བྱ་ཁྱུང་མཁན་རབས་སོ་གཉིས་པ་གདོང་གཞུག་ངག་དབང་ཆོས་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བར།     སྤེལ་དུས།  2018-09-01 11:17:20     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་རོང་བོའི་ཚེ་རུག་འོན་འཇའ།བྱ་ཁྱུང་གི་ཆོས་སྒོར་ཞུགས་ནས་གཞུང་གསར་བར་དང་།དེ་འཕྲོས་སེར་བྱེས་ནས་སྦྱངས་ཏེ་ལྷ་ལྡན་སྨོན་རམས་པ་མཛད།སུམ་རྟགས།སྙན་ངག །རྩིས་དཀར་ནག་སོགས་ལ་ཡང་སྦྱངས་པ་ཆེ།དེ་ནས་རང་ཡུལ་དུ་ཕེབས་ཏེ་རབ་ཉིའི་ལྕགས་གླང་ས་ག་ཟླ་བའི་ནང་སེང་ཁྲིར་འཁོད།དབུ་མ་འཇུག་པ་ཚོགས་འདོན་དུ་བཙུགས།གོང་ནས་བཤད་པ་ལྟར་མཁན་ཆེན་དངོས་ཟུར་འདི་གཉིས་ཀྱིས་བྲག་དཀར་སྔགས་རམས་པ་གདན་དྲངས་ནས་བཀའ་ཆོས་མང་ཙམ་ཞུས།འདི་བ་མཁན་པོར་བཞུགས་ཐོག་མཚོ་སྔོན་བསྟན་འཛིན་ཝང་གིས་རྒྱ་ནག་གོང་མ་ལ་ངོ་ལོག་ནས་འཁྲུག་པ་བསླངས་པར་བརྟེན།ཆུ་ཡོས་ལོར་རྒྱ་ནག་ནས་ཉན་གུང་ཡོ་དང་།ཡོ་ཀྲུང་ཆི་གཉིས་ཀྱིས་དམག་ཆེན་དྲངས་ནས་བྱང་གི་དགོན་ཆེན་ཕལ་ཆེར་ལ་གནོད་ཚབས་ཆེན་པོ་བྱུང་སྐབས།བྱ་ཁྱུང་བྱ་བ་ཉུང་བས་ཆོས་སྤྱོད་འཕེལ།།ཞེས་གུང་ཐང་རིན་པོ་ཆེས་བསྔགས་བརྗོད་མཛད་པ་ལྟར་ཆོས་སྡེ་འདི་ཉིད་ཀྱི་གྲྭ་དཔོན་སློབ་རྣམས་ནམ་ཡིན་ཡང་ཞི་དུལ་བག་ཡོད་ཀྱི་ངང་ཆོས་དང་མཐུན་པའི་ཀུན་སྤྱོད་གཙང་མས་བཞུགས་ཚུགས་པ་དང་།འཇིག་རྟེན་གྱི་བྱ་བ་ངན་པར་ཐོག་བརྫིས་མཛད་པའི་བྱིན་རླབས་ཀྱི་མཐུ་དང་ཁྱད་པར་དུ་མཁན་པོ་འདི་བས་དམ་ཅན་མགར་ནག་གི་གསོལ་ཁ་གསར་འཛུགས་དང་།སྐྱེས་རི་ལ་བདེ་ལྡན་ལྷུན་པོའི་ལ་བཙས་བསྟད་ནས་བསང་ཡིག་གསར་རྩོམ་གནང་བ་བཅས་ཀྱི་འཕྲིན་ལས་ལ་བརྟེན།ཆོས་སྡེ་འདི་གར་དམག་སྐྱོན་ཕྲ་མོས་ཀྱང་མ་གོས་པ་བྱུང་།ཉན་གུང་ཡོ་ཞེས་པའི་དམག་དཔོན་འདི་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ལས།སྔོན་བླ་ཆེན་དགོངས་པ་རབ་གསལ་གྱི་སྐུའི་སྐྱེ་བ་བཞེས་དུས་དན་ཏིག་གི་ཐེའུ་རང་སྤུན་དགུ་དམ་ལ་བཏགས་པ་ལས་གཅིག་ཅི་བྱས་ཀྱང་མ་ཐུལ་བ་དེའི་སྐྱེ་བར་བཤད་ཅིང་།ད་ལྟའི་སྟོང་སྐོར་གྱི་ས་མཁར་འདི་དམག་དཔོན་དེའི་བཀོད་ཁྱབ་ཀྱིས་བརྡུངས་པར་གྲགས།དེ་ལྟར་ལོ་ལྔའི་བར་དུ་གདན་ས་བསྐྱངས་ནས་འཆད་ཉན་འཕེལ་བ་དང་།དོན་གཉེར་བ་སོ་སོར་ཡི་གེ་འབྲི་ཀློག །རྩིས་དཀར་ནག་སྙན་ངག་སོགས་ཀྱི་དཔེ་ཁྲིད་དང་།བྱམས་ཁང་གི་སྐུ་བརྙན་ལ་ཞིག་གསོ་དང་རྒྱུན་གྱི་མཛད་སྤྱོད་ལེགས་པ་བཅས་མང་མས་གཙུག་ཏུ་བཀུར།གསུང་རྩོམ་ཡང་།ལྔ་བསྡུས་ནས་བཟུང་གཟའ་འཛིན་བར་གྱི་རྩིས་གཞི་གསར་སྤོས་དང་།སྤྱི་སོའི་དེབ་ཡིག་སེམས་བསྐྱེད་ཀྱི་བཤད་སྒྲིག་ལ་སྔ་སྒྲིག་དང་།སྤྱི་སྒྲིག་འགའ་རེ།སྐྱེས་རིའི་བསང་ཡིག་སོགས་འགའ་རེ་ཡོད་ན་ཡང་ད་ལྟ་མཇལ་དུ་ཡོད་པ་ནི་བསང་ཡིག་ཙམ་ལས་མི་གདའ།ཤིང་སྦྲུལ་ལོར་གདན་ས་བཞག་ནས་མཚེར་མོ་ཆེའི་རི་ཁྲོད་དུ་སྐུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་དོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།