བྱ་ཁྱུང་མཁན་རབས་སོ་ལྔ་བ་བདེ་ཁང་བ་བློ་བཟང་རབ་བརྟན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:30:11     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་ཙོང་ཁའི་སྐྱེས་རིའི་གཡས་འདབས་ཚེར་ཕུག།ཡབ་གནམ་ལྷ་འབུམ་དང་།ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་རབ་དྲག་ཆུ་ཕག་ལ་འཁྲུངས།ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱི་སྐུའི་སྐྱེ་བར་གྲགས་ཏེ།རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དངདགུང་མཉམ་ཡིན།དགུང་ལོ་བཅུ་བའི་སྟེང་སྒོམ་ཆེན་དགེ་འདུན་བདེ་ལེགས་པའི་དྲུང་ནས་རབ་ཏུ་བྱུང་།མཚན་ལ་བློ་བཟང་རབ་བརྟན་དུ་གསོལ།གྲོང་དགེ་ཞིག་ལས་ཀློག་དང་འདོན་ཆ་བསླབས།དགུང་ལོ་བཅུ་གསུམ་པར་བྱ་ཁྱུང་དུ་ཕེབས།དེའི་ཕྱི་ལོ་རྭ་ལོ་སྤྲུལ་སྐུ་བློ་བཟངབསམ་གྲུབ་ཁྲིར་བཞུགས་པའི་ཆུ་སྟོད་ཟླ་བའི་བཅུ་གསུམ་ཉིན་ཆོས་གྲྭར་ཞུགས།མཁྱེན་བརྩོན་ཆེ་བས་འཕྲལ་དུ་སྐྱོར་དཔོན་ཁུར།དགུང་ལོ་བཅོ་བརྒྱད་ཐོག་སྐུ་འབུམ་གྱི་དྲུག་པའི་སྨོན་ལམ་ལ་ཕྱིན་ནས་ཉིན་ཞག་ལྔ་དྲུག་རིང་ལ་དམ་བཅའ་བཞག་པས་ཚང་མ་ཐུགས་མཉེས་པོ་བྱུང་།དགུང་ལོ་ཉེར་གཅིག་ཐོག་རྭ་ལོ་མཁན་རིན་པོ་ཆེས་ཞལ་ཏ་དང་བདག་རྐྱེན་གང་བཟང་གནང་ནས་དབུས་གཙང་དུ་ཕེབས།བསམ་བློའི་དཀའ་ཆེན་སྣ་རྒྱ་ངག་དབང་བརྩོན་འགྲུས་དགེ་རྒན་དུ་བསྟེན།བཀའ་པོད་ཚང་མར་ཤ་ཆོད་རུས་ཆོད་དུ་སྦྱངས་པས་མཁས་གྲགས་རྒྱས།ཉེར་དགུའི་ཐོག་སྒྲུབ་ཁང་རིན་པོ་ཆེ་ལ་བསྙེན་རྫོགས་ཞུས་ཤིང་འཇམ་དཔལ་ཞལ་ལུང་གི་ཁྲིད་རྫོགས་པར་གསན།སོ་གཉིས་ཐོག་རྒྱུད་སྨད་གྲྭ་ཚང་འགྲིམས།སྔ་ཕྱིར་ཆུ་བཟང་བླ་མ།འཇམ་དཔལ་གྲགས་པ།བཟོད་པ་བཟང་པོ།མངའ་རིས་ཞབས་དྲུང་།བ་མ་བྱམས་པ།ཞོག་དོན་ཡོད་མཁས་གྲུབ།ཁྲི་ཆེན་ངག་དབང་མཆོག་ལྡན།པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ།པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ལས་ཆོས་རྒྱུན་མང་ཙམ་གསན།དགུང་ལོ་སོ་ལྔའི་ཐོག་སླར་མདོ་སྨད་རང་དགོན་དུ་ཕེབས།དམ་བཅའ་བཞག་པ་མཁས་བའི་མིག་རྒྱན་དུ་གྱུར།འདི་དུས་བདེ་ཡངས་ངག་དབང་ནོར་བུས་གདན་ས་སྐྱོང་སྐབས་ཡིན།དེའི་ཕྱི་ལོར་ལུང་གཡོར་དགའ་ལྡན་ཆོས་འཕེལ་གླིང་གི་རི་ཁྲོད་དུ་ཕེབས་ནས་ལོ་གསུམ་གྱི་རིང་ཤིན་ཏུ་དབེན་པར་བཞུགས་ཤིང་།རིམ་གྱིས་དད་པས་འདུས་པའི་སློབ་མ་འགའ་ཙམ་བྱུང་བར་བརྟེན་སྒྲུབ་སྡེ་བཙུགས།དེར་ལམ་རིམ་བློ་སྦྱོང་།སྡོམ་གསུམ་བསླབ་བྱ་སོགས་ཁྲིད་ཅིང་གཞི་གསུམ་གྱི་ཕྱག་ལེན་དང་འཇིགས་བྱེད་ཀྱི་སྒྲུབ་མཆོད་བཙུགས།ལོ་གཅིག་གི་དབྱར་གནས་སྐབས་ཁྲི་གའི་མི་ཉག་ཞབས་དྲུང་རིན་པོ་ཆེ་བློ་གྲོས་དར་རྒྱས་གདན་དྲངས་ནས་ལམ་རིམ་ཆེན་མོའི་གཟབ་བཤད་དང་།བདེ་མཆོག་གི་དབང་སོགས་ཞུས།དགོང་ལོ་ལྔ་བཅུ་བ་ཆུ་བྱའི་ས་གི་ཡར་ཚེས་ལ་བྱ་ཁྱུང་གི་ཆོས་ཁྲིར་ཕེབས་ནས་ལོ་བཅུ་བཞུགས་པའི་རིང་ལ་ལམ་རིམ་ཆེན་མོའི་གཟབ་བཤད་ཀྱིས་གཙོས་ཆོས་བཀའ་རྒྱ་ཆེར་གནང་།སློབ་གཉེར་འཕེལ་བའི་ཐབས་སུ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་གསར་དུ་བཙུགས།ལྷ་ཁང་རྟེན་གསུམ་རྙིང་བ་ཡོད་ཚད་ལ་རྒྱུ་ནོར་ཕངས་མེད་དུ་བཏང་སྟེ་ཞིག་གསོས་ཚོན་འབུམ་གསེར་ཆབ་སྒྲོན་པ་དང་།ཅོ་ནེར་མི་སྣ་ཆེད་མངགས་ཀྱིས་བཀའ་འགྱུར་བླུས་པ་གདན་དྲངས།རྟེན་སྣ་བྱུར་བུར་སྤུངས་པའི་མཆོད་རྟེན་ཆེ་ཚད་བཞེངས་ཏེ་གསེར་གདུང་ཆེན་མོར་བཞུགས་སུ་བཅུག།ལོ་ཁ་ཤས་རིང་ལ་རྒྱ་མིས་དབང་ཁྱེར་བའི་རྐྱེན་གྱིས་གཅན་རོང་མགོ་འདོན་བྱེད་པའི་དབང་ཆ་མེད་པ་ཡང་འདི་བ་ཁྲིར་བཞུགས་པ་ཙམ་ནས་ཚུར་སྤྲད་ཅིང་།གོང་མའི་ཕོ་བྲང་ནས་དངུལ་ཕོགས་ཀྱི་བདག་རྐྱེན་ཡང་གསར་དུ་བྱུང་།དགུང་ལོ་དོན་གཅིག་པ་ཆུ་མོ་བྱ་ནས་བཟུང་ལོ་གསུམ་གྱི་རིང་གང་ཅིའི་འགན་བསྣམས་ནས་རྒྱུད་པའི་འདུ་ཁང་གསར་བཞེངས་དང་།དེར་མཆོད་རྟེན་ཆེ་བ་བཅུ་གཉིས་སོགས་རྟེན་བཞེངས་རྒྱ་ཆེར་མཛད་པས་མཚོན་ལྷ་ཁང་ཕྱི་ནང་དང་།དགོན་པའི་ཉེ་འཁོར་རྣམས་སུམཆོད་རྟེན་ཆེ་ཆུང་དྲུག་ཅུ་རྩ་བདུན་བཞེངས་པར་རྣམ་ཐར་ལས་བཤད།དགུང་ལོ་དོན་བཞི་བ་རབ་འདོད་མེ་བྱི་ལོར་སྤོའུ་ཆོས་རྗེ་ཁུ་དབོན་རྣམ་གཉིས་ཀྱིས་གཙོས་དན་ཏིག་ཕྱོགས་ཀྱི་སྐྱ་སེར་ཚང་ས་གདན་དྲངས་ནས།བསུ་མ་སྔ་ཕྱི་མང་བོ་བཅས་ཏན་ཏིག་དགོན་པར་ཕེབས།རྟེན་གསུམ་འགངས་ཅན་རྣམས་ལ་མཆོད་འབུལ་དང་།དགེ་འདུན་མང་ལ་སྐུ་འགྱེད།རྒྱལ་བ་བསོད་ནམས་རྒྱ་མཚོའི་སྒྲུབ་ཁང་ནས་བདེ་མཆོག་གི་སྒྲུབ་མཆོད་སྒོས་ཚེས་བཅུའི་མཆོད་པ་གནང་ཞིང་།ཕྱོགས་འདུས་ཀྱི་མི་ཚོགས་ཤིན་ཏུ་ཆེ་བ་ལ་དབང་ཁྲིད་རྗེས་གནང་མ་ཎི་རྟིང་སྐུལ་སོགས་ཆོས་སྦྱིན་རྒྱ་ཆེར་སྩལ།དེའི་ཕྱིར་རབ་འདོད་ལྕགས་འབྲུག་ལོར་བྲིས་པའི་རྗེ་འདི་བའི་གསུང་འབུམ་པོད་གཅིག་ད་ལྟའང་བདག་གི་དཔེ་གྲས་སུ་བཞུགས་པ་ནི་རྒྱུ་མཚན་འདི་ལ་ཐུག་པར་སྣང་།ཆོས་འབྲེལ་གསན་པའི་སློབ་མ་ཆེ་གྲས་ཀྱང་མཁན་ཆེན་ངག་དབང་དོན་གྲུབ།མཁན་པོ་ངག་དབང་མཁས་གྲུབ་རྒྱ་མཚོ།རྗེ་བློ་བཟང་བསྟན་འཕེལ།རྭ་ལོ་སྤྲུལ་སྐུ།རྒྱུད་པ་དཔོན་སློབ་བློ་བཟང་རྒྱལ་མཚན་སོགས་གདན་ས་རང་དང་།ཚེ་ཏན་སྤོའུ་མཁན་པོ་དཔལ་ལྡན་རྒྱ་མཚོ་དང་།དན་ཏིག་ཞབས་དྲུང་མཇམ་དབྱངས་གྲགས་པ།བཱ་ཡན་རྒྱ་རྒྱ་དང་གཡི་རྩའི་ཁྲི་བ་རྗེ་ཡེ་ཤེས་བཤེས་གཉེན།རྗེ་ཆོས་གྲགས་དར་རྒྱས་སོགས་ཕྱོགས་ཀྱི་འགྲོ་འདྲེན་དམ་པ་མང་དུ་སྣང་ཞེས་རྣམ་ཐར་དུ་བཀོད་ཡོད། དགུང་ལོ་གྱ་བཞིའི་ཐོག་མྱ་ངན་ལས་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།