བྱ་ཁྱུང་མཁན་རབས་དགུ་བ་བྱམས་པ་གླིང་བ་བསྟན་པ་རིན་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 09:38:59     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  



འདིའི་འཁྲུངས་ཡུལ་བྱམས་པ་གླིང་ཡིན་པས་མཚན་ལའང་བྱམས་པ་གླིང་བ་ཞེས་ཞུ་བར་ཆུ་བཟང་རིན་པོ་ཆེའི་གདན་རབས་ལས་བཤད།འདི་བའི་རིང་ལ་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་བྱ་ཁྱུང་དུ་ཐོག་མར་ཕེབས་ཏེ།དེའི་ལོ་ནི་རབ་བྱུང་བཅུ་བའི་ང་གསུམ་པ་ས་ལུག་ལོ་ཡིན།དེ་དུས་ཀོའུ་བ་ཆོས་རྒྱ་མཚོ་དང་།རོང་བོ་གྲུབ་ཆེན་ཆོས་པ་ཡབ་སྲས་སོགས་མདོ་སྨད་ཀྱི་མཁས་དགུ་ཕལ་ཆེ་བས་ཞབས་ལ་གཏུགས་ཤིང་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་གསང་མཐོར་བསྒྲགས།རྒྱལ་བ་བསོད་ནམས་རྒྱ་མཚོ་བྱ་ཁྱུང་དུ་ཕེབས་པའི་ལོ་ནས་ལོ་བཞི་བཅུ་འདས་པ་རབ་བྱུང་བཅུ་བའི་ང་བདུན་པ་ཆུ་ཕག་གི་ལོར་བསྟན་པ་རིན་ཆེན་གྱིས་སྡེ་འདིར་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས།ལོ་འདིར་ཚེ་ཏན་དགོན་དགའ་ལྡན་བཤད་སྒྲུབ་གླིང་གསར་དུ་བཏབ་ཅིང་།སྐུ་འབུམ་དུ་ཆུ་བྱི་ལ་མཚན་ཉིད་བཙུགས་ནས་ལོ་བཅུ་གཉིས་ལོན།དེའི་ཕྱིར་མཁན་རབས་གསོལ་འདེབས་སུ་ཡང་།ལུང་རིགས་སྲོལ་འབྱེད་བསྟན་པ་རིན་ཆེན་དཔལ།།མཚན་ཉིད་གསར་ཚུགས་ཀྱི་དུས་དེར་སྡེ་བ་ཆོས་རྗེ་དང་།གུང་རི་མཁའ་འགྲོ་མ་བློ་བཟང་བསྟན་སྒྲོན་རྣམ་གཉིས་ཀྱིས་བདག་རྐྱེན་རྒྱ་ཆེར་གནང་བར་བརྟེན་དགོན་སྡེ་དང་གྲྭ་ཚང་སྔར་ལས་ལྷག་པར་རྒྱས།ཀླུ་འབུམ་ངག་དབང་བསྟན་འཛིན་གྱི་གདན་རབས་སུ།ལྕགས་བྱའི་ལོར་མཚན་ཉིད་གསར་འཛུགས་ཀྱི་དབུ་བརྩམས་ནས་ཆུ་ཕག་ལོར་འདུལ་མཛོད་བཅས་བཀའ་པོད་ཚང་བར་བཙུགས་ཞེས་བཤད།རྩ་བ་ངག་དབང་དགེ་ལེགས་ཀྱིས་འདིབའི་རིང་ལ་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་པར་བཤད་པ་ནི་བསྟན་རྩིས་ཀྱི་ཚུལ་ལ་ཐུགས་གཞིགས་མ་མཛད་པའི་སྐྱོན་དུ་ཆེའོ།།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།