བྱ་ཁྱུང་མཁན་རབས་སུམ་ཅུ་བ་རྒྱུད་ནེ་ཆེ་བ་འཇམ་དབྱངས་བཀྲ་ཤིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 21:31:37     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

བྲག་དགོན་པས་འདིའི་མཚན་ལ་བློ་བཟང་ཆོས་དབྱིངས་ཞེས་བྲིས་པ་མ་དག་སྙམ། རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས་པའི་སྐུ་མཆེད་ཡིན།ཆུང་དུས་ནས་བྱ་ཁྱུང་གི་ཆོས་སྒོར་ཞུགས། སྐབས་དང་པོའི་བར་གསན་སྦྱོང་མཛད། དེ་ནས་གྲྭ་སར་ཕེབས་ཏེ་སེ་ར་བྱེས་པར་ཞུགས།བཀའ་པོད་རྣམས་ལ་སྦྱངས་པ་མཐར་ཕྱིར་ནས་གླིང་བསྲེའི་གྲྭ་སྐོར་མཛད་ཅིང་མཁས་པའི་གྲགས་སྙན་རྒྱས། སླར་བྱ་ཁྱུང་དུ་ཕེབས་ནས་སྐུའི་གཅེན་པོ་རྗེ་བློ་བཟང་ཆོས་དབྱིངས་ཀྱིས་མཁན་ཁྲི་སྐྱོང་སྐབས་ཁོང་བས་དབོན་པོའི་ཁུར་བསྣམས་ནས་ཆོས་སྲིད་ཀྱི་ཞབས་འདེབས་གང་འགྱུར་ཞུས།མགོན་ཆོས་ཀྱི་དབྱངས་དང་རྔ་ཆིངས་རྡུང་དཀྲོལ་གྱི་ཕྱག་ལེན་ཞིབ་པར་བསླབས་ཤིང་བཙུགས།སྐབས་ཤིག་ཨ་རྒྱ་ནང་སོས་བཱ་ཡན་ཧོ་ཤོས་གསུམ་གྱི་སྤྱི་བླར་བསྐོས་ནས་བཀུར་བ་དང་། སྟོ ད་ཐའི་མཁར་དམར་དགོན་པར་ཡུལ་རིང་བཞུགས།བར་ཉིའི་མེ་ལུག་ལོར་སེང་ཁྲིར་ཕེབས་ཀྱང་།ལོ་ཕྱེད་ཙམ་ནས་ཞབས་ལ་སྙུང་གཞི་བྱུང་བའི་རྐྱེན་གྱིས་ཞབས་རིམ་ལ་འབད་ན་ཡང་ཕན་ངོ་མ་བྱུང་བར།སྟག་སྡོང་དཀར་པོའི་རི་ཁྲོད་དུ་རྗེ་བློ་བཟང་ཆོས་དབྱིངས་དྲུང་དུ་མཇལ་བར་ཕེབས་པའི་ལམ་བར་ནག་ཚའི་རྫོང་ལ་སླེབས་མཚམས་ཆིབས་གོང་ནས་སྐུ་འདས་སོ༑ །བར་སྐབས་དེར་མཁན་ཁྲི་རིམ་བྱོན་ལྔ་ཙམ་གྱིས་རབ་ལོ་རེ། འབྲིང་ལོ་ཕྱེད། ཐ་མ་ཟླ་རེ་ཙམ་ལས་བཞུགས་དབང་མེད་པར་ཁྲི་ཁུར་མ་ཐོན་པའི་རྐྱེན་གྱིས་མཁན་པོ་གསར་བ་བསྐོ་རྒྱུར་ཁེགས་པོ་བྱུང་།གྲ་ཚང་གི་འགྱེད་མང་སྐོལ་སོགས་ཀྱི་བྱ་བར་བླ་བྲང་གཉེར་བ་ཞིག་བསྐོས་ནས་ལོ་གསུམ་གྱི་རིང་ལ་གདན་ས་བས་སྟོངས།དེ་ལ་ཟློག་ཐབས་ཀྱི་སྐུ་རིམ་དངརིམ་གྲོ་ཅི་བྱས་ཀྱང་ཕན་པ་མ་བྱུང་བ་ལ་བླ་མ་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་ཞིག་སྤྱན་དྲངས་ན་ཕན་ཨེ་ཐོགས་བསམས་ནས་འདུ་ཚོགས་ལྷན་རྒྱས་ཀྱིས་བཀའ་བགྲོས་ཐོག་ལུང་བསྟན་གང་བབས་ཤིག་ཞུ་བར་ཐག་བཅད་པ་ལྟར་བྲག་དཀར་སྔགས་རམས་པ་ཞུས་ནས་ཁྲི་བགེགས་རྩ་མེད་དུ་བཏུལ།དེ་ཡང་རྩ་བ་ཚང་གི་གདན་རབས་སུ་ངག་སྒྲོས་ལྷད་ཅན་དང་རགས་རིམ་ཞིག་ལས་མི་འདུག་མོད། བྲག་དཀར་སྔགས་རམས་པ་རང་ཉིད་ཀྱི་རྣམ་ཐར་དྲུང་ཡིག་བློ་བཟང་རྒྱ་མཚོས་མཛད་པ་དེར་ཆེས་ཤིན་ཏུ་གསལ་བས་འདིར་དེ་དང་མཐུན་པར་ཅུང་ཟད་འགོད་ན།བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་འཁྲུངས་ཡུལ་ནི་རེབ་གོང་བྲག་དཀར་ཏེ།དགུང་ལོ་བཅུ་གསུམ་སྟེང་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལས་རབ་ཏུ་བྱུང་། གནས་མཆོག་བཀྲ་ཤིས་འཁྱིལ་དུ་སྒྲུབ་པ་ལ་ཞུགས། རྒྱལ་སྲས་སྤྲུལ་བའི་སྐུ་རིན་པོ་ཆེ་ལས་བསྙེན་པར་རྫོགས།དགུང་ལོ་སུམ་ཅུའི་བར་ཡབ་རྗེ་བླ་མ་བསྟེན་ཏེ་དབང་ལུང་ཁྲིད་དང་མན་ངག་སོགས་གདམས་པ་ཡོད་དགུ་མནོས།དེ་ནས་བླ་མའི་བཀའ་ལྟར་དབུས་སུ་ཕེབས།སྨད་རྒྱུད་དུ་ཞུགས།ལོ་དགུའི་བར་དུ་ཟབ་ཆོས་མང་བོར་གསན་བསམ་མཛད།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀས་འབྲུག་པ་སོགས་འགའ་ཞིག་སྟེང་དུ་ལྕགས་མཁར་ཆེན་མོ་འཛུགས་པའི་རྡོ་རྗེ་སློབ་དཔོན་དུ་བསྐོས་པས་ནག་ཕྱོགས་ཆམ་ལ་ཕབ་པའི་གྲགས་སྙན་རྒྱས།སླར་མདོ་སྨད་དུ་ཕེབས།ཆེན་པོ་མང་པོས་བཀུར་ཅིང་མེ་ལོང་བྲག་དཀར་ཞེས་པའི་སྒྲུབ་སྡེ་བཏབ་སྟེ་སྒྲུབ་པ་ལ་གཞོལ།དགུང་ལོ་རེ་བཞི་བཞེས་སྐབས་གོང་ནས་བཤད་པ་ལྟར་བྱ་ཁྱུང་འདུས་སྤྱིས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་སྤྱན་སྔར། ལ་མོ་ཞབས་དྲུང་། སྟོང་སྐོར། ཆུ་བཟང་། ཀུན་མཁྱེན་འཇམ་དབྱངས་བཞད་པ། བྲག་དཀར་སྔགས་རམས་པ་སྟེ་ལྔའི་མཚན་ཞུ་ཡིག་ཏུ་བྲིས་ཏེ་ལུང་བསྟན་ཞུས་པར་ལྔ་བ་ལ་བབས།རྩ་བ་ངག་དབང་དགེ་ལེགས་ཀྱིས།ལ་མོའི་ཆོས་སྐྱོང་མདུན་དུ། བེ་རྒྱའི་ཞབས་དྲུང་།གསེར་ཁོག་ནོ་མོན་ཧན།བྲག་དཀར་སྔགས་རམས་པ་སྟེ་གསུམ་གང་འོས་ཀྱི་ལུང་བསྟན་ཞུས་པར་བཤད་པ་ནི་མ་དག་པར་སེམས།དེ་ནས་གྲུབ་དབང་དེ་ཉིད་ཡང་ཡང་གདན་དྲངས་ཀྱང་རེབ་གོང་དང་ཁྲི་གའི་སློབ་མ་དྲག་ཞན་མང་པོས་བཤོལ་བཏབ་ནས་ཕེབས་མ་བཅུག།རྗེས་ནས་གདན་འདྲེན་བསྐྱར་མ་སླེབས་ནས་ནན་ཆེན་པོས་ཞུས་པ་ལ། བྱ་ཁྱུང་དགོན་གནས་ཁྱད་པར་ཅན་ཡིན་གཤིས། དེ་ལ་ཕན་ཐོགས་ན་བན་རྒན་གྱི་ཚེ་ལ་གནོད་ན་ཡང་གནོད་གསུངས་ནས་ཕེབས་རྒྱུའི་ཞལ་བཞེས་གནང་འཕྲལ་ཟླ་བ་གཅིག་གི་རིང་འཇིགས་བྱེད་ཀྱི་བསྙེན་སྒྲུབ་མཛད། སྐུ་མཚམས་གྲོལ་རྗེས་དཔོན་གཡོག་ཉི་ཤུ་སྐོར་བྱ་ཁྱུང་དུ་ཕེབས་པའི་ལམ་སྐབས་ཆོས་རྒྱལ་དཀར་པོ་ཞིག་གིས་གྲུབ་དབང་རང་གི་ཆིབས་ཁ་ནས་ཁྲིད་པའི་ཉམས་ཤར་བ་དང་། རྨ་ཆུ་ལ་གྲུ་བཏང་ནས་ཕེབས་ཚེ་ཆུའི་གཉེར་མ་རེ་རེའི་སྟེང་ན་ཐུབ་པའི་དབང་པོའི་སྐུ་རེ་བཞུགས་པའི་ཉམས་ཤར་བ་སོགས་དགྲ་བགེགས་ཆམ་ལ་འབེབས་པའི་རྟེན་འབྲེལ་ལེགས་པར་འགྲིགས།དེ་ནས་བྱ་ཁྱུང་དུ་ཕེབས་ཚེ་དགོན་པ་དེ་ལ་ཤིན་ཏུ་གནག་པའི་མི་ངན་རྐུན་པོ་ནག་རལ་ཟེར་བ་ཞིག་ཡོད་པ་དེས་སྔར་ཡང་ཡང་འོངས་ནས་དགོན་པ་ལ་གནོད་ཚབས་ཆེན་པོ་བྱས།དེ་སྐབས་ཡང་རྐུ་འཕྲོག་བྱེད་དུ་འོངས་ན་ཡང་།ཁོའི་སྲོག་སྒོ་སྐྱེལ་དུ་གྱུར་ནས་ཤི་འདུག་པ་གྲུབ་དབང་འདི་བས་གསན་པས། དམ་ཉམས་དེའི་པགས་པ་བཤུལ་ལ་གཡང་གཞི་གྱིས། དབང་པོ་རྣམ་ལྔ་དང་ཤ་ཁྲག་ཚིལ་དང་རལ་བ་སོགས་ཁྱེར་ལ་ཤོག་གསུངས་པ་ལྟར་གང་དགོས་བསྒྲུབས།དེ་ནས་དཔོན་གཡོག་ཚང་མ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་མཚམས་དམ་པོ་གནང་ནས་གྲོལ་ཁར་ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག་མཛད།ཁྱད་པར་དུ་དྲག་པོའི་སྦྱིན་སྲེག་གི་སྐབས་སུ་གཡང་གཞིའི་ཁར་དྲག་པོའི་རྫས་རྣམས་བཤམས།དོན་སྙིང་ཤ་ཚིལ་སོགས་བསྲེས་རྫས་སུ་སྦྱར།རལ་བ་ལངྒིའི་ཐུན་ཐག་བྱས།སྦྱིན་སྲེག་དངོས་གཞིའི་ཚེ་འདུ་ཁང་གི་གདུང་མའི་སྟེང་ནས་དུག་སྡོམ་ནག་པོ་འཇིགས་རུང་ཆེ་ཚད་ཅིག་ཐབ་ཏུ་ལྷུང་སྟེ་ཚིག་པ་སོགས་ལྟས་ཁྱད་པར་ཅན་མང་པོ་དང་བཅས་ཁྲི་བགེགས་བཏུལ།དེ་རྗེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་ཞག་བདུན་དུ་སྒྲུབ་པ་གནང་ནས་བླ་བྲང་ཁྲི་ཁང་དུ་སྲུང་འཁོར་གྱི་ཚུལ་དུ་བཞག།ལོ་རེ་བཞིན་ལྔ་མཆོད་དང་།སྐུ་རིམ་གཉིས་ཀྱི་སྐབས་སུ་སྒྲུབ་སྲོལ་བཙུགས་པ་དུས་ཕྱིས་བར་དུ་གནས།བཙན་ཁང་ཆེན་མོའི་སྒོ་ལོ་གསུམ་དུ་སུས་ཀྱང་འབྱེད་མ་ཐུབ་པ་དེ་ལ་ཕྱག་གིས་རྡུང་སྟངས་ལན་གཉིས་གསུམ་གནང་བས་སྒོ་རང་བྱེར་སོང་།དེར་བགེགས་བསྐྲད་རབ་གནས་ཀྱིས་བྱིན་ཕབ།དེ་ནས་ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་ཁྲིར་ཟླ་བ་གཅིག་ཙམ་བཞུགས་ནས་མཁན་པོའི་བྱ་བ་མཛད།དེ་རྗེས་ཁོང་བའི་ཁྲི་ཚབ་ཏུ་རྩ་བ་ངག་དབང་ནོར་བུ་བསྐོས་ནས་ལོ་ལྔའི་བར་དུ་བཞུགས།དེ་ནས་བླ་མ་གདོང་གཞུག་ཚང་མཁན་པོར་བསྐོས་ནས་བཞུགས་ཞེས་བཀའ་གནང་།བླ་མ་དེ་གཉིས་ཀྱིས་ཕྱིས་སུ་གྲུབ་དབང་དམ་པ་དེ་ཉིད་བྱ་ཁྱུང་དུ་སླར་ཡང་སྤྱན་དྲངས་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད།གསང་བ་འདུས་པའི་དབང་།འཇིགས་བྱེད་དཔའ་གཅིག་གི་དབང་།གདུགས་དཀར།རྣམ་སྲས།ཆོས་རྒྱལ་རྣམ་གསུམ།ལྕམ་སྲིང་རྣམས་ཀྱི་རྗེས་གནང་སོགས་བཀའ་ཆོས་མང་བོ་ཞུས་ཤིང་།རྟ་དངུལ་གྱི་རྣམ་གྲངས་སྟོང་ལྷག་གི་གཏང་རག་ཕུལ།ཅེས་སོགས་དྲུང་ཡིག་བློ་བཟང་རྒྱ་མཚོས་མཛད་པའི་བྲག་དཀར་སྔགས་རམས་པའི་རྣམ་ཐར་ལས་འབྱུང་བ་ལྟར་བཀོད་དོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།