བྱ་ཁྱུང་མཁན་རབས་ཉེར་བདུན་པ་ཟི་ན་ཞབས་དྲུང་ཆེ་བ་ངག་དབང་བློ་བཟང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 21:18:15     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

སྐུ་འབུམ་ཟི་ནའི་ལྗོངས་སུ་རབ་དྲག་ཤིང་འབྲུག་ལ་འཁྲུངས།དེ་ནས་གྲྭ་སར་ཕེབས་ཏེ་སེ་ར་བྱེས་ནས་ཐུགས་གཉེར་གནང་། རྒྱལ་དབང་ལྔ་བས་གཟིགས་པ་ཆེ་བའི་བརྡར་ཨེརྟི་ནི་ཏཱ་ལེ་ཆོས་རྗེ་ཞེས་པའི་བཀའ་ཤོག་སྩལ།བཀའ་ཤོག་དེར་ལོ་རྒྱུས་སྨྲ་བ་ལ་མཁོ་ཆེ་བའི་གསུང་འདི་ལྟར་གདའ་སྟེ།ཟི་ནའི་ས་ཆ་འདི་རྒྱལ་བ་ཙོང་ཁ་བ་ཆེན་པོའི་འཁྲུངས་ཡུལ་ཡིན་པ་དང་།འཁོར་དག་པ་རྣམ་བརྒྱད་ཀྱི་གཙོ་བོ་གྲུབ་པའི་དབང་ཕྱུག་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ཟི་ནའི་ཞལ་ངོ་ཡིན་པ་དང་བཅས།རྒྱལ་བ་གཉིས་པའི་བསྟན་པ་དར་བ་ནས་ད་ལྟའི་བར་དུ་ཟི་ནའི་བླ་དཔོན་རིམ་པར་བརྒྱུད་པ་རྣམས་ཀྱིས།སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།ཁྱད་པར་ཞྭ་སེར་གྱི་བསྟན་པ་ལ་ཁུར་བླངས་དང་ལྷག་བསམ་དཀར་བའི་སྟབས་ཀྱིས་རྒྱ་ནག་རྒྱལ་པོ་རིམ་པར་བྱོན་པའི་བཀའ་ལུང་ལས།ས་ཆ་གཏན་ཚིགས་དང་བཅས་མཆོད་གནས་སུ་བཀའ་དྲིན་བསྐྱངས་འདུག་པ་དང་།ཞྭ་སེར་ཅོད་པན་འཛིན་པའི་བླ་མ་ཆེ་ཕྲ་མཐའ་དག་དང་།ལྷག་ཏུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དེ་ཕྱོགས་སུ་ཕེབས་སྐབས་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིང་།སྐུ་འབུམ་བྱམས་པ་གླིང་གི་དགོན་གྱི་གཞི་འཛིན་དགོས་ཚུལ་ཡོན་བདག་མཐའ་དག་ལ་བཀའ་ཕེབས་གནང་ཡང་།ཟི་ན་ཚང་གི་བྱས་པ་ཙམ་གཞན་གྱིས་མ་བྱུང་འདུག་པ་དང་།ལོ་ལྟར་གྱི་སྐུ་འབུམ་གྱི་འདུས་ཚོགས་ཚང་མ་ཟླ་བ་དང་པོའི་ནང་དུ་ལྷ་ཁང་འོག་ཏུ་གདན་འདྲེན་བྱས་ཏེ་སྨོན་ལམ་གཏོང་བཞིན་ཡོད།ཅེས་སོགས་རྒྱུ་མཚན་ཞིབ་རྒྱས་སྩལ་ཡོད་ཅེས་སྐུ་འབུམ་གདན་རབས་ཕྱི་མར་བཀོད་འདུག།དེ་ནས་རང་ཡུལ་དུ་ཕེབས་ནས་སྐུ་འབུམ་རྒྱུད་པའི་ཚོགས་སུ་འགྲིམས།རབ་ཉིའི་ཤིང་ཕག་ལོར་དེ་གའི་རྒྱུད་ཁྲིར་བཞུགས།ས་སྟག་ལོར་འདུ་ཁང་ཀ་ཞེ་བརྒྱད་ཅན་སྟེང་ཤོད་དང་།རྒྱ་འབུབ་ལྟར་གྱི་གྱོ་སྒ་བསྟད།དབྱར་ཆོས་ནང་རྡུལ་ཚོན་ལ་བརྟེན་པའི་བདེ་མཆོག་སྒྲུབ་མཆོད་བཙུགས།རབ་ཉིའི་ས་གླང་ལོའི་ས་ག་ཟླ་བར་བྱ་ཁྱུང་གི་ཁྲིར་ཕེབས།རྗེའི་གསང་བའི་རྣམ་ཐར་ཚོགས་འདོན་དུ་བཙུགས།རྗེ་རིན་པོ་ཆེའི་གོས་སྐུ་ཆུང་བ་རྗེ་བཙུན་དམ་པའི་ཕྱག་ནས་མ་ཞིག་གདན་དྲངས།བདེ་ཡངས་དགོན་པར་བསྟན་པའི་བྱ་བ་མཛད་སྒང་འཁྲུངས་ཡུལ་དུ་ཕེབས་ནས་གློ་བུར་དུ་སྐུ་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།