བྱ་ཁྱུང་མཁན་རབས་བཅུ་དྲུག་པ་དོན་ཡོད་རྒྱལ་མཚན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 14:29:26     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་ཧོར་ག་གྱ།གྲྭ་ས་འབྲས་སྤུངས།ཁམ་ཚན་ཧར་ལྡོང་།གདན་རབས་སྔ་མ་རྣམས་སུ་སྐུ་ཡོན་ཤིན་ཏུ་ཆེ་ཞེས་སྤྱི་བཤད་ཙམ་ལས་མི་འབྱུང་མོད།རྒྱལ་དབང་ལྔ་བ་རིན་པོ་ཆེར་ཤིན་ཏུ་ཐུགས་འདྲིས་ཆེབའི་སྐུ་ཡོན་ཅན་ཞིག་ཏུ་སྣང་སྟེལྔ་བའི་ཆབ་ཤོག་ཏུ།རབ་འབྱམས་སྨྲ་བ་དོན་ཡོད་རྒྱལ་མཚན་མདོ་སྨད་བྱ་ཁྱུང་བྲག་གི་གདན་སར་འབྱོར་བའི་རྒྱུ་མཚན་དང་བཅས་པའི་འཕྲིན་ལན་ང་ལས་ནུའི་ཟློས་གར་ཞེས་པར།གཞུང་ལུགས་མང་པོ་རབ་ཏུ་འབྱམས་ཀླས་པའི།།གྲགས་སྙན་མལླི་ཀ་ཡི་ཐོད་བཅིངས་ཅན།།ཐོས་བསམ་རི་སྲས་ལྷ་མོས་གཏན་འདུན་གྱི།།ཁྱུ་མཆོག་རྒྱལ་མཚན་འགུགས་མཁས་དེ་ལ་སྤྲིངས།།ཞེས་དང་།ཚད་མའི་སྟོན་པ་ཀུན་མཁྱེན་བཙོང་ཁ་བའི།།ཡོངས་སུ་འཛིན་པའི་ནོར་བུའི་ཅོད་པན་མཆོག།དོན་ཀུན་གྲུབ་པའི་རིན་ཆེན་ཁྲིར་འཁོད་ནས།འགྲིན་པའི་རྒྱུད་མངས་འཁྲོལ་བ་རྣ་མར་སོན།།ཞེས་དང་།མིབསྲུནདགྲར་ཡང་མཉེས་གཤིན་བུར་ལྟ་བའི།།བསྙེན་སྲིང་མི་མངའ་ཀུན་ལ་རང་གི་བདེ།།གཏོང་བའི་སྙིང་སྟོབས་ཆ་ཤས་ཡོངས་རྫོགས་པ།།སྨོན་འཇུག་སེམས་ཀྱི་ཟླ་བ་ཤར་རམ་ཅི།།ཉོན་མོངས་དུག་ལྔའི་སྲིན་བུའི་ཁ་ཆུ་ཡིས།།བདེ་ཆེན་སྲད་བུ་ཐགས་སུ་བཏགས་པའི་གོས།།སྟོང་ཉིད་ཚོན་གྱིས་བསྒྱུར་བའི་ཟ་འོག་ཅན།།ལྔ་ལྡན་ཡེ་ཤེས་ཁ་དོག་བཀྲར་མཐོང་ངམ།།ཞེས་དང་།ཡང་།བྱ་ཁྱུང་ཆོས་རྗེ་རབ་འབྱམས་སྨྲ་བ་དོན་ཡོད་རྒྱལ་མཚན་གྱི་འཕྲིན་ལན་ལྔ་བརྒྱའི་རང་གཟུགས་སྟོན་པའི་མེ་ལོང་ཞེས་པར།སྲིད་པའི་ནགས་ཀླུང་སྟུག་པོར་གཅོད་པའི་མཚོན།།དམ་པའི་ཆོས་ཀྱི་རལ་གྲི་རྣོན་པོ་ཡིས།།བཅད་པས་ངེས་ལེགས་སྤང་ལྗོངས་ཡངས་པའི་ངོགས།།གཏན་བདེའི་ཆུ་སྐྱེས་བཞད་འདུན་ཅན་དེར་སྤྲིངས།།ཞེས་པ་ལ་སོགས་པས་ཐུན་མོང་སྣང་ངོར་ལུང་དང་རྟོགས་པའི་ཡོན་ཏན་ག་ཚད་བཞེས་པ་དང་།རྒྱལ་བ་རིན་པོ་ཆེར་ཐུགས་འདྲིའི་ཆེ་བ་བཅས་གསལ་བར་མཚོན་ཞིང་།དེར་མ་ཟད་མཁན་རབས་གསོལ་འདེབས་སོགས་སུ་མཚན་ལ་དོན་ཡོད་རྒྱ་མཚོ་ཞེས་བྲིས་པ་མ་དག་པའང་ཤེས་སོ།།འདི་བས་ཐུགས་བཀོད་གནང་ནས་དགོན་པའི་ལྷོ་ཕྱོགས་ཀྱི་ས་མིག་གཉན་པ་ཞིག་གི་ཁར་མཆོད་རྟེན་བཀྲ་ཤིས་སྒོ་མང་ཆེ་ཚད་ཅིག་བཞེངས་པའི་ལྷོང་ལྟ་བུས་སྐུ་གྲོངས་ཞེས་ངག་དབང་དགེ་ལེགས་ཀྱི་གདན་རབས་སུ་བཤད།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།