བྱ་ཁྱུང་མཁན་རབས་སོ་དགུ་བ་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:40:22     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་ཉིའི་ཤིང་སྦྲུལ་ལོར་ལྕང་སྐྱ་རོལ་བའི་རྡོ་རྗེའི་སྐུ་མཆེད་དུ་འཁྲུངས།དགུངལོ་བཅུ་བདུན་པར་དབུས་སུ་ཕེབས།སྐུ་གོང་མ་བློ་བཟང་བསྟན་པའི་རྒྱལ་མཚནརྒྱལ་མཆོག་བདུན་པའི་ཐོག་མའི་ཡོངས་འཛིན་ཡིན་སྟབས་བཀུར་གཟོས་ཆེ།གཞུང་ལུགས་ལ་དཔྱིས་ཕྱིན་པར་སྦྱངས།མདོ་སྨད་དུ་ཕེབས་ནས་དགོན་ལུང་།གསེར་དགོན།སྐུ་འབུམ་རྣམས་ཀྱི་ཁྲིར་བཞུགས།ཆོས་སྲིད་གཉིས་ཆར་གྱིས་ཚད་མེད་བསྐྱངས།སྐུ་འབུམ་གྱི་ཁྲིར་ལན་གཉིས་བཞུགས།པེ་ཅིན་དུ་ཕེབས་ནས་ལྕང་སྐྱ་དང་རོང་བོ་མཚན་སྒྲོགས་ཚང་ལས་ཆོས་བཀའ་གང་ཟབ་མནོས།གོང་མ་ཆེན་པོས་ཀྱང་གཟིགས་པ་ཆེ།བདེ་ཁང་ཚང་ནས་བྱ་ཁྱུང་རྒྱུད་པའི་འདུ་ཁང་གསར་བཞེངས་སྐབས་རབ་གནས་ལ་ཞུས་ཀྱང་རེབ་དེར་ཐུགས་བྲེལ་དབང་གིས་ཕེབས་མ་ཐུབ་པར་བརྟེན།སྐུ་འབུམ་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་བཏེགས།དེའི་ཕྱི་ལོ་དགུང་ལོ་སོ་དྲུག་སྟེང་བྱ་ཁྱུང་དུ་ཐོག་མར་ཕེབས་ནས་བསྙེན་མཚམས་དང་།རྒྱུད་པ་གྲྭ་ཚང་གིས་ཞུས་ངོར་གསང་བདེ་འཇིགས་གསུམ་གྱི་དབང་།ཚོགས་ཆེན་གྱིས་ཞུས་ངོར་ཀུན་རིག་གི་དབང་སྩལ།མདོ་བ་རྒན་པ་ཚང་འདས་དུས་དགོངས་རྫོགས་སུ་ཞུས།དགུང་ལོ་ཞེ་བརྒྱད་སྟེང་རྩ་བ་བློ་བཟང་རྒྱལ་མཚན་གྱིས་གཙོས་སྤྱི་སྒེར་གྱི་ལས་སྣེ་རྣམས་སྐུ་དྲུང་དུ་ཕེབས་ནས་བྱ་ཁྱུང་གི་མཁན་ཁྲིར་བཞུགས་དགོས་ཀྱི་སྙན་གསན་ཕུལ་བར་ཞལ་བཞེས་མ་གནང་། དེ་ནས་མཁན་པོ་ཧོ་ཐོག་ཐུ་ངག་དབང་མཁས་གྲུབ་རྒྱ་མཚོ་ཆེད་གཉེར་གྱིས་ཕེབས་ནས།སྔར་ཁྲིར་ཆེན་རྡོ་རྗེ་འཆང་གིས་ངེད་དཔོན་སློབ་ཞལ་འཛོམས་སྟེང་།ཁྱེད་བྱ་ཁྱུང་དགོན་པའི་ཁྲི་བ་མཛོད་ལ་བདག་པོ་ཉག་གཅིག་པུ་བྱེད་དགོས་ཚུལ་དང་།ང་རང་ཡང་ཁྱེད་ལ་བཅོལ་གཏད་གནང་བ་ཐུགས་ནས་བསྙེལ་བར་གྱུར་ཏམ་ཞེས་སོགས་ཀྱི་གསུང་ནན་ཕུལ་བར་བརྟེན་ཞལ་གྱིས་བཞེས་དགོས་བྱུང་།ཚ་ཕུག་ལུང་བར་མཁན་པོ་ཧོ་ཐོག་ཐུས་དཀར་སྤྲོའི་ཐབ་བསུ་གཟབ་རྒྱས་ཐོག །ད་ནི་ཁྲི་ཆེན་རིན་པོ་ཆེའི་ལུང་བསྟན་དེ་མངོན་དུ་གྱུར།ང་རང་གིས་ཆུང་དུས་ནས་ཁྲི་ཆེན་དེ་ཉིད་ཀྱི་ཞབས་ཕྱི་བསྒྲུབས་ཁུལ་ལགས་ཤིང་།བྱ་ཁྱུང་དགོན་པ་འདིའི་བདག་པོ་ནི་ཁྲི་ཆེན་དེ་ཉིད་ཡིན་པས་ངས་ཀྱང་ཐུགས་དགོངས་རྫོགས་པའི་ཐབས་ཅི་འགྱུར་ལ་འབད་ཁུལ་ཡིད་བྱ་ཁྱུང་དགོན་སྦྱིན་བདག་དང་བཅས་པ་ཁྱེད་ཀྱི་ཕྱག་ཏུ་སྤྲད་པ་ཡིན་པས་སྐུ་ཚེ་གང་བོར་ལེགས་པར་སྐྱོང་བ་མཁྱེན་མཁྱེན་ཅེས་སོགས་གསུང་རུས་པ་ཅན་དུ་མ་ཕུལ།བཅུ་བའི་ཚེས་གཅིག་ལ་སེང་ཁྲིར་ཕེབས།མཆོག་དམན་ཚང་མས་གུས་འདུད་ལྷུར་ལེན་ཅིང་།ཆོས་རྗེ་དོན་གྲུབ་རིན་ཆེན་པའི་སྤྲུལ་བར་གྲགས་ཆེ།སྔ་ཕྱིར་ཐུགས་རྗེ་ཆེན་པོ།གདུགས་དཀར།འཇིགས་བྱེད་བཅུ་གསུམ་མ་རྣམས་ཀྱི་དབང་སྩལ།དགུང་ལོ་ལྔ་བཅུའི་ཐོག་མཁན་པོ་ཧོ་ཐོག་ཐུ་གཤེགས་པའི་དགོངས་རྫོགས་སུ་ཕེབས་ནས་ཐུགས་དམིགས་རྒྱ་ཆེར་གནང་།སྐུ་འབུམ་མཁན་པོ་ལས་ཐོག་པ་མགོན་གྱ་ཚང་མ་བཞུགས་པའི་རྐྱེན།སྐུ་འབུམ་ཆོས་སྐྱོང་ཆེན་མོས།ཤར་ཕྱོགས་རིགས་པའི་དཔའ་པོ།ངེས་དོན་དགེ་བའི་བཤེས་གཉེན་ཆེན་པོ་ཉིད་སླར་ཡང་རང་རེའི་ཆོས་སྡེ་འདི་གའི་ཁྲིར་འཁོད་ཚེ།འཆད་ཉན་སོགས་ལུགས་ཟུང་གི་སྐུ་དོན་ཆ་གང་ལའང་མཆོག་ཏུ་དགེ་ཞེས་ལུང་ཕུལ་བར་བརྟེན།སྐབས་འདི་ཙམ་ནས་གདན་ས་གཡས་གཡོན་གཉིས་ཀའི་ཁྲི་ཟུང་འབྲེལ་དུ་བསྐྱངས།སྐབས་དེར་བྱ་ཁྱུང་འདུ་ཁང་ཆེན་མོ་བགྲེས་སྐྱོན་ཅི་ཙམ་ཆེ་ན་ཡང་།བཤད་ཚོད་ལ་ཡང་ཐོག་གི་དམ་ཅན་གཏོར་སྒམ་སྒུལ་སྐྱོན་བྱེད་མི་རུང་ཞེས་པའི་ངག་སྒྲོས་རྒྱུན་འབྱམས་ཤིག་ཡོད་པ་ལྟར་སུས་ཀྱང་རེག་མ་ཕོད་པར་ལུས་ཚུལ་གྲྭ་རྒན་འགས་ཞུས་ནས་ཁོང་བས་བཞེངས་རྒྱུར་ཐུགས་དགྱེས་པའི་ངང་ནས་ཞལ་གྱིས་བཞེས།རྟ་མགྲིན་གྱི་རྣམ་འབྱོར་བ་ཕྱག་མཛོད་ཚེ་བརྟན་རྒྱ་མཚོ་ལས་དཔོན་དུ་བསྐོས་ནས་སྔ་ཕྱིར་འགྲོ་སོང་དངུལ་སྲང་ཉིས་སྟོང་ལྷག་གི་ཕྱག་རྫས་ཕངས་མེད་དུ་བཏང་ནས་ཟླ་བ་ལྔའི་རིང་འདུ་ཁང་གྱན་བཅུ་གཅིག་ཀ་བ་བརྒྱ་དང་ཉེར་བརྒྱད་ཅན་ཕྱི་ནང་བར་གསུམ་ཚོན་རྩི་དང་བཅས་པ་ལེགས་པར་གྲུབ།ཟངས་ལས་གྲུབ་པའི་ཆོས་རྗེ་དོན་རིན་པའི་སྐུ་པར་ཞིག་བོར་ནས་ལོ་ཉིས་བརྒྱ་ཙམ་སོང་ཞེས་གྲགས་པ་དེ་ཡང་འདུ་ཁང་གི་ཨར་ལས་སྐབས་ས་འོག་ནས་རྙེད་པས་ཀུན་ཡ་མཚན་པ་བྱུང་ཞིང་རྗེ་དོན་རིན་པའི་སྤྲུལ་བར་ངེས་པ་རྙེད།བྱ་ཁྱུང་གི་ཆུ་བཟང་བླ་བྲང་ཡང་དངུལ་སྲང་སྟོང་གཅིག་ཙམ་གྱིས་གསར་གསོས་གནང་།བླ་བྲང་འདི་བཞེངས་སྐབས་སྦྲུལ་ཆེན་པོ་གཉིས་ཡང་ཡང་འོངས་ནས་འོ་མ་བླུད་ན་འཐུངས་ཏེ་བུད་འགྲོ་བའི་གནས་ཚུལ།པཎ་ཆེན་དཔལ་ལྡན་ཡེ་ཤེས་སྐུ་འབུམ་དུ་ཕེབས་དུས་ཞུས་པར།ཁྱེད་རང་ཆོས་རྗེ་དོན་རིན་པའི་སྐུའི་སྐྱེ་བ་བཞེས་སྐབས།མགོན་པོ་ཞལ་དང་།ལྕམ་སྲིང་བསྟེན་པ་བསྐྱུར་བས་མ་བྱུང་བ་རེད།ད་བསྟེན་ན་བཟང་།ང་ལ་མགོན་པོ་ཞལ་དང་།ལྕམ་སྲིང་གཉིས་ཀ་འཁོར་གྱིན་ཡོད་པས་བྱིན་རླབས་བྱས་ཆོག་གསུངས་ཏེ།རྗེ་འདི་བ་གཅིག་བུ་ལ།དེ་གཉིས་ཀྱི་རྗེས་གནང་དང་།མགོན་པོ་ཞལ་གྱི་ཆོས་སྐོར་སོགས་མན་ངག་ཟབ་མོ་མང་དུ་གནང་།དེ་ལྟར་ལོ་བཅུའི་རིང་འཆད་ཉན་ལ་གཟིགས་རྟོག་གང་དྲག་དང་།ཟ་ངོ་རེ་གཉིས་སུ་སྐུ་མཚམས་ལ་བཞུགས་པ་དང་།འདོད་ཆོས་ཅི་རིགས་སོ་སོའི་མོས་པ་བཞིན་སྩལ་ནས་བསྟན་པའི་བྱ་བ་རླབས་གང་ཆེ་མཛད་མཐར་དགུང་ལོ་ང་བདུན་པའི་སྟོན་ཀ་ཁྲིའི་དགོངས་པ་ཞུས།འདུ་ཁང་དུ་སྤྱན་རས་གཟིགས་ཀྱི་ལི་སྐུ་རྒྱབ་ཡོལ་བཞུགས་ཁྲི་དང་བཅས་པ།བཙན་ཁང་དུ་སྟག་ལྤགས་ཀྱི་རྒྱལ་མཚན།བླ་བྲེ།དངུལ་གྱི་བཀྲ་ཤིས་རྟགས་བརྒྱད་སོགས་དང་།གཞན་ལྷ་ཁང་འདུ་ཁང་སོ་སོར་སྟོང་མཆོད་དང་མཆོད་རྫས་འཐེབ་དངུལ་སྲང་སྟོང་ལྷག་ཕུལ།ཕྱིས་སུ་ཡང་ལན་མང་པོར་ཕེབས་ཏེ།རེས་གཅིག་གི་དུས་མཁན་པོ་ཞབས་དྲུང་དང་།མདོ་བ་ཞབས་དྲུང་གཉིས་ལ་ཚོགས་སུ་བཞུགས་ཁྲི་རེ་ཡོད་ན་རྟེན་འབྲེལ་ལེགས་ཚུལ་གྱི་ལྗགས་བཀོད་དང་།རྒྱུད་པ་སོགས་ཀྱི་ཞུས་ངོར་གསང་འདུས་ཀྱི་དབང་།ཡོན་ཏན་གཞིར་གྱུར་མའི་ཁྲིད།ཀུན་རིག་གི་དབང་བཅས་ནམ་འདོད་དུ་སྩལ།གསུང་རྩོམ་ཡང་།ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དང་།རྩ་བ་བློ་བཟང་རྒྱལ་མཚན་གྱིས་ཞུས་ངོར་བྱ་ཁྱུང་མཁན་རབས་བསྡུས་པ་སོགས་འགའ་རེ་སྣང་།དགུང་ལོ་དོན་གཉིས་སྟེང་མྱ་ངན་ལས་འདས་ཏེ་རྣམ་ཐར་རྒྱས་པ་ཤེས་འདོད་ན་ཤི་རེ་ཐུ་འཇམ་དབྱངས་ཆོས་འཕེལ་དཔལ་བཟང་གིས་བསྒྲིགས་པའི་དཔག་བསམ་ལྗོན་བཟང་པོད་ལོངས་པ་ཞིག་ཡོད་པ་དེར་བལྟ་བར་བྱའོ།རྣམ་ཐར་འདིའི་དཔར་སྔོན་ཆད་ཆུ་བཟང་དགོན་དུ་ཡོད་ཀྱང་།མཚོ་སྔོན་དུས་འཁྲུག་སྐབས་མེ་ལྷས་ཁྱུར་མིད་དུ་བཞེས་པས་དེང་སང་དཔེ་ཤིན་ཏུ་དཀོན་སྟབས་འདིར་སྐབས་འབྲེལ་ལོ་རྒྱུས་རྣམས་ཚང་བར་བཀོད་ཡོད་དོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།