བྱ་ཁྱུང་མཁན་རབས་ང་གཉིས་པ་མདོ་བ་སྐུ་ཕྱོགས་རྒན་པ་གྲགས་པ་རྒྱལ་མཚན་ནི།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:33:03     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

མདོ་བ་ཡར་ནང་དུ་ཁྱིམ་དབུལ་ཞིག་ལ་འཁྲུངས།དགུང་ལོ་ཉེར་དྲུག་བར་དུ་བྱ་ཁྱུང་སྤྱི་བའི་རང་འཐག་པ་བྱས།ཧཱ་ཙི་བན་དེ་ཞེས་ཅང་མེད་སྙིང་རྗེའི་ཡུལ་དུ་བྱེད།འབྱོན་བཞུད་སྐབས་བཀའ་གདམས་གླེགས་བམ་ཁུར་ནས་བྱོན་པར་ཁྲེལ་བགད་བྱེད་མཁན་མང་།ཉེར་བདུན་སྟེང་སེར་བྱེས་སུ་ཕེབས་ནས་ལོ་ཉེར་གཉིས་ལ་སློབ་གཉེར་མཛད།པཎ་ཆེན་དཔལ་ལྡན་ཡེ་ཤེས། དཀའ་ཆེན་ཡོངས་འཛིན།དགེ་བཤེས་ཐོགས་མེད།བླ་མ་འཇམ་དབྱངས་པ།ཀོང་ཡེ་དཀའ་བཅུ་སོགས་ལས་ཆོས་བཀའ་མང་ཙམ་གསན།འཚོ་ཆས་དང་ན་བཟའ་ཤིན་ཏུ་བཀྲེན་ཡང་དཀའ་སྤྱད་ལྷུར་བླངས།རྒྱལ་བ་འཇམ་དཔལ་རྒྱ་མཚོས་ན་བཟའ་ལན་འགའ་གནང་།སེར་བྱེས་གླིང་བསྲེའི་དཀའ་བཅུ་ཐོན།ཉིན་གཅིག་ཆོས་གྲྭར་དགེ་བཤེས་གྲགས་ཅན་ཞིག་རྩོད་པས་ཕམ་པར་མཛད་ནས་ལན་གྱིས་ཕོངས་པར་བྱས་པ་ན།ཁོ་བོའི་སྟེང་དུ་གོས་ཧྲུལ་གྱིས་འགོམ་ཡུག་མ་བྱེད་ཅེས་པ་ལ།འདི་བས་ཁོ་བོ་རྣམ་ཐོས་སྲས་ཀྱིས་དགོངས་ཕོག་བྱུང་ཡང་།འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་འདུག།ཅེས་ཤགས་བཏབ་པ་སོགས་གྲྭ་ས་ན་མཁས་པའི་ཚད་དུ་རྩི།ཀུན་མཁྱེན་འཇིགས་མེད་དབང་པོ་དབུས་ཕེབས་རྗེས་མའི་སྐབས་ཞབས་ལ་གཏུགས།རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བཀས་ཁྲི་རྒྱ་ནག་པའི་ཡོངས་འཛིན་མཛད་ནས་རྒྱ་ནག་ཏུ་ཕེབས་དགོས་བྱུང་།མར་ལམ་བྱ་ཁྱུང་དུ་ཀུན་མཁྱེན་འཇིགས་མེད་དབང་པོ་ཁྲིར་བཞུགས་སྐབས་ཡིན་པས་དམ་བཅའ་འཇོག་དགོས་ཀྱི་གསུང་གནང་བ་ལྟར།དཔོན་སློབ་ཐམས་ཅད་གདན་འཛོམས་སར་དམ་བཅའ་བཞག།ཀུན་མཁྱེན་མཆོག་ནས་འདི་བ་དབུ་ཕར་གཉིས་ལ་དབུས་ནས་ཚད་འཇོག་ས་ཡིན།དེ་མི་འགྲོ་ན་མཛོད་འདུལ་ཐོངས་གསུངས་ཀྱང་པོ་ཏི་ལྔ་ལ་ལན་ཐོགས་པ་མ་བྱུང་།སྙན་ངག་བཀོད་ལ་ཐོངས་གསུངས་ནས་བཀྲ་ཤིས་འཁྱིལ་བའི་དགེ་བཤེས་འགའ་བཞེངས་ནས་དཔལ་ལྡན་ཡོན་ཚོགས་མའི་གཞུང་འགོད་གནང་བ་ན།ད་འདི་ཚོས་ཅི་འདྲ་ཚོ་གཏོང་རྒྱུ་རེད།ཆ་གསུམ་ཡང་གཏོང་རྒྱུ་ཡིན་འདྲ་ཞེས་ཤགས་ཕུལ།ཀུན་མཁྱེན་མཆོག་ནས་ཆ་གསུམ་རྒྱལ་བའི་བཀའ་མིན་ནམ།བཏང་མི་ཆོག་གམ་གསུངས་པར།ཆ་གསུམ་བཏང་བས་ང་བགེགས་ཡིན་ནམ།ཕྱོགས་སྐྱོང་ངམ་སྡེ་བརྒྱད་ཡིན་ཞུས་པར་བཞད་གད་ཐག་གེར་སོང་།མཐར་ཟང་ཟིང་གི་སྐྱེས་དང་སྣེ་རིང་ཇོ་ཞྭ་བཅས་གནང་།དེ་ནས་གསེར་ཁྲི་ཚང་དང་ལྷན་དུ་ཕོ་བྲང་དུ་བྱོན།དེར་ལོ་བཅུ་བཞུགས་པའི་ལོ་དྲུག་གི་རིང་གསེར་ཁྲི་ཚང་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་ཆོས་བཀའ་རྒྱ་ཆེར་གནང་།དགོན་ལུང་དུ་ཕེབས་ནས་ཝ་ཚང་དང་བ་ཟ་ཚང་སོགས་ཀྱིས་གཙོས་དགེ་འདུན་ལྔ་བརྒྱ་སྐོར་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་ཆོས་བཀའ་མང་དུ་གནང་།བྱ་ཁྱུང་དུ་ཕེབས་ནས་དུས་འཁོར།རྒྱུད་པ།མཁན་ཁྲི་རྣམས་ལ་རིམ་བཞིན་ཕེབས།འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་ཚར་གསུམ་སོགས་རྒྱུད་དང་བཀའ་པོད་ལྔའི་འཆད་ཉན་ཟླ་མེད་པ་མཛད།ཁྲི་ཟུར་ནས་གཟིམ་ཆུང་གྲྭ་གཤག་ཅིག་གསར་བཟོས་གནང་།དགུང་ལོ་གྱ་བརྒྱད་ལ་འདས།ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བྱ་ཁྱུང་གདན་རབས་རྩོམ་སྐབས་འདི་བ་ད་དུང་ཞལ་བཞུགས་སྒང་ཡིན།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།