བྱ་ཁྱུང་མཁན་རབས་སོ་བརྒྱད་པ་རྩ་བ་བློ་བཟང་རྒྱལ་མཚན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:38:00     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རྩ་བའི་ཨ་སྡེར་རབ་ཉི་ལྕགས་འབྲུག་ལ་འཁྲུངས།བློ་བཟང་ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང་།བྱ་ཁྱུང་དུ་ཟུར་བཀོལ་ཡན་ཆད་སྦྱངས།བཅུ་གསུམ་ཐོག་དབུས་སུ་ཕེབས།སེར་བྱེས་སུ་སློབ་གཉེར་དང་།ལ་རམས་མཚན་བཏགས་བཞེས།སྨད་རྒྱུད་དུ་ཞུགས།རྒྱལ་བ་ཡབ་སྲས།ཁྲི་ངག་དབང་མཆོག་ལྡན།བླ་མ་བྱམས་པ་སོགས་བསྟེན།སླར་རང་དགོན་དུ་ཕེབས་ནས་རྒྱུད་པ་གསར་འཛུགས་ཀྱི་རྡོ་རྗེ་སློབ་དཔོན་ལོ་བཅུ་གཉིས་མཛད།འཆད་ཉན་དང་སྒྲུབ་མཆོད་སོགས་ཀྱི་སྲོལ་བཏོད།དྲང་ངེས་རྣམ་འབྱེད་ཀྱི་བཤད་པ་སོགས་གསུང་རྩོམ་འགའ་རེ་ཡོད་པར་གྲགས།རེ་གཅིག་ཐོག་སེང་ཁྲིར་ཕེབས་ཏེ་ལོ་བཅུ་གསུམ་བཞུགས།ལམ་རིམ།སྐྱེས་རབས།སྤྱོད་འཇུག་སོགས་ཀྱི་བཤད་པ་དང་།བདེ་གསང་འཇིགས་གསུམ་གྱི་དབང་།མགོན་བཀའི་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་པ་དང་།རྩོད་གྲྭ་ལ་རྟིང་སྐུལ་ཤིན་ཏུ་སྨར།བླ་བྲང་སེང་ཁྲི་ཁང་དང་།གནས་བཅུའི་ལྷ་ཁང་ཞིག་གསོ།ཙོང་ཁ་བརྒྱད་ཅུ།རིགས་ལྡན་ཉེར་ལྔ་སོགས་ཀྱི་ཞལ་ཐང་གྲངས་མང་བཞེངས།སྡེ་དགེའི་བཀའ་འགྱུར་མཚལ་པར་མ་གདན་ཞུ་མཛད་མཁན་འདི་བ་ཡིན་པར་སྣང་།པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཆོས་སྡེ་རྒྱབ་རྟེན་གྱི་དོན་དུ་བཀའ་ཤོག་ཞུས་པ་སོགས་ཐུགས་ཀྱི་བཞེད་དོན་ཡོད་དགུ་གྲུབ་པར་མཛད།མཐར་དགུང་ལོ་གྱ་དྲུག་སྟེང་མྱ་ངན་ལས་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།