བྱ་ཁྱུང་མཁན་རབས་ཉེར་གསུམ་པ་མཁན་ཆེན་གྲགས་པ་བཀྲ་ཤིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 15:24:02     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་ཀྲང་གྱ་སྡེ་བར་རབ་དྲག་ལྕགས་ལུག་ལ་འཁྲུངས།རྗེ་ལྷུན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང་།སྐུ་འབུམ་ཆོས་སྒོར་ཞུགས།མཁས་དབང་དོན་གྲུབ་རྒྱ་མཚོ་བསྟེན་ནས་ཕར་ཚད་དབུ་གསུམ་ལ་སྦྱངས།དོན་གྲུབ་རྒྱ་མཚོ་འདི་བཙན་པོ་དོན་གྲུབ་རྒྱ་མཚོ་ཡིན་པར་གསེར་ཏོག་ཕྱི་མས་བརྩམས་པའི་སྐུ་འབུམ་གདན་རབས་སུ་གསལ།དགོན་ལུང་དང་བྱ་ཁྱུང་སོགས་སུ་གྲྭ་སྐོར་མཛད།དེ་ནས་གྲྭ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་དུ་ཞུགས།ཁམ་ཚན་འགག་ཤིང་།བཀའ་པོད་ལ་སྦྱངས་པ་དཔྱིས་ཕྱིན་པ་དང་།སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྡེ་ལ་གསན་བསམ་མཛད།པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་དྲུང་ནས་བསྙེན་རྫོགས་བཞེས་ཤིང་ཆོས་བཀའ་ཅི་རིགས་གསན།རྒྱལ་དབང་ལྔ་བ་ལས་དབང་རྡོ་རྗེ་ཕྲེང་བ་སོགས་མང་དུ་གསན། དེ་ནས་སླར་སྐུ་འབུམ་དུ་ཕེབས་ནས་རྒྱུད་གྲྭར་ཞུགས་ཤིང་རྒྱུད་པའི་མཁན་པོ་མཛད།འདི་ལ་བྲག་དགོན་པས་སྐུ་འབུམ་ཚོགས་ཆེན་མཁན་པོར་བཞུགས་པ་འདྲ་ཞིག་བཤད་པ་ནི་མ་དག་པར་ངེས།རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོའི་དྲུག་པའི་ཚེས་བཞིའི་ཉིན་བྱ་ཁྱུང་གི་ཁྲིར་འཁོད་ནས་འཆད་ཉན་བསྐྱངས།མཁན་པོ་ཆོས་གྲྭར་ཕེབས་དུས།ཞྭ་འཕུད་གུས་འདུད་བྱེད་ལུགས་ཚུན་གྱི་ཞིབ་ཚགས་དང་།དགོན་པའི་ལྕགས་རིའི་ནང་མི་སྐྱ་རྣམས་ནས་ཀྱང་མདའ་གྲིའི་མཚོན་ཆ་སོགས་ཕོག་དགོས་པའི་འགྲིག་ཁྲིམས་ཤིན་ཏུ་དམ་པར་གནང་།འདུ་ཁང་དབུས་འབུབ་གྱན་དགུ་མ་དང་རྩིག་པ་སོ་ཕག་ལས་གྲུབ་པ་དང་།བླ་བྲང་ཕྱི་ར་ནང་སྐོར་བཅས་གསར་བཞེངས་མཛད།མཛད་བཅུ།གནས་བཅུ།ཙོང་ཁ་བརྒྱད་ཅུ།འཇིགས་བྱེད་དང་ཆོས་སྐྱོང་ཁག།མཁན་བརྒྱུད་དང་རྗེ་བཙུན་དམ་པའི་འཁྲུངས་རབས།ཞལ་ཐང་སོགས་ཐང་ག་ཞེ་ལྔ་དང་།བྱམས་པའི་གསེར་སྐུ་ཁྲུ་ལྷག།གསང་འདུས་བློས་བསླང་།ཚོགས་ཁྲོ་ཆེ་ཚད་སོགས་རྟེན་དང་མཆོད་རྫས་མང་ཙམ་བཞེངས།ཧལ་ཧ་རྗེ་བཙུན་དམ་པས་གནང་བའི་གོས་སྐུ་ཉིད་ཀྱི་ཕྱག་ནས་མ་དེ་ཡང་སྐབས་འདིར་ཧལ་ཧ་ནས་གདན་དྲངས་ཏེ་སྦྱོར་འཇགས་བྱས།དབྱར་གནས་སྐབས་སུ་གསང་འདུས་བདག་འཇུག་དང་འདུས་པའི་རྒྱུད་གཞུང་ལེདང་གསུང་བའི་རྒྱུན་བཙུགས།ཁོང་བར་ཐུགས་བྲེལ་གྱི་དབང་གིས་མགོན་པོའི་བསྙེན་སྒྲུབ་མཛད་རྒྱུའི་ཚབ་ཏུ་བླ་བྲང་རང་ནས་གྲྭ་བ་བཅུ་རེས་མགོན་པོའི་བསྙེན་སྒྲུབ་བཙུགས་པའི་རྒྱུན་ད་ལྟའང་ཡོད་པ་འདི་ཡིན།སླར་ཡང་དབུས་ལྗོངས་སུ་ཕེབས་ནས་ཇོ་ཤཱཀྱ་རྣམ་གཉིས་དང་རྒྱལ་དབང་ལྔ་བ་རིན་པོ་ཆེ་དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ལ་མཆོད་བཀུར་བསྙེན་གསུམ་དཔངས་མཐོ་བ་ཞུས།སྔོན་ཆད་བྱ་ཁྱུང་གི་གདན་ས་བ་རྣམས་ལ་མཁན་པོའི་ཆོ་ལོ་མ་བྱུང་ན་ཡང་།རྗེ་འདི་བར་རྒྱལ་དབང་ལྔ་བ་རིན་པོ་ཆེས་མཁན་ཆས་ཡོངས་རྫོགས།ཞབས་ཕྱིའི་གྲངས་བཅད།མཁན་པོའི་བཀའ་ཐམ་བཅས་སྩལ་བ་ནས་བཟུང་བྱ་ཁྱུང་གི་མཁན་རབས་རིམ་བྱོན་ལ་མཁན་པོའི་ཆོ་ལོ་ཡོད་པར་གྱུར།ཚུལ་འདི་ལ་གདན་རབས་སྔ་མ་རྣམས་སུ་འདབ་བརྒྱའི་ཕྲེང་བའི་དབུས་ན་པད་དཀར་ལྟ་བུ་དང་།གསེར་རིའི་ཕྲེང་བའི་དབུས་ན་ལྷུན་པོ་ལྟ་བུའི་ཁྱད་དུ་ཐོན་པའི་བསྔགས་བརྗོད་དང་བཀའ་དྲིན་ཚད་མེད་པར་རྩི།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དུ།བྱ་ཁྱུང་མཁན་པོའི་མཚན་སྔ་ཕྱིར་རེ་གཉིས་ཐོན་པའང་འདི་བ་ཡིན་པར་མངོན།འབྲས་སྤུངས་ཚོགས་ཆེན་ནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ།།སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང་།།བློ་གསལ་མཁས་མང་རྟག་ཏུ་འདུས་པ་ཡིས། །བཤད་སྒྲུབ་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག།ཞེས་གསུངས་པའི་རྐང་པ་དང་པོ།དཔལ་ལྡན་བྱ་ཁྱུང་ཆོས་ཀྱི་སྡེ་ཆེན་པོ། །ཞེས་པར་བསྒྱུར་ནས་ཚོགས་འདོན་དུ་བཙུགས།རྗེ་འདི་བས་ཁྲི་སྐྱོང་སྐབས་ཀཽ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད།ཏཱ་ལའི་ཧོང་ཐེ་ཅིས་དགོན་འདིར་མགོ་འདོན་དང་བདག་རྐྱེན་ཚད་མེད་བསྐྱངས་པ་དང་།ཁྱད་པར་དུ་སྔར་ནས་གཅན་རོང་གི་རྟ་ཁྲལ་དང་འབྲུ་ཁྲལ་གཉིས་བྱ་ཁྱུང་གི་མཆོད་གཞིར་ཕུལ་ཡོད་པ་སྐབས་འདི་ཤེད་དུ་སྐྱེ་བོ་གཡོ་སྒྱུ་ཅན་རེ་གཉིས་ཀྱིས་འཐེན་ཁྱེར་བྱས་པ་ཡང་རྗེ་འདིས་དག་ཐེར་དང་ཞིབ་འཇུག་ནན་ཏན་དུ་མཛད།ཉིན་ཐུབ་རེ་ནས་གྲྭ་བ་བཅོ་ལྔ་རེ་ཆོས་གྲྭར་འཇོག་པ་དང་།འབྲུ་བསོད་དང་མར་བསོད་བཅས་བཅད་ཚད་རྒྱུན་ལྡན་བྱེད་རྒྱུའི་བཀའ་རྒྱ་ཡང་ཕུལ།དེ་ལྟར་ལོ་བཅོ་ལྔའི་རིང་སྡེ་འདི་ཆོས་སྲིད་གཉིས་ཆར་ནས་བསྐྱངས་པས་བཀའ་དྲིན་གཞན་ལས་ཆེ།དེ་ནས་ཁྲིའི་དགོངས་པ་ཞུས་ཏེ་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཕེབས་ནས་བསྟན་ལ་གཅིག་ཏུ་སྨན་པའི་ཉམས་བཞེས་ཤ་སྟག་གིས་དུས་འདས་ཤིང་།གཞན་ལ་ཡང་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་དམར་ཁྲིད་ཕོག་སྟེ་ཉམས་ལེན་ལ་སྦྱོར་གང་ཐུབ་མཛད།མཐར་དགུང་ལོ་དྲུག་ཅུའི་ཐོག་ཡ་མཚན་པའི་ལྟས་དང་བཅས་མྱ་ངན་ལས་འདས།སྐུ་རུས་ལ་སཱཙྪ་བཏབ་པ་རྟེན་གྱི་སྙིང་པོར་བྱས་པའི་ཇོ་བོ་འཇམ་པའི་རྡོ་རྗེའི་སྐུ་བརྙན་མི་ཚད་ཙམ་བཞེངས་པ་ད་ལྟ་གསེར་གདུང་ཆེན་མོའི་ལྷ་ཁང་དུ་བཞུགས་པ་འདི་ཡིན་ནོ།།མཁན་ཆེན་འདི་བ་ཁྲིར་བཞུགས་པའི་ལོ་བཅོ་ལྔའི་རིང་ལོ་རྒྱུས་ཀྱི་དུས་སྒྲིག་ལ་མཁོ་ཆེ་བ་འགའ་རེ་བྲི་ན་འདི་ལྟར།ཞིང་སྐྱོང་མཁན་ཆེན་གྲགས་པ་བཀྲ་ཤིས་འདི་བ་རབ་དྲག་ཤིང་ཡོས་ལ་བྱ་ཁྱུང་ཁྲིར་བཞུགས་པ་ནས་བརྩིས་པའི་ལོ་གསུམ་པ་མེ་སྦྲུལ་ལོ་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་འཁྲུངས་པ་དང་།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་མྱ་ངན་ལས་འདས་པའི་ལོ་ཡིན།དེ་ནས་ལོ་གཉིས་སོང་བ་ས་ལུག་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྒྱལ་དུ་བཞུགས།དེ་ནས་ལོ་གསུམ་པ་ཆུ་ཁྱི་ལོར་རྒྱལ་དབང་ལྔ་བ་འདས་ཤིང་ལ་མོ་བདེ་ཆེན་གསར་དུ་བཏབ།དེའི་ཕྱི་ལོ་ཆུ་ཕག་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་།བདེ་ཁང་བ་བློ་བཟང་རབ་བརྟན་འཁྲུངས།ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ཨ་མདོར་བྱོན།དེ་ནས་ལོ་གསུམ་པ་མེ་སྟག་ལ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་འཁྲུངས།དེའི་ཕྱི་ལོ་རབ་ཉིའི་མེ་ཡོས་ལོར་སྡེ་སྲིད་ཀྱིས་རྩིས་གཞུང་བཻ་དཀར་བརྩམས།དེའི་ཕྱི་ལོ་ས་འབྲུག་ལ་སྡེ་སྲིད་ཀྱིས་སྨན་གཞུང་བཻ་སྔོན་བརྩམས་པ་སོགས་ཤེས་པར་བྱའོ། །

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn



རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།