུ་ལན་གཅིག་ཕེབས།དགུང་ལོ་སོ་དྲུག་པ་རབ་རྒྱལ་བགྲང་བྱ་བཞི་བ་ལྕགས་རྟ་ལ་མཁན་ཁྲིར་བཞུགས།སློབ་གཉེར་ལ་རྟིང་སྐུལ་དང་བསྙེན་བཀུར་བཟབས།གསེར་གདུང་ལྷ་ཁང་སོགས་ཀྱི་ཁྲ་མ་ལ་ཞིབ་ཚགས་བཏོད། དགུང་ལོ་སོ་བརྒྱད་སྟེང་མཁན་ཁྲིའི་དགོངས་པ་ཞུས།བྲག་ལུང་གི་འདུ་ཁང་གསར་བཞེངས་མཛད།དགུང་ལོ་སོ་དགུའི་སྟེང་ནས་བཀའ་དྲིན་མཚུངས་མེད་རྗེ་ཨ་བྷྱ་ཞབས་ཡབ་སྲས་ཀྱི་ཞབས་པད་བསྟེན།མི་ཏྲ་རྡོར་ཕྲེང་གི་དབང་དང་བཀའ་འགྱུར་གྱི་ལུང་སོགས་ཆོས་བཀའ་མནོག་ཆེ་བ་གསན།བླ་མ་རིན་པོ་ཆེ་བྱ་ཁྱུང་དུ་གདན་དྲངས་ནས་རྗེ་གསུང་འབུམ་ལུང་སོགས་ཞུས་པས།དེར་འཕྲིན་ལས་ཀྱི་སྒོ་ཕྱེ།འཇིགས་བྱེད་བསྙེན་ཆེན་སྔ་ཕྱིར་ལན་གཉིས་བཏང་།སྤྲུལ་བའི་སྐུ་རིན་པོ་ཆེ་འཇིགས་མེད་ལུང་རྟོགས་རྒྱ་མཚོར་ཁ་དར་འབུལ་བ་དང་ཁྲི་འདོན་གྱི་སྐབས་ཀུན་ཏུ་འཕྲིན་ལས་ཀྱི་གདུང་བཏེགས།ཁྱད་པར་དུ་དམན་བུ་བདག་ལ་བླ་མའི་ཉེ་གནས་ཀྱི་མཆོག་ཏུ་དགོངས་ནས་བརྩེ་གཟིགས་ཚད་མེད་མཛད་པ་དང་།བྱ་ཁྱུང་དུ་སྔ་ཕྱིར་སོང་ནས་ཁོང་བའི་ཐུགས་མོས་བཞིན་ཆོས་རྒྱུན་མི་ཉུང་ཙམ་སྤེལ།དགུང་ལོ་ང་བརྒྱད་བཞེས་པའི་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉི་ཤར་དུས་སུ་མྱ་ངན་ལས་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།