བྱ་ཁྱུང་མཁན་རབས་བཅུ་བཞི་བ་ཡེ་ཤེས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 09:53:09     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་ཆེན་པོ་ཧོར་གྱི་ཨ་རོད་ཧོ་ཤོད།གྲྭ་ས་འབྲས་སྤུངས་སྒོ་མང་།ཁམ་ཚན་ཧར་ལྡོང་།རྒྱལ་དབང་ལྔ་བའི་ཞབས་པད་ཡུན་རིང་དུ་བསྟེན།འབྲོང་རྩེ་བློ་བཟང་གི་ཕྱག་རིས་ནག་པོ་སྐོར་གསུམ།མགོན་དཀར།དམག་ཟོར་མ།དུང་སྐྱོང་མ་རྣམས་ཀྱི་སྐུ་ཐང་གྲྭ་ཚར་སོགས་སྔ་ཕྱིར་བྱ་ཁྱུང་ལ་དངོས་འབུལ་བཟབས།ཆོས་སྡེ་འདིའི་གདན་ཁྲིར་འཁོད་ནས་འཆད་ཉན་འཕེལ་རྒྱས་འབྱུང་བའི་ཐབས་མཁས་སུ་ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཁན་པོར་མངའ་གསོལ།ཁོང་བ་སློབ་དཔོན་གྱི་ཚུལ་མཛད་དེ་གཅན་རོང་གཉིས་ལ་ལུགས་གཉིས་ཀྱི་སྒོ་ནས་མངའ་བསྒྱུར་པ་དང་།བྲ་ནག་གི་དཔྱ་ཁྲལ་དགོན་པའི་ཡོང་སྒོར་བསྒྱུར་ནས་གྲྭ་ཚང་གི་མཐུན་རྐྱེན་དུ་སྦྱར་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བར་རྩི།ཀླུ་འབུམ་ངག་དབང་བསྟནའཛིན་ལས་གཞན་རྣམས་ཀྱིས་ཧལ་ཧ་རྗེ་བཙུན་དམ་པ་མཁན་རབས་གྲས་སུ་མི་བགྲང་ངོ་།།གང་ལྟར་དེ་ནས་བཟུང་འཇམ་དབྱངས་ཆོས་རྗེའི་སྤྲུལ་བའི་སྐུ་ཧལ་ཧ་རྗེ་བཙུན་དམ་པ་དང་འབྲེལ་ཆེ་བར་གྱུར་ནས་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སོགས་སྔ་ཕྱིར་གནང་བའི་ལོ་རྒྱུས་མཆིས།གདན་རབས་སྔ་མ་རྣམས་སུ་ཐད་འདིའི་ལོ་རྒྱུས་འདི་ཙམ་ལས་མ་འཁོད་ཀྱང་།མཚམས་འདིར་ཧལ་ཧ་རྗེ་བཙུན་དམ་པའི་རྣམ་ཐར་ཅུང་ཟད་ཡོད་ན་འོས་འགབ་ཆེ་བར་བསམས་པས།དམ་པའི་དངོས་སློབ་ཛ་ཡ་པཎྜི་ཏའི་གསན་ཡིག་དང་།ཧོར་ཆོས་འབྱུང་རྒྱས་བསྡུས།རྒྱལ་བ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་སོགས་ལས་འདི་ལྟར་འབྱུང་སྟེ།ཇིང་གིར་རྒྱལ་བོའམ་ཆིང་གེ་སེའི་རབས་ཉེར་བདུན་པ་ཧལ་ཧའི་རྒྱལ་བོ་ཨ་སུ་ཐའི་རྡོ་རྗེ་རྒྱལ་པོ་ཞེས་པ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་ཟིན་པ་དེའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ལ་འཁྲུངས།ལོ་འདི་ནི་བྱ་ཁྱུང་དུ་མཚན་ཉིད་བཙུགས་ནས་ལོ་བཅུ་གསུམ་ལོན་པ་དང་།ཀོའུ་བ་ཆོས་རྒྱ་མཚོ་མྱ་ངན་ལས་འདས་པའི་ལོ་དེ་ཡིན།མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་དབེན་ས་སྤྲུལ་སྐུ་ལས་རབ་ཏུ་བྱུང་།འབྲས་སྤུངས་སྔགས་པ་བླ་མ་ནམ་མཁའ་བསོད་ནམས་གྲགས་པ་ཡོངས་འཛིན་ཏུ་གདན་དྲངས།དགུང་ལོ་བཅོ་ལྔ་བར་སྐུ་འབུམ་དང་བྱ་ཁྱུང་བརྒྱུད་དེ་དབུས་གཙང་དུ་ཕེབས།པཎ་ཆེན་ཆོས་རྒྱན་ལས་དགེ་ཚུལ་བསྒྲུབས། པཎ་ཆེན་རིན་པོ་ཆེས་ཏཱ་ར་ནཱ་ཐའི་སྐྱེ་བར་ངོས་བཟུང་།དགུང་ལོ་བཅུ་བདུན་ཐོག་རྒྱལ་དབང་ལྔ་བར་མཇལ།དུ་ཀཱུ་ལར་ཁོང་བ་འཇམ་དབྱངས་ཆོས་རྗེའི་སྐུ་སྐྱེའི་དབང་དུ་བཏང་བའི་སེར་སྦྲེང་དང་བསུ་བ་མཛདཅེས་གསུངས་ཡོད།རྒྱལ་བ་ལས་དབང་རྡོར་ཕྲེང་སོགས་གསན།བྱ་ཁྱུང་བྲག་གི་ཁྲིར་མངའ་གསོལ།ལོ་དེའི་དགུན་ཧལ་ཧའི་བཞུགས་སྒར་དུ་ཕེབས།ལོཚིགས་འདི་ལ་དཔགས་ན་རྒྱལ་དབང་ལྔ་བ་རྒྱ་ནག་ཏུ་ཕེབས་པའི་ལོ་དེའམ་དེའི་ཕྱི་ལོར་བྱ་ཁྱུང་ཁྲི་ལ་བཞུགས་སམ་སྙམ།དུ་ཀཱུ་ལར། རྒྱལ་དབང་རྨ་ཆེན་གངས་འདབས་ནས་ཕེབས་ལམ།བྱ་ཁྱུང་ཡེ་ཤེས་རྒྱ་མཚོ་མཇལ་ཚུལ་བྲིས་ཡོད་པས་ཀྱང་ཅུང་ཟད་ཤེས་སོ། །དགུང་ལོ་ཉེར་གཅིག་སྟེང་དབུས་སུ་ལན་གཉིས་པ་ཕེབས།དེའི་ཕྱི་ལོ་སླར་ཡང་སོགས་ཡུལ་དུ་བྱོན།དགུང་ལོ་ཞེ་དགུའི་རྗེས་ཙམ་དུ་བྱ་ཁྱུང་དགོན་པར་གོས་སྐུ་ཆེན་མོ་ཞིག་བཞེངས་ཏེ་ཕུལ།དགུང་ལོ་ང་གཉིས་སྟེང་བོད་ནས་རྒྱལ་བའི་སྐུ་ཚབ་དགེ་ལྡན་ཁྲི་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱ་མཚོ་ཧལ་ཧར་ཕེབས།ཚོགས་འདུའི་སྟེང་རྣམ་གཉིས་མཉམ་ཁྲི་ལ་བཞུགས།ཧལ་ཧ་དང་ཨོས་རོད་ཀྱི་ནང་འཁྲུག་བསྡུམས།དེའི་རྗེས་དགའ་ལྡན་པོ་ཤོག་ཐུས་རྗེ་འདི་བར་ཁྱེད་དགེ་ལྡན་ཁྲི་རིན་པོ་ཆེར་ཕྱག་དབང་མི་ཞུ་བ་ཅི་ཡིན།ཞེས་སོགས་ཀྱི་སྙད་ལ་བརྟེན།ཚོ་བདུན་གྱི་དམག་བསྐུལ།པོ་ཤོག་ཐུའི་དམག་གིས་དམ་པའི་དགོན་ཁག་རྣམས་སྟོར།དམ་པ་རྒྱ་ནག་གོང་མ་རྒྱལ་པོའི་མདུན་དུ་བཤོལ།གོང་མས་རྒྱལ་དབང་ལྔ་བ་ལྟར་བསུ་བཀུར་ཚད་མེད་གནང་།ལོ་ཙཱ་བ་མང་པོ་བོས་ནས་དག་ཡིག་ཟ་མ་ཏོག་སོག་སྐད་དུ་བསྒྱུར།རྗེ་འདིས་སོག་ཡིག་གསར་བཟོས་འགའ་རེ་གནང་།བོད་སྐད་སིང་སིང་བ་མཁྱེན་ཅིང་།ཨ་ཙ་རའི་སྐད་ཀྱང་མཁྱེན།བཀའ་འགྱུར་སོག་སྐད་དུ་བསྒྱུར་བར་དགོངས་ཀྱང་མ་གྲུབ།དམ་པའི་སྐུ་ཚ་དོན་གྲུབ་ཨེ་པུ་ལ་གོང་མའི་སྲས་མོ་ཀོང་ཇོ་གནང་།དགུང་ལོ་རེ་དྲུག་ཐོག་སླར་སོག་ཡུལ་དུ་འབྱོར།དགོན་པའི་རྟེན་སོགས་ལ་ཞིག་གསོས་རྒྱ་ཆེར་བཏང་།འདིའི་སྐུ་རིང་ལ་བྱ་ཁྱུང་ནས་ལོ་འགའ་རེའི་བར་ནས་འཚམ་ཞུ་བ་མངགས་ཚུལ་འོག་གི་མཁན་རབས་སོ་སོའི་ཐད་ན་གསལ།དགུང་ལོ་གྱ་དགུ་བ་ལ་འདས།དེའི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་སྒྲོ་མེ་རབ་ཉིའི་ཤིང་འབྲུག་ལ་འཁྲུངས།འཁྲུངས་ཡུལ་ཧལ་ཧ།དགུང་ལོ་བཅུ་བཞིའི་སྟེ་རྒྱ་ནག་གོང་མ་ཆེན་ལུང་ལ་མཇལ།དགུང་ལོ་སོ་གཅིག་ལ་འདས།སྐུ་ཕྲེང་གསུམ་པ་ཡེ་ཤེས་བསྟན་པའི་ཉི་མ་རབ་འདོད་ས་སྟག་ལ་འཁྲུངས།འཁྲུངས་ཡུལ་ཁམས་ལི་ཐང་།ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་རབ་བྱུང་བཞེས།དགུང་ལོ་བཅུ་བདུན་པར་འདས།སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ་རབ་འདོད་ཤིང་ལུག་ལ་འཁྲུངས།འཁྲུངས་ཡུལ་གཙང་གི་ཕྱོགས།འདིས་ཀྱང་ལྕང་སྐྱ་ལས་རབ་བྱུང་བསྒྲུབས།དགུང་ལོ་སོ་དགུ་ཐོག་རི་བོ་རྩེ་ལྔར་འདས།སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་རབ་ཡིད་ཤིང་ཕག་ལ་འཁྲུངས།འཁྲུངས་ཡུལ་གཙང་གཡོན་རུའི་དགེ་སྡིངས་ཁང་གསར།པཎ་ཆེན་བསྟན་པའི་ཉི་མས་ཐུགས་ཐག་བཅད།དགེ་བའི་བཤེས་གཉེན་བློ་བཟང་འཇམ་དབྱངས་ཡོངས་འཛིན་ཏུ་བསྟེན།དགུ་ལོ་དྲུག་ཐོག་ཁྲི་ཁར་བཀོད།པེ་ཅིང་དུ་གོང་མ་བཏོའུ་བཀྭང་དང་མཇལ།ཕྱིས་སུ་པཎ་ཆེན་རིན་པོ་ཆེ་ལས་བསྙེན་རྫོགས་བཞེས།ཕྱིར་གཙང་དུ་ཕེབས།རབ་ཡིད་མེ་བྱ་ལོར་བཀྲ་ཤིས་ཆོས་འཕེལ་དང་།ཀུན་དགའ་ཆོས་གླིང་གཉིས་སུ་གྲྭ་ཚང་བསྡུས།གྲྭ་ཚང་ཉེར་བདུན་ལ་སྒོ་མང་དང་བློ་གསལ་གླིང་གི་ཡིག་ཆ་བཙུགས་པར་བརྟེན་ཧོར་ཡུལ་དུ་བསྟན་པ་རིན་པོ་ཆེའི་ཉིན་བྱེད་ཆེས་ཆེར་གསལ་བའི་འཕྲིན་ལས་ཡངས།དགུང་ལོ་ཉེར་བདུན་ཐོག་དབུས་སུ་ཕེབས་ལམ་འབྲི་ཆུའི་ཁར་ཟས་རྐྱེན་ངན་པ་ཞིག་ལ་བརྟེན་ནས་བཅུ་བའི་ཚེས་གསུམ་ཉིན་མྱ་ངན་ལས་འདས།ཤེས་བརྒྱ་དཀའ་བཅུས་མཛད་པའི་འདི་བའི་རྣམ་ཐར་ཉུང་དུ་ཞིག་ཁུ་རེ་ན་པར་དུ་བཀོད་འདུག་པ་ལས་འདི་ཙམ་བཤུས།དྲུག་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་རབ་ཡིད་ཆུ་ཡོས་ལ་འཁྲུངས།འཁྲུངས་ཡུལ་དབུས་གཙང་།ཁྲི་ཁར་བཀོད་ནས་ཟླ་བ་གཉིས་ལོན་པའི་དགུང་ལོ་བདུན་སྟེང་འབྲུམ་བུ་བཞེས་པའི་རྐྱེན་གྱིས་འདས།བདུན་པ་ངག་དབང་ཆོས་ཀྱི་དབང་ཕྱུག་འཕྲིན་ལས་རྒྱ་མཚོ།དབུས་གཙང་ཕྱོགས་ནས་འཁྲུངས།འབྲས་བསམ་དགེ་བཤེས་ངག་དབང་འོད་ཟེར་ཡོངས་འཛིན་ཏུ་བསྟེན།དགུང་ལོ་བཅུ་དགུ་ལ་འདས།སྐུ་ཕྲེང་བརྒྱད་པ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་བསྟན་འཛིན་དབང་ཕྱུག་རབ་ཚེས་ལྕགས་རྟ་ལ་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་ཉེ་ཞོལ་ཚྭ་གུར་དུ་འཁྲུངས།དགུང་ལོ་ལྔའི་སྟེང་རྒྱལ་བའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེས་དགེ་བསྙེན་རབ་བྱུང་དགེ་ཚུལ་བཅས་ཀྱི་སྡོམ་པ་ཕུལ།སྐྱོར་ལུང་མངའ་རིས་སྤྲུལ་སྐུ་ཡོངས་འཛིན་ཏུ་བསྐོ་བཞག་མཛད་འཕྲལ་ལོ་དེ་གར་ཧལ་ཧ་ཁུ་རལ་དུ་གདན་དྲངས།དགུང་ལོ་ང་བཞི་རབ་མྱ་ངན་ལས་འདས།ལོ་རྒྱུས་འདི་ཙམ་ཡང་དེང་སང་ངེས་དཀའ་བར་གྱུར་བས་བདག་གིས་རྒྱ་བོད་ཀྱི་ཡི་གེ་གང་མཐོང་ལས་ཚེགས་ལ་མ་འཛེམས་པར་བྲིས་སོ། །

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།