བྱ་ཁྱུང་མཁན་རབས་གོ་བཞི་བ་བྱ་ཚང་བླ་མ་དབུ་མཛད་རྒྱལ་མཚན་བཟང་པོའི་སྤྲུལ་སྐུ་དགེ་འདུན་བསྟན་པ་ཡར་འཕེལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 11:49:19     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་ཡིད་ས་རྟ་ལོར་རྐ་ཕུག་ཉེ་འདབས་བྱ་ཚང་དུ་ཡབ་བློ་གྲོས་དཔལ་བཟང་དང་ཡུམ་གདོང་རྐོ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ལས་ཀློག་དང་འདོན་ཆོས་སྤྱོད་བསླབས།རྗེ་ཐར་ཤུལ་རིན་པོ་ཆེས་སྤྲུལ་སྐུར་ངོས་བཟུང་ཞིང་རབ་བྱུང་བསྒྲུབས།དགུང་ལོ་བཅུ་གཉིས་ཐོག་བྱ་ཁྱུང་དུ་ཕེབས།མདོ་བ་དཀའ་བཅུ་བརྩོན་འགྲུས་བཟང་བོ་བསྟེན།ཐུགས་གཉེར་མཛད།རྗེ་ཞྭ་དམར་རིན་པོ་ཆེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་།གསེར་ཏོག་ནོ་མོན་ཧན།ཤིང་བཟའ་ཚང་སོགས་ལས་ཆོས་བཀའ་རྒྱ་ཆེར་གསན། མདོ་བ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་ལ་བསྙེན་རྫོགས་ཞུས།ཤིང་བཟའ་རིན་པོ་ཆེར་དབུས་སུ་ཕེབས་བཞེད་ཡོད་པའི་ལུང་བསྟན་ཞུས་པར།དམ་པ་དེ་ཉིད་ཀྱིས་སྟོད་ཕྱོགས་ལས་སྨད་ཕྱོགས་སུ་ཕེབས་ན་འགྲོ་ཕན་ཆེ་ཞེས་གསུངས་པ་ལྟར་སོག་ཡུལ་དུ་བྱོན།སྔ་ཕྱིར་ཕྱག་རྫས་ཅི་འབྱོར་ཆུད་ཟོས་སུ་མ་བཏང་བར་བྱ་ཁྱུང་འདུ་ཁང་ཆེན་མོའི་ཀླད་དུ་དངུལ་སྲང་སྟོང་དང་ལྔ་བཅུའི་རིན་ཐང་གི་རྒྱལ་མཚན་ཆ།གསེར་ཏོག།དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན།གསེར་གདུང་ཆེན་མོར་གསེར་ལྗང་རྡུང་གི་མཆོད་རྐོང་སོགས་རྒྱ་ཆེར་བསྐྲུན་པ་ཕུལ།དགུང་ལོ་ང་གཅིག་པ་རབ་ཚེས་ས་སྤྲེལ་ལོར་ཆོས་སྡེ་ཆེན་པོའི་སེང་ཁྲིར་བཞུགས།དེ་ལྟར་ན་གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་རབ་ཚེས་བགྲང་བྱ་བཅོ་ལྔ་བ་ལྕགས་སྦྲུལ་ལ་འདི་གའི་ཁྲིར་བཞུགས་པ་ནས་རབ་ཚེས་བགྲང་བྱ་ཞེ་གཉིས་པ་ས་སྤྲེལ་ལོར་འདི་བ་ཁྲིར་བཞུགས་པའི་བར་ལོ་ཉེར་བརྒྱད་ཀྱི་རིང་གོང་སྨོས་ལོ་ཚིགས་མི་གསལ་བའི་མཁན་རབས་བཅུ་གསུམ་གྱིས་རིམ་བཞིན་བསྐྱངས་པའི་དུས་ཡིན་པའང་གོ་བར་བྱའོ།།རབ་ཚེས་ས་བྱ་ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དབང་ཕྱོགས་གསེར་གྱི་རྒྱལ་ཁབ་ནས་ཞལ་བསྒྱུར་ཏེ་སྐུ་འབུམ་དུ་ཕེབས་པའི་སྐབས།མཁན་པོ་འདི་བས་དབུ་དྲངས་ཏེ་བྱ་ཁྱུང་འདུས་སྤྱིས་སྤྱན་དྲངས་པ་བཞིན།ས་གའི་ཡར་ཚེས་ལ་མངོན་ཆུང་གི་ཚུལགྱིས་བྱ་ཁྱུང་དུ་ཕེབས།ཚེས་པ་དྲུག་ལ་འདུལ་མངོན་ནས་བཟུང་དོན་བདུན་ཅུའི་འཛིན་གྲྭ་བ་རྣམས་ལ་སྐབས་བབ་ཀྱི་དཔེ་ཁྲིདམཛད།ཚེས་བདུན་ཉིན་ལྔ་བརྒྱ་བ་རྣམས་ཀྱི་གཙུག་གི་ཅོད་པན་རྗེ་ཞྭ་དམར་པཎྜི་ཏ་དང་།རྗེ་བདེ་ཡངས་རིན་པོ་ཆེ།སྐུ་འབུམ་ཆེ་ཤོས་རིན་པོ་ཆེ་སོགས་གདན་མཛོམས་པའི་དབུས་སེར་སྐྱ་སྟོང་ཕྲག་དུ་མའི་ཁྲོམ་ཚོགས་སུ་ཆོས་ཁྲིར་བཞུགས་ནས། གཞི་བྱེས་ཀྱི་དགེ་བཤེས་རྣམ་པས་བགྲོ་གླེང་བརྒལ་བརྟག་གནང་བ་ལ་དགྱེས་པའི་སྤྱན་རས་བཙས།ཚེས་པ་བརྒྱད་ལ་ཁྲོམ་ཚོགས་སྔར་ལས་ཆེ་བར་བྱང་ཆུབ་ལམ་རིམ་གྱི་ལྗགས་བཤད་ཆོས་ཐུན་གཅིག་སྩལ་བའི་མཇུག་ནས།མཁན་པོ་ལས་ཐོག་པས་མཎ་བཤད་དང་བཅས་དངོས་འབུལ་བསྟར།ཚོགས་མང་ལ་མཇལ་ཁ་དང་ཕྱག་ཚ་གཉིས་རེ་སྩལ་ཅིང་བྱིན་རླབས་གནང་།ཚེས་པ་དགུ་ལ་མཁན་པོས་ཚོགས་དབུས་སུ་ཞུས་ནས་དགའ་ལྷ་དང་བརྟན་གསོལ་བཅས་ཀྱི་ལྗགས་ལུང་གནང་།གསེར་གདུང་ཆེན་མོས་གཙོས་བྱིན་རྟེན་ཁག་ཐམས་ཅད་ལ་མཆོད་མཇལ་དང་ཕྱག་ནས་གཏོར།རྒྱུན་ཇའི་ཐེབས་སུ་དོང་ཁྲོན་སྟོང་གསུམ་སྦྱོར་འཇགས་དང་།གཅན་རོང་སྟོད་སྨད་ནས་ཇ་ཚུལ་གཉིས་རེའི་དོ་དམ་པ་བསྐོས།ཨ་ར་པ་ཙའི་ལྷ་ཁང་དུ་འཇམ་དབྱངས་བསྙུང་གནས་འཛུགས་རྒྱུའི་ལྗགས་བཀོད་དང་།ཁྲི་ཁར་ཚེ་ལྷ་རྣམ་གསུམ་གྱི་བརྒྱ་ཐང་གསེར་ཞུན་མས་བཞེངས་པ་བྱིན་རླབས་ཀྱི་རྟེན་དུ་སྩལ་པ་ད་ལྟ་ཨ་ར་པ་ཙའི་ལྷ་ཁང་དུ་བཞུགས་པ་འདིའོ།ཞིང་སྐྱོང་མཁན་ཆེན་གྲགས་པ་བཀྲ་ཤིས་ཀྱི་སྐུ་རིང་ལ་རྒྱལ་དབང་ལྔ་བ་ཆེན་པོས་གདན་ས་འདི་ཉིད་ཀྱི་རྒྱབ་གནོན་དུ་བཀའ་ཤོག་གནང་བའི་སྲོལ་བཞིན།རེབ་འདི་ལ་ཡང་བཀའ་ཤོག་ཕྱག་རྒྱས་བཏབ་པ་དང་ཐམ་ག་གྲུ་སྒོར་ཐམ་གཡོག་བཅས་སྲིད་ན་རྙེད་དཀའ་བའི་བཀའ་དྲིན་བླ་ལྷག་ཏུ་བསྐྱངས།འདི་སྐོར་ཞིབ་བར་དེ་དུས་ཀྱི་མཁན་པོ་ལས་ཐོག་པ་བྱ་ཚང་བས་མཛད་པའི་དེབ་ཡིག་ཏུ་གསལ།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།