བྱ་ཁྱུང་མཁན་རབས་ཉེར་ལྔ་བ་རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 15:31:27     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

མཚན་གཞན་སྟག་སྡོང་དཀར་པོ་ཡང་ཟེར།འཁྲུངས་ཡུལ་རོང་བོའི་རྩ་བ།སྐུ་བཙའ་དུས་ཕྲུ་མས་བཏུམས་ནས་བཙས་ཤིང་།དབུ་གཙུག་ཏུ་འབུར་བོ་དུང་དཀར་འདྲ་བ་ཞིག་བྱུང་།ཡབ་ཀྱི་མནལ་ལམ་དུ་ཆུ་ཆེན་ཞིག་ལ་ཟམ་བཙུགས་པའི་ཁར་ཁོང་བ་འགྲོ་བ་ལ།ཟམ་སྣེ་གཉིས་ན་གསེར་གྱི་རྒྱན་མཚན་རེ་བསྒྲེངས་འདུག་པ་རྨིས་ཏེ།ཕྱིས་སུ་བརྟགས་ན་སྐུའི་གཅུང་བོ་རྒྱུད་ནེ་ཆུང་བ་ཚང་དང་རྣམ་གཉིས་རིམ་པར་གདན་སའི་ཁྲི་ལ་ཕེབས་པའི་ལྟས་སུ་གོ།གྲུབ་ཐོབ་ཞིག་པོ་ཧུར་ཐུམ་གྱི་སྐུའི་སྐྱེ་བ་ཡིན་པ་དྲན་ཞིང་དེའི་འདྲ་སྐུའི་ཕྱག་བཟོ་ཡང་མཛད།གྲྭ་ས་སེར་བྱེས་བསམ་བློ།རྒྱལ་དབང་ལྔ་བ་ལ་བསྙེན་རྫོགས་ཞུས།རབ་ཉིའི་ཤིང་ཁྱི་ལ་བྱ་ཁྱུང་གི་ཁྲི་ཁར་ཕེབས།འདི་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་མཆོད་ཁང་དམར་པོ་དགུ་ཐོག་བརྩིགས་པའི་ལོ་དེ་ཡིན།ནག་ཕྱོགས་པ་འགས་ལོག་སྒྲུབ་བྱས་པར།ཐོ་རངས་ཤིག་གཟིགས་སྣང་ལ།གཏེ་བོ་དེའི་ཁང་བའི་ཐད་ཀྱི་ནམ་མཁར་རཱ་ཧུ་ལས་མདའ་གཞུ་ལྟོང་ལ་སྦྱང་ནས་གཟས་ཡོད་པ་བྱུང་བའི་ཉིན་གུང་ཁོའི་ཁ་ནས་ཁྲག་རྡོག་པོ་གཉིས་བསྐྱུགས་ཏེ་ཤི།འགའ་རེ་རྟས་བརྡབས།འགའ་རེས་འགྱོད་བཤགས་ཞུས་པ་སོགས་མངོན་སྤྱོད་ལ་མངའ་བརྙེས།རླུང་གི་འཁྲུལ་འཁོར་ལ་རྩལ་ཐོན།བླ་བྲངཁང་དཀར་བཞུགས་ཁྲི་དང་བཅས་པ་བཞེངས།ལྔ་བ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་རྨད་བྱུང་བསྐལ་བ་མ་ཚོགས་འདོན་དུ་བཙུགས།ལོ་གསུམ་གྱི་རིང་འཆད་ཉན་ཤིན་ཏུ་འཕེལ།དེ་ནས་ཁྲི་བཞག་སྟེ་སྟག་སྡོང་དཀར་པོའི་རི་ཁྲོད་གསར་སྐྲུན་དང་གཙུག་ལག་ཁང་རྟེན་བརྟེན་པ་བཞེངས།སྐྱ་ཡིས་ན་ཡོད་པའི་སྟག་སྡོང་རི་ཁྲོད་འདི་སྔོན་དུས་རྗེ་དོན་རིན་པའི་སྐུ་རིང་ལ་བསྐྲད་པའི་བོན་པོ་ཞིག་གི་གནས་གཞི་ཡིན་ཟེར་ཞིང་།བྲག་དགོན་པས་རྟ་གདོང་དཀར་པོ་ཞེས་བྲིས་པ་མ་དག་པ་འདྲ།གསུང་རྩོམ་ལ།ཆོས་རྗེ་དོན་རིན་པའི་རྣམ་ཐར།མི་རྟག་པ་དང་ལས་འབྲས་སྐོར་གྱི་མགུར་དབྱངས་མང་པོ།ལྟ་བའི་སྐྱོང་ཚུལ།དམ་ཅན་གསོལ་ཁ། གཞི་བདག་བྲག་དམར་བའི་བསང་མཆོད་སོགས་པོད་ཆུང་གཅིག་ཙམ་བཞུགས་པ་ཆག་ག་སྤྲུལ་བའི་སྐུའི་ཕྱག་དཔེ་ཁྲོད་ནས་ཕྲན་བུས་མཇལ་མྱོང་།བཀའ་རྩོམ་དེ་དག་པར་དུ་མ་བཀོད་སྟབས་ཆོས་རྗེ་དོན་རིན་པའི་རྣམ་ཐར་ལའང་དཔེ་འདྲ་མིན་ཅི་རིགས་མཆིས།སྐུ་ཚེ་རིང་ཞིང་གཞན་དོན་རྒྱ་ཆེར་འཕེལ།ཁྱ་དགེ་དཔོན་སློབ།སྟག་ཚང་དཔོན་སློབ་སོགས་ཕྱོགས་ཕེབས་ཀྱི་མཁས་པ་དུ་མས་ཀྱང་ཞབས་ལ་གཏུགས།ཨ་རྒྱ་ནང་སོ་དང་མཆོད་ཡོན་དུ་གྱུར།ཨང་དཀར་ཞབས་དྲུང་གིས།སྙིང་རྗེའི་མཐུ་ལས་འདབ་ཆགས་ཀྱང་།སྐུ་ལུས་དག་ལ་ཚང་འཆའ་བ།གྲུབ་ཆེན་བློ་བཟང་ཆོས་དབྱིངས།ཞེས་བསྔགས་བརྗོད་མཛད་པར་གྲགས།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།


རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།