བྱ་ཁྱུང་མཁན་རབས་དོན་ལྔ་བ་བསོད་ནམས་བཟང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 11:27:47     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་ཁ་ཤ་ཐིལ་གྱི་ཉེ་འདབས་པདྨོ་སྟེང་།སྐུ་བྱད་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན།རྗེ་གསེར་ཁང་བའི་དྲུང་ནས་རབ་ཏུ་བྱུང་བཞེས།རྗེ་བྱ་ཚང་བའི་གདན་རབས་སུ་འདིའི་མཚན་ལ་བསོད་ནམས་བསྟན་འཛིན་ཟེར།ར་ཚ་བློ་བཟང་དཔལ་ལྡན་རྒྱ་མཚོའི་ཞབས་བསྟེན།རྗེ་གསེར་ཁང་བའི་བཀས།ཁམས་ཕྱོགས་ན་དེ་དུས་ལཉྫའི་ཡི་གེ་འབྲི་མཁས་སུ་གྲགས་པ་རྡོ་མལ་ཚང་གི་མདུན་ནས་ལཉྫའི་འབྲི་སྟངས་བསླབས་པ་སོགས་ཐ་སྙད་རིག་གནས་ཀྱང་ལེགས་པར་མཁྱེན།རྗེ་ཞྭ་དམར་གོང་མ་ངག་དབང་བསྟན་འཛིན་རྒྱ་མཚོ་ལས་སུམ་རྟགས་སྙན་ངག་ཁྲིད།གྲྭ་སར་ཕེབས་།བཀའ་པོད་ལ་སྦྱངས།ར་ཚ་ཚང་དང་ལྷན་དུ་རང་ཡུལ་ལ་ཕེབས།དེ་སྐབས་ཆེ་ཤོས་རིན་པོ་ཆེ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་བྱ་ཁྱུང་གི་ཁྲི་ལ་བཞུགས་སྒང་ཡིན།དམ་བཅའ་གནང་བས་མཁན་རིན་པོ་ཆེ་ཐུགས་ཧ་ཅང་དགྱེས།ར་ཚ་ཚང་གིས་ཁྲི་སྐྱོང་དུས་དབོན་པོའི་ཁུར་བཞེས།རྗེ་གསེར་ཁང་བ་སྐུ་མཆེད།སྒར་བ་བློ་བཟང་དབང་ཕྱུག།ཆེ་ཤོས་ཚང་།ཁྲེ་དམར་ཡེ་ཤེས་བསྟན་འཛིན་སོགས་ལས་ཆོས་བཀའ་མང་དུ་གསན།ཆ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་དཔལ་བཟང་པོ།ཆོས་སྡེ་འདིར་ཐོག་མར་ཞལ་བསྒྱུར་དུས་རབ་ཚེས་ཆུ་བྱ་ལོར་འདི་བ་མཁན་ཁྲིར་བསྐོས།ལོ་གསུམ་ལ་བསྐྱངས།ཕྱག་བཟོ་ཤིན་ཏུ་ལེགས་པས་ཆོས་རྒྱལ་གྱི་འདྲ་འབག་མཚན་མོ་སྒྲོན་མེ་བཟུང་བའི་ལོ་རྒྱུས་ཅན་དང་།ད་ལྟ་གསེར་གདུང་ཆེན་མོར་བཞུགས་པའི་སྐུ་འབུམ་ཙན་དན་ལས་བཞེངས་བའི་རྗེའི་སྐུ་བརྙན་བཞུགས་ཁྲིའི་འོག་ན་ཆོས་རྒྱལ་ནང་སྒྲུབ་ཡོད་པ་ཅན་དང་།ལྷ་ཁང་ཆེན་མོའི་རྩེ་ཐོག་ཏུ་བཞུགས་པའི་སློབ་དཔོན་པདྨའི་ལྡེར་སྐུ་སོགས་ཕྱག་བཟོ་ཡ་མཚན་ཅན་མང་།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།