བྱ་ཁྱུང་མཁན་རབས་ཉེར་བརྒྱད་པ་ལ་མོ་གྲགས་རྒན་ཞེས་ཞུ་བ་ངག་དབང་བློ་བཟང་བཀྲ་ཤིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 21:22:40     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འབལ་གཞུང་ཉ་མཚོའི་དཔོན་རྒྱུད་དུ་རབ་དྲག་མེ་ཕག་ལ་འཁྲུངས།གྲྭ་ས་འབྲས་སྤུངས།ཁམ་ཚན་ཀླུ་འབུམ།མཁྱེན་རབ་ཆེ་བས་འཛིན་གྲྭ་བདུན་རེའི་བརྩི་བཞག་དུས་གཅིག་ལ་གསན།སྨྲ་བའི་ཁྱུ་མཆོག་ཏུ་གྱུར།རྒྱལ་དབང་ལྔ་བ་ལ་བསྙེན་རྫོགས་ཞུས།ལོ་བདུན་ནས་ལྷ་རམས་པའི་མཚན་བཏགས་བླངས།ལོ་དེའི་གྲྭ་སྐོར་བ་བྱ་ཁྱུང་རྭ་ལོ་བ་ལ་འདི་བས་ཁྱེད་ཆོས་གྲྭར་ལོ་དུ་སོང་དྲིས་པར་ང་གསར་པ་ཡིན།ལོ་བཅུ་དྲུག་ལས་མ་སོང་།ཁྱེད་ཅི་ཙམ་སོང་གསུངས།ལོ་བདུན་སོང་ཞུས་པས།ཁྱེད་རྫུན་མ་ལབ་ཅེས་གསུངས་ནས་ཧ་ལས་པར་བྱེད།རྭ་ལོ་ཞེས་པ་འདི་མཁན་རབས་ཉེར་དྲུག་པ་རྭ་ལོ་བློ་བཟང་བསམ་གྲུབ་ཡིན་ནམ་སྙམ།བཀའ་འགྱུར་གྱི་ལུང་སོགས་ཆོས་རྒྱུན་མནོག་ཆེ་བ་གསན།ཨ་མདོ་ནས་ཚ་གན་ནོ་མོན་ཧན་གྱི་ཡོངས་འཛིན་ཏུ་གདན་དྲངས།ལྕགས་བྱ་ལ་རང་ཡུལ་དུ་འབྱོར།ལ་མོ་མགུར་དུ་ཕེབས་ཉིན་གྲྭ་སློབ་སུམ་ཅུ་ཙམ་གྱིས་ཟམ་སྟེང་ནས་སེར་སྦྲེང་བྱས་པར་གྲྭ་ཚང་འདི་རེད་དགོངས།ཐུགས་ཅུང་ཟད་སྐྱོ་བ་བྱུང་།མདོ་སྨད་ཀྱི་གྲྭ་ས་ཕལ་ཆེར་ལ་དམ་བཅའ་བཞག།དགུང་ལོ་ཞེ་བརྒྱད་ཐོག་སླར་ཡང་དབུས་སུ་ཕེབས།སེ་འབྲས་དགེ་གསུམ་སོགས་ལ་བསྙེན་བཀུར་ཞུས།རྒྱལ་དབང་ལྔ་བ་མ་བཞུགས་པའི་གསང་སྒོའི་སྐབས་ཡིན་ཡང་ཡས་ཕྱིན་རྣམས་ལ་འབུལ་ནོད་བཟབས།ཀུན་མཁྱེན་བླ་མར་དབུ་མ་ཆེན་མོའི་ལྗགས་རྩོམ་ཞུས།གཙང་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་མཇལ།ཤིང་ཕག་ལོར་རང་ཡུལ་དུ་ཕེབས།མེ་གླང་ལོར་ཁྲི་ཆེན་སྤྲུལ་སྐུ་བསྟན་པའི་ཉི་མ།ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ།ཤ་སྦྲང་འཇམ་དབྱངས་བློ་གྲོས།བྱང་ཆུབ་མི་ལ་སོགས་ཀྱིས་གཙོས་གསན་མཁན་སྟོང་ལྷག་ལ་ཕྲེང་ཀྲྀ་སྦྲགས་པའི་དབང་དང་། རྗེ་ཡབ་སྲས་ཀྱི་གསུང་འབུམ་ལུང་།ལམ་རིམ་གྱི་མྱོང་ཁྲིད་ཚར་མང་བོ་སོགས་ཅི་འདོད་དུ་གནང་།ཀུན་མཁྱེན་བླ་མ་བདེ་ཆེན་དུ་ཞུས་ནས་ཆོས་བཀའ་གསན་བཞེས་མཛད་པ་སོགས་རྣམ་ཐར་འགངས་ཆེ།འཇིགས་བྱེད་བསྐྱེད་རིམ།དབུ་མ་དང་འདུལ་བའི་ཐལ་ཕྲེང་།ཆོས་འབྱུང་སོགས་གསུང་རྩོམ་ཡང་མང་།རབ་ཉིའི་ཆུ་འབྲུག་ལོར་བྱ་ཁྱུང་གི་ཁྲིར་ཕེབས།ཞབས་ཕྱིར་འབྲངས་པའི་དགེ་བཤེས་རྣམས་ཆོས་གྲྭར་ཕེབས་ནས་འགྲོ་གླེང་གནང་བཅུག་པ་སོགས་འཆད་ཉན་འཕེལ་རྒྱས་གཙོར་འདོན་མཛད།ཚོགས་མང་ལ་བྱང་ཆུབ་ལམ་རིམ་གྱི་བཤད་ལུང་སྩོལ་བ་སོགས་གདན་ས་ཕན་ཚུན་དུ་འཆད་ཉན་གྱི་ཁུར་སྐྱོང་བའི་སྒང་།དགུང་ལོ་རེ་བདུན་བཞེས་པ་ཆུ་སྦྲུལ་ལོར་མང་རའི་གཞུང་དུ་གཞན་དོན་ཞིག་ལ་ཕེབས་པའི་ལམ་བར་ནས་གློ་བུར་དུ་ཞི་བར་གཤེགས་ཏེ་ཤིན་ཏུ་ཕངས་ཆེས་སོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།