བྱ་ཁྱུང་མཁན་རབས་ཉེར་དྲུག་པ་རྭ་ལོ་སྤྲུལ་སྐུ་བློ་བཟང་བསམ་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 21:15:10     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་གཙང་རྒྱ་མཁར་ཕུ།གྲྭ་ས་བཀྲས་ལྷུན།ཁམ་ཚན་བསམ་བློ་བདེ་འབྱོར།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་རྭ་ལོ་ཙཱ་བའི་སྤྲུལ་སྐུར་གྲགས།རབ་ཉི་མེ་བྱི་ལོའི་དྲུག་པའི་ཚེས་བཅུ་གསུམ་ལ་སེང་ཁྲིར་ཕེབས།ཆོས་ཐོག་སྐབས་ཞོགས་ཀ་གུང་ཚིགས་གཉིས་ལ་བརྩི་བཞག་ཆག་མེད་དང་།དབྱར་དུས་ཞོགས་ཀ་གུང་ཚིགས་སྒྲོལ་འདོན་གསུམ་ལ་ཆག་མེད་དུ་ཕེབས།བློ་གསར་བ་རྣམས་ལ་བློ་སྐྱེད་མང་དུ་གནང་།བཀའ་གདམས་པའི་ཀུན་སྤྱོད་དང་མཐུན་པས་དང་བ་དབང་མེད་དུ་འདྲེན་པ་ཞིག་ཡིན།ཉིད་ཀྱི་དབོན་པོ་བློ་བཟང་བཀྲ་ཤིས་ཟེར་བ་བཀྲས་ལྷུན་སྔགས་པའི་འཆམ་དཔོན་མཛད་པ་ཞིག་ཡོད་པ་དེ་ཉིད་ཀྱིས་ཆོས་སྐྱོང་གར་འཆམ་ལ་དག་ཐེར་བཏང་།ས་སྟག་ལོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལ་གདན་ས་འདི་གའི་བཅའ་ཡིག་ལྗགས་རྩོམ་ཞུས་པ་ལྟར་གོས་ཆེན་སེར་པོའི་སྟེང་དབུ་མེད་སུག་རིང་།རྣམ་བཅུ་དབང་ལྡན་གྱི་བཀའ་ཐམ་བརྒྱབ་པ་བྱིན་རླབས་ཅན་དེ་གནང་།ལྗོངས་འདིར་ཕན་བདེ་འབྱུང་བའི་ལུང་བསྟན་ཞུས་པ་ལྟར་ཚོགས་སུ་སྨན་ཆོག་ཆེན་མོ་བཙུགས།གསེར་གདུང་སྟེང་ཤོད་དབུས་འབུབ་དང་།བླ་བྲང་འདུ་ཁང་གཉིས་ཀྱི་སྟེང་ཤོད།ཆོས་ར་ཆེན་མོ་བཞི་སྐོར་བཅས་ཞིག་གསོ་དངགསར་སྐྲུན་ཅི་རིགས་མཛད།གཞན་ཡང་བྱམས་པ་ཆུ་གཟིགས་མ་ལྷ་ཁང་དང་བཅས་པ།སྨན་བླའི་ཕོ་བྲང་།བཅུ་གཅིག་ཞལ།ཇོ་བོ་རྗེ།ཆོས་རྗེ་དོན་རིན་པ།རྗེ་རིན་པོ་ཆེ།ཡུམ་ཆེན་མོས་གཙོས་སངས་རྒྱས་སྟོང་སྐུ་སོགས་སྐུ་བརྙན་སྟོང་དང་དྲུག་ཅུ་ལྷག་དང་།ཡུམ་རྒྱས་འབྲིང་བསྡུས་གསུམ་དངུལ་བྲིས་མ།ཚོགས་ཁྲོ་གསར་བ་བཅས་ལོ་བཅུ་གསུམ་གྱི་རིང་ལ་རྟེན་བཞེངས་གྲངས་མེད་མཛད།འདི་བའི་རིང་ཆུ་ལུག་ལོར་རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ་སྐུ་འཁོར་དུ་མ་དང་བཅས་བྱང་རྒྱུད་དགོན་ཆེན་རྣམས་སུ་དམ་བཅའ་འཇོག་ཕྱིར་བྱ་ཁྱུང་དུ་ཕེབས་པའི་ཚུལ་ཞིབ་པར་ཁོང་བའི་རྣམ་ཐར་དུ་གསལ།དགུང་ལོ་དྲུག་ཅུའི་ཚོད་ཙམ་ལ་ཀ་ཅུའི་ཧན་སྟག་ལུང་གི་བླ་དཔོན་གྱིས་གདན་དྲངས་ནས་ཕྱོགས་དེར་ཕེབས།ཆོས་རྒྱུན་མང་ཙམ་གནང་།དངོས་འབུམ་གཏོང་ཆེ་བ་བྱུང་།དེས་རྐྱེན་བྱས་པ་ལྟ་བུས་སྐུ་ཁམས་མ་བདེ་བར་ཞབས་རིམ་ཕོན་ཆེན་བསྒྲུབས།པཎ་ཆེན་རིན་པོ་ཆེར་མཇལ་འདོད་མནན་པས་མི་ནོན་པ་འཁྲུངས་ཀྱང་བརྟག་པ་མ་བབས་པར་བརྟེན་ཕེབས་མ་ཐུབ།དེ་ནས་འདས་རྟགས་ཡ་མཚན་པ་དང་བཅས་ས་བྱི་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་སྐུ་གཤེགས།སྐུ་རུས་རྣམས་དངུལ་ལས་བྱས་པའི་ལྷ་བབས་མཆོད་རྟེན་ཁྲུ་དོ་ཙམ་གྱི་ནང་དུ་བཞུགས་སུ་གསོལ།ས་བྱིའི་ལོ་འདིར་རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོ་འཁྲུངས་ཤིང་།དེའི་ཕྱི་ལོ་ས་གླང་ལ་ལྷོ་རྒྱུད་བསྟན་པའི་འབྱུང་ཁུངས་བླ་བྲང་བཀྲ་ཤིས་འཁྱི ལ་བཏབ་པ་ཡིན།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།