བྱ་ཁྱུང་མཁན་རབས་སོ་གཅིག་པ་ངག་དབང་ནོར་བུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:14:09     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འདི་བ་བིས་མདོ་གྲྭ་ཚང་དུ་མཚན་ཉིད་འཛུགས་མཁན་འབྲས་སྒོ་མང་བསམ་བློ་བ་ཀྵེ་ཏ་པཱ་ལ་བསོད་ནམས་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་དེའི་ཡང་སྤྲུལ་ཡིན་པར་བྲག་དགོན་པས་མདོ་སྨད་ཆོས་འབྱུང་དུ་གསུངས། འཁྲུངས་ཡུལ་ནི་རོང་བོའི་རྩ་བ།གཞོན་ནུ་ནས་བྱ་ཁྱུང་གི་ཆོས་སྒོར་ཞུགས་ཤིང་རིགས་པའི་འཕྲུལ་ལ་མཁྱེན་རབ་ཀྱི་འཇུག་པ་རྣོ་བས་ཚང་མས་ངོ་མཚར་དུ་རྩི།དགུང་ལོ་བཅུ་བདུན་ཐོག་གྲྭ་སར་ཕེབས་ནས་སེ་ར་བྱེས་པར་ཞུགས།པོ་ཏི་ལྔའི་རྩ་བ་དང་གསེར་ཕྲེང་ཐུགས་ལ་བཟུང་།བཀའ་པོད་ལ་སྦྱངས་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།དགུང་ལོ་ཉེར་ལྔའི་སྟེང་གླིང་བསྲེའི་དམ་བཅའ་དང་།ཉེར་བརྒྱད་སྟེང་གདན་ས་གསུམ་གྱི་མཁས་མང་རྒྱ་མཚོའི་དབུས་སུ་ལྷ་རམས་དམ་བཅའ་བཞག་པས་མཁས་གྲགས་ས་སྟེང་དུ་རྒྱས།དེ་ནས་སྨད་རྒྱུད་དུ་ཞུགས་ནས་ཀྱང་སྔགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་མཐར་རྒྱུད་པའི་དམ་བཅའ་ཆེན་མོ་བཞག།དེ་ནས་མ་འགྱངས་པར་རང་དགོན་བྱ་ཁྱུང་དུ་ཕེབས།ཆོས་སྡེ་རང་གི་དགེ་རྒན་གྱི་ཁུར་བཞེས་ཏེ་ཆོས་སྲིད་ཀྱི་ཞབས་འདེགས་ཟོལ་མེད་ཞུས།སྔར་སྨོས་ལྟར་བྲག་དཀར་སྔགས་རམས་པས་མཁན་པོར་བསྐོས་ན་ཡང་།ད་དུང་དམ་སྲིར་ཐུགས་ཅུང་ཟད་འཇིགས་ནས།རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དགུང་ལོ་དགུ་བཞེས་པ་དེ་དུས་སྐུ་འབུམ་དུ་བཞུགས་པ་ལ་ལུང་བསྟན་ཞུས་པར།ལོ་ལྔའི་བར་དུ་ཉེས་སྐྱོན་མེད་གསུངས་ཤིང་།བཞུགས་གདན།རྒྱབ་ཡོལ།གོས་བེར་མུ་ཏིག་འཕྲ་ཚོམ་ཅན་བཅས་གནང་བར་བརྟེན།རབ་ཉིའི་མེ་སྤྲེལ་ལོར་སེང་ཁྲིར་འཁོད།རྒྱལ་བ་བསྐལ་བཟང་རྒྱ་མཚོར་ལུང་ཞུས་ལྟར་ཨ་རྒྱ་ནང་སོས་སྦྱིན་བདག་མཛད་དེ་མགོན་ཁང་རྟེན་བརྟེན་པར་ཞིག་གསོ་དང་རབ་གནས་མཛད།ཚུལ་འདི་ལ་རྒྱལ་མཆོག་བདུན་པསམཛད་པའི་བྱ་ཁྱུང་གསེར་གདུང་རྒྱ་ཕིབས་ཀྱི་དཀར་ཆག་ལས།བར་སྐབས་མགོན་ཁང་གི་རྟེན་རྣམས་ཉམས་ཞིག་ཅུང་ཟད་བྱུང་བ་གཉན་ཆ་ཆེ་བའི་སྟབས་ཀྱིས་ཞིག་གསོ་མ་ནུས་པར་ལུས།དེར་བརྟེན་མཁན་རབས་ལའང་གྲོངས་ཆད་མང་བས་གདན་སར་སྡོད་པ་ལ་འཚེར་སྣང་ཡོང་བ་ལྟ་བུའི་སྐབས།ངེད་སྐུ་འབུམ་དུ་སྟན་ཆགས་དུས་དཔལ་ལྡན་སྨད་རྒྱུད་པའི་མདོ་སྔགས་ཀྱི་དགེ་བའི་བཤེས་གཉེན་ངག་དབང་ནོར་བུ་མཁན་པོར་བསྐོས།ཁོང་བ་ནས་མགོན་ཁང་གི་རྟེན་རྣམས་ཞིག་གསོས་བགྱིས་ཆོག་མིན་དྲིས་པར།བྱས་ན་འགལ་བ་མེད་ཚུལ་ལབ་ཟེར་ཡང་ངེད་ན་ཚོད་ཕྲ་དུས་སུ་སོང་བས་དྲན་ཡུལ་དུ་མ་ངེས།ཞེས་གསུངས་ཡོད།དེའི་ཕྱིར་རྒྱལ་མཆོག་བདུན་པའི་རྣམ་ཐར་ལས།དེ་ནས་བྱ་ཁྱུང་མཁན་པོ་གསར་བ་དགོས་ཚུལ་ཞུས་པར།ཁོ་རང་ཚོའི་འདོད་མོས་ལྟར་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་དར་རྒྱས་བསྐོ་བཞག་མཛད།ཅེས་གསུངས་པ་ས་བོན་འདེབས་པ་པོའི་བྲིས་ནོར་དུ་མངོན།གང་ལྟར་འདི་བར་ལུགས་གཉིས་ཀྱི་སྒོ་ནས་སྐུ་བསོད་ཤིན་ཏུ་ཆེ་བ་བྱུང་བས་འཆད་ཉན་འཕེལ།ཁྱད་པར་དུ་སྔོན་ཆད་དབུ་ཕར་གཉིས་ལས་འདུལ་མཛོད་ལ་བརྩི་བཞག་གཏོང་ཙམ་ལས་རྩོད་པ་ཆེར་མ་ཚུགས་པ་ལ་འདི་བས་དཀའ་ཆེན་བཞིའི་རྩོད་པ་ཚང་བར་བཙུགས།ལྕགས་བྱི་ལོར་བཞི་བའི་སྨོན་ལམ་གསར་འཛུགས་གནང་ཞིང་དེའི་སྟེང་སེར་བྱེས་ཕྱག་ལེན་ལྟར་གྱི་གླིང་བསྲེའི་མིང་བཏགས་ཀྱི་སྲོལ་ག་བསྟར།རྟིང་གནོན་གྱི་ཆེད་དུ་པཎ་ཆེན་བློ་བཟང་ཡེ་ཤེས་དང་།རྒྱལ་བ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ལ་བཀའ་ཤོག་ཞུས།ཧལ་ཧ་རྗེ་བཙུན་དམ་པ་རིན་པོ་ཆེ་དགུང་ལོ་གྱ་སྟོད་བཞེས་པའི་ཚོད་ཙམ་ལ་ནང་སོ་འཇམ་དབྱངས་བློ་གྲོས་ཟེར་བ་འཚམ་ཞུ་འབུལ་བར་མངགས།རྗེ་བཙུན་དམ་པ་དེ་ཉིད་ཆོས་སྡེ་འདི་ལ་བརྩེ་གཟིགས་ཆེ་སྟབས་རེབ་འདིར་རྒྱ་ནག་བཀའ་འགྱུར་མཚལ་པར་མ་ཐུམ་དང་བཅས་པ་པོད་བརྒྱ་རྩ་དྲུག་དང་།འོད་དཔག་མེད་ཀྱི་ལི་སྐུ་མི་ཚད་ལས་ལྷག་པ་བླ་བྲེ་ཆེ་ལེགས་བཅས་བསྐུར་གནང་མཛད་པ་བྱ་ཁྱུང་དུ་སྤྱན་དྲངས།རྒྱབ་རིའི་རྩེའི་བྱམས་ཁང་རྟེན་བཅས་ལ་ཞིག་གསོ་དང་།ཉིད་ཀྱིས་ཆ་ཚད་བཟུང་སྟེ་འཇིགས་བྱེད་བཅུ་གསུམ་མའི་བློས་བསླང་གསར་བཞེངས་བྱས་པ་སོགས་ལོ་ལྔའི་བར་དུ་ཆོས་སྲིད་ཀྱིས་ལེགས་པར་བསྐྱངས།དེ་ནས་གདན་ས་བཞག་སྟེ་བདེ་ཡངས་སུ་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་དང་གཟིམ་ཁང་གསར་བ་བརྩིགས་ནས་དེར་སྒྲུབ་པ་ཉམས་བཞེས་གནང་བས་མཚན་ལ་ཡང་བདེ་ཡངས་ཚང་དུ་གྲགས་པར་གླེང་།བིས་མདོ་བསམ་བློ་བ་ཀྚེ་ཊ་པཱ་ལའི་སྤྲུལ་བར་གྲགས་ཆེ་བའི་སྟབས་ཀྱིས་སྐུ་ཚེ་སྨད་བིས་མདོ་གྲྭ་ཚང་ནས་ཡང་ཡང་གདན་དྲངས་ཀྱང་ཞལ་བཞེས་མ་གནང་། རྗེ་བྱ་ཚང་བས།བཀའ་སྡོད་ཀྚཾ་ལས་སྤྲུལ་པ་ཞིང་སྐྱོང་ཆེ།དུས་མཐར་ངུར་སྨྲིག་ཟོལ་ལ་ཉེར་བསྟེན་པ།།ཞེས་དང་།ཞིང་སྐྱོང་གནོད་སྦྱིན་ཆེན་པོ་ཀྚེ་ཊ་པཱ་ལའི་རང་གཟུགས་སྐུ་ཞབས་བདེ་ཡངས་ཞེས་སོགས་ཀྱི་བསྔགས་བརྗོད་མཛད་པའང་དགེ་བཤེས་ཀྚེ་ཊ་པཱ་ལ་ཉིད་ཆོས་སྐྱོང་དེ་ཉིད་ཀྱི་སྤྲུལ་བ་ཡིན་པའི་ངག་རྒྱུན་རྣམ་དག་ཡོད་ངེས་སུ་སེམས།དགུང་ལོ་བདུན་ཅུའི་ནང་ཙམ་ལ་འདས་པའི་གདུང་ཞུགས་ལ་ཕུལ་བས་འཇམ་དབྱངས་དཀར་པོའི་སྐུ་བརྙན་བྱོན་ལེགས་ཤིག་ཕེབས་པ་ནང་རྟེན་དུ་བྱས་པའི་མཆོད་རྟེན་ཆེ་ཚད་བཞུགས་ཁང་དང་བཅས་པ་ད་ལྟ་གསེར་གདུང་ཆེན་མོར་བཞུགས་པ་འདི་ག་ལགས་སོ༑ །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།