བྱ་ཁྱུང་མཁན་རབས་སོ་བདུན་པ་ངག་དབང་མཁས་གྲུབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:35:52     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

གཅན་ཚ་རི་ལམ་རྨ་འགྲམ་དུ་རབ་ཉི་ལྕགས་ཡོས་ལ་འཁྲུངས།ཁྲི་ཆེན་ངག་དབང་མཆོག་ལྡན་པས་ཉིད་ཀྱི་ཕུ་བོ་མཁན་ཆེན་ཡེ་ཤེས་རྒྱ་མཚོའི་སྐྱེ་བར་ངོས་འཛིན་གནང་།བྱ་ཁྱུང་གི་ཆོས་སྒོར་ཞུགས།དབུས་སུ་ཕེབས་ནས་སེར་བྱེས་སུ་ཐུགས་གཉེར་གནང་ཞིང་གླིང་བསྲེའི་མཚན་བཏགས་བཞེས།རྒྱལ་མཆོག་བདུན་པ་དང་།ཁྲི་ཆེན་ངག་དབང་མཆོག་ལྡན་ལས་ཆོས་བཀའ་རྒྱ་ཆེར་གསན།དཔལ་འཁོར་ཆོས་སྡེའི་མཁན་ཁྲི་ལོ་བདུན་ལ་བསྐྱངས།ཁྲི་ཆེན་ངག་དབང་མཆོག་ལྡན་ནས་གསེར་གདུང་ཆེན་མོའི་རྒྱ་ཕིབས་བཞེངས་གྲུབ་པ་ཨ་མདོ་ཞུ་སྐབས།ཁོང་བ་ལ་གཞུང་ས་མཆོག་ནས་པཎྚི་ཏ་ཧོ་ཐོག་ཐུ་མཁན་པོ་ཞེས་པའི་ཞེས་པའི་ཆོ་ལོའི་གཟེངས་བསྟོད་དང་བཅས།རྒྱ་ཕིབས་དང་།ཇོ་བོ་ལོ་ཀེ་ཤོ་རའི་སྐུ་བརྙན།དཔལ་ཆོས་མཁན་པོ་རང་ཉིད་ཀྱི་ཕྱག་སོན་ས་སྐྱ་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་རྟེན་ཐུབ་པ་གྲོང་ཁྱེར་མའི་ལི་སྐུ་ཁྱེར་མའི་ལི་སྐུ་ཁྱད་འཕགས་བཅས་སྤྱན་དྲངས་ཏེ་རབ་ཉི་ཤིང་ལོར་བྱ་ཁྱུང་འབྱོར།མཁན་ཁྲིར་གསོལ་བ་བཏབ་པ་ཞལ་བཞེས་མཛད་ནས་དབུས་སུ་ཕེབས།སླར་མ་འགྱང་བར་ཕྱིར་ཕེབས་ནས་རབ་འདོད་ས་འབྲུག་ལོར་གདན་ས་བསྐྱངས།བླ་བྲང་གསར་བཞེངས་མཛད་པར་རྒྱལ་མཆོག་ནས་དགའ་ལྡན་དཔལ་འབྱོར་ཁང་ཞེས་མཚན་འདོགས་གནང་།ས་སྦྲུལ་ལོར་ལྕང་སྐྱ་རོལ་བའི་རྡོ་རྗེ་བྱ་ཁྱུང་དུ་གདན་དྲངས་ནས་གཟིམ་ཁང་དགའ་ལྡན་དཔལ་འབྱོར་ཁང་དུ་བཞུགས།ཚོགས་ཆེན་ལ་ཉམས་མགུར་གྱི་བཤད་ལུང་གནང་བ་སོགས་བཀའ་དྲིན་གཞན་ལས་ཆེ།དབུས་ནས་བཟོས་པའི་དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན་རྒྱལ་མཆོག་གིས་ཚངས་དབྱངས་སྒྲ་སྒྲོགས་ཞེས་མིང་གནང་བ་དེ་ཆོས་སྡེ་རང་ལ་སྦྱོར་འཇགས་མཛད།ལོ་བཅུ་གསུམ་རིང་གདན་ས་ལེགས་པར་བསྐྱངས།དགུང་ལོ་རེ་བཞི་བ་ཤིང་རྟ་ལོར་མྱ་ངན་ལས་འདས་ཏེ་སྐུ་ཕྲེང་རྗེས་མ་རྣམས་ལ་མཁན་པོ་ཚང་དུ་གྲགས་སོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།