བྱ་ཁྱུང་མཁན་རབས་བཞི་བ་ཨ་གྲོ་ཆོས་རྗེ་དཀའ་བཅུ་ཤེས་རབ་རྒྱལ་མཚན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-30 21:07:12     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

ཨ་གྲོ་ཞེས་པ་འཁྲུངས་ཡུལ་གྱི་མིང་ཡིན་ནམ་བརྟག་ལ།ཡབ་རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་ཨ་མདོའི་ཆོས་འབྱུང་ས་བོན་དུ། བྱ་ཁྱུང་དུ་ཆོས་རྗེ་གཞོན་ནུ་བྱང་ཆུབ་འོད།བློ་གྲོས་རྒྱ་མཚོ།ཤེས་རབ་རྒྱལ་མཚན།གྲགས་པ་རྒྱ་མཚོ།བཟང་པོ་འོད་ཟེར།ཐར་བ་བཟང་པོ།གསེར་ཁང་བློ་གྲོས་རྒྱ་མཚོ་སོགས་གདན་ས་བ་རིམ་པ་བཞིན་བྱོན།ཁྱད་པར་ཨ་གྲོ་དཀའ་བཅུ་བས་དགོན་པ་ཡུན་རིང་དུ་བསྐྱངས་ཤིང་།དབང་རྡོ་རྗེ་ཕྲེང་བ་ལ་སོགས་པས་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད།ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཀྱང་།མདོ་སྨད་མུན་པའི་སྨག་རུམ་ན།།ཨ་གྲོ་གསལ་བའི་སྒྲོན་མེ་བྱུང་།།ཞེས་བསྔགས་བརྗོད་ཀྱང་མཛད།ཆོས་རྗེ་དོན་གྲུབ་རིན་ཆེན་པའི་སྐུའི་སྐྱེ་བར་ཡང་གྲག་གོ །ཞེས་གསུངས་པ་འདི་ནི་ཨ་གྲོ་ཆོས་རྗེའི་རྣམ་ཐར་གསུང་མཁན་རྣམས་ཀྱི་བརྟེ ན་ཁུངས་ཉག་གཅིག་ཡིན།འདི་ལ་འགྲེལ་ཚུལ་མི་མཐུན་པ་གཉིས་བྱུང་སྟེ༑ཆུ་བཟང་རིན་པོ་ཆེ་དང་།རྩ་བ་ངག་དབང་དགེ་ལེགས་དང་།ཀླུ་འབུམ་ངག་དབང་བསྟན་འཛིན་རྣམས་ཀྱིས་མཛད་པའི་གདན་རབས་སུ།ཁྱད་པར་ཨ་གྲོ་དཀའ་བཅུ་བས།ཞེས་པའི་ཚིག་དེ་གོང་དེ་མ་ཐག་གི་གསེར་ཁང་བློ་གྲོས་རྒྱ་མཚོ་ལ་བསྙེགས་པར་བྱས།ཇུ་ནང་བ་དང་རྗེ་བྱ་ཚང་བའི་གདན་རབས་གཉིས་དང་།དེབ་ཐེར་རྒྱ་མཚོ་རྣམས་སུ་ཚིག་དེ་ཤེས་རབ་རྒྱལ་མཚན་ལ་བསྙེགས་པར་བྱས་ནས་ཤེས་རབ་རྒྱལ་མཚན་ཞེས་པ་ཨ་གྲོ་ཆོས་རྗེའི་མཚན་དུ་ངོས་བཟུང་བའི་བཤད་ལུགས་གཉིས་ལས་ཕྱི་མ་ནི་རྣམ་དག་ཡིན་ལ།ཁྱད་པར་དུ་རྗེ་བྱ་ཚང་བས་དགག་གཞག་མཛད་པ་དེ་ཁུངས་ལྡན་ཡིན་པ་གཤན་ནས་གསལ་བར་འགྱུར་རོ།།ཨ་གྲོ་ཆོས་རྗེས་རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་ཨ་མདོ་ནས་བཟང་དགུའི་འབུལ་ཆེན་བསྐུར་བ་དང་བརྟན་བཞུགས་ཀྱི་ཞུ་འཕྲིན་ཕུལ་བ་དང་།རྩོམ་སྐུལ་ཞུས་པ་སོགས་ལ་དཔགས་ན་ཐུགས་འདྲིས་ཤིན་ཏུ་ཆེ་བའི་དངོས་སློབ་ཡིན་པའི་དན་རྟགས་མང་།དེ་ཡང་རྗེ་དགེ་འདུན་རྒྱ་མཚོའི་ཆབ་ཤོག་ཕྱོགས་བསྒྲིགས་སུ་ཨ་གྲོ་ཆོས་རྗེའི་འཕྲིན་ལན་ཚིགས་བཅད་ཅན་མཇལ་དུ་ཡོད་པ་འདིར་ཚང་བར་འགོད་ན།རླབས་ཆེན་ཤེས་རབ་གསེར་གྱི་གཞལ་མེད་ཁང་།།ལུང་རྟོགས་ཡོན་ཏན་བང་མཛོད་རབ་རྒྱས་ཤིང་།བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མངོན་མཐོ་བ༑།བཤེས་གཉེན་དམ་པ་གང་དེར་མཆིད་འདི་གསོལ།།མཐའ་ཡས་གདུལ་བྱའི་རོལ་མཚོ་འཁྱིལ་བའི་དབུས།།ཉིད་སྐུ་འཆི་མེད་རི་བོ་ལྟར་བརྟན་ཅིང་།།འཕྲིན་ལས་རྣམ་བཞིའི་བང་རིམ་གྱིས་མཛེས་ལ།།ཐུབ་བསྟན་གླིང་བཞིའི་རྒྱན་དུ་གྱུར་བའི་ངོས།།ཕྱོགས་འདིར་འདུས་པ་སྟོང་ཕྲག་དུ་མ་ལ།།ཇ་དཀར་མཆོད་ཡོད་དར་འགྱེད་དང་བཅས་པ།།ངེད་ཅག་ཆབ་ཤོག་དོན་བཟང་འདབ་ཕྲེང་ཅན།།ཡིད་འཕྲོག་ཚིག་སྦྱོར་སྦྲང་རྩིའི་བཅུད་ཆགས་པ། །དངུལ་དཀར་ལས་གྲུབ་རིགས་ལྔའི་ཅོད་པན་དང་། །རིགས་གསུམ་མགོན་པོའི་སྐུ་ཡི་མདངས་འཕྲོག་ཅིང་། །རྡོ་རྗེ་གསུམ་མཚོན་གོས་ཡུག་བཟང་པོ་གསུམ། །དིང་ཕོན་ཡུག་དང་རྟེན་ཁེབས་གན་དཀར་དང་། །གོས་ཆེན་གསེར་མ་དྲེའུ་བཟང་བོར་བཅས་། །གནང་བས་ཡིད་ལ་གདུང་བའི་མུན་པ་བསལ། །སྤྲོ་དགའི་སྣང་བ་རྒྱ་ཆེན་ཐོབ་པར་གྱུར། །འདི་ནའང་ལུས་པོ་དད་འབུལ་གོས་ཀྱིས་གཡོགས། །ཕོ་བ་དད་ཟས་ཀྱིས་བཀང་སྙོམ་ལས་ཀྱིས། །དུས་འདའ་ད་ལྟ་ཤི་ན་ཙུག་བྱེད་སྙམ། །སྙིང་ལ་སྐྲག་ཅིང་གཞན་ཕན་སྤྱོད་པར་རློམ། །ལུས་སེམས་ནམ་མཁའི་གློག་ཕྲེང་ལྟར་གཡོ་ཡང་། །བསྟན་ལ་ཕན་ཕྱིར་ཡུན་དུ་གནས་བྱོས་ཞེས།བཀའ་སྩལ་སེམས་ཀྱི་ཁུར་དུ་རབ་ལྕི་ཞིང་།།གཞི་མེད་སྙན་གྲགས་བྲག་ཅའི་སྒྲ་ཙམ་ལས།གཞན་ཕན་ལས་ལ་སྦྱོར་བའི་མཐུ་དམན་ཡང་། །ཇི་ལྟར་ཐུགས་ལ་བཞེད་པའི་སྨོན་ལམ་རྣམས། །ཚུལ་ཁྲིམས་ལྡན་པའི་སྨོན་པ་འགྲུབ་པ་དང་། །ཁྲིམས་ལྡན་དགེ་འདུན་འདུ་བ་ཆེན་པོའི་ཚེ། །སངས་རྒྱས་སྤྲུལ་བ་གནས་བརྟན་བཅུ་དྲུག་ཀྱང་། །འབྱོན་པར་ཞལ་བཞེས་འབྱོན་པར་ངེས་སྙམ་ནས། །བདེན་ཚིག་སྨོན་ལམ་འདུས་པའི་དབུས་སུ་བསྒྲགས། །ཇོ་བོ་ཡབ་སྲས་དངོས་དང་ཁྱད་མེད་པའི། །གསུང་ངག་དྲི་མེད་གླེགས་བམ་རིན་པོ་ཆེའི། །གནད་ཀུན་བསྡུས་པའི་སྨོན་ལམ་འདི་དག་ཀྱང་། །ཉིད་ཀྱི་ཐུགས་དམ་སྤེལ་ཕྱིར་ལེགས་འབུལ་ཞིང་། །བདྨ་རཱ་གའི་མདངས་ཆགས་སྲབ་ཆེན་གྱི། །བླ་གོས་རྒྱ་ཡིས་མཛེས་པ་སྐྱེས་སུ་འབུལ། །བཞེད་དོན་འགྲུབ་པའི་སྨོན་ལམ་རྒྱུན་དུ་བགྱིད། །ཀུན་ལྡན་ལོ་ཡི་ས་ག་ཟླ་བ་ལ། །འབྲས་སྤུངས་ཞེས་གྲགས་ཆོས་གྲྭ་ཆེ་ནས་ཞུས། །ཞེས་མདོ་སྨད་ཨ་གྲོ་བླ་མ་ལ་གནང་བའོ།།ཞེས་པའོ།།འདིས་སྐབས་བབ་ལོ་རྒྱུས་ཀྱི་འགངས་ཅི་མང་ཞིག་ཐོག་འདུག་སྟེ།ཀུན་ལྡན་ལོ་ནི་རྒྱལ་བ་དགེ་འདུན་རྒྱ་མཚོ་དགུང་ལོ་རེ་ལྔ་བཞེས་པའི་ལྕགས་བྱི་དེ་ཡིན་པས་རབ་བྱུང་དགུ་བའི་བགྲང་བྱ་སོ་བཞི་བ་ཡིན།དེ་ལྟར་ན་ཨ་གྲོ་ཆོས་རྗེའི་འཕྲིན་ལས་ཆེས་ཆེར་རྒྱས་པའི་དུས་ཀྱང་སྐབས་དེ་ཤེད་དུ་ངེས་པ་དང་།རྗེ་དགེ་འདུན་རྒྱ་མཚོས།མདོ་སྨད་མུན་པའི་སྨག་རུམ་ན།།ཨ་གྲོ་གསལ་བའི་སྒྲོལ་མེ་བྱུང་། །ཞེས་ཚིག་ནུས་པ་ཅན་གྱི་བསྔགས་བརྗོད་ཅི་ཆེ་མཛད་པ་དང་། ཡབ་རྗེ་སྐལ་ལྡན་པས། ཁྱད་པར་ཨ་གྲོ་དཀའ་བཅུ་བས་དགོན་པ་ཡུན་རིང་དུ་བསྐྱངས།ཞེས་གསུངས་པ་སོགས་ལ་དཔགས་ན་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུ་ཚེ་སྨད་ཕལ་ཆེར་དང་རྒྱལ་བ་དགེ་འདུན་རྒྱ་མཚོ་དགུང་ལོ་རེ་བདུན་ལ་འདས་པའི་རྗེས་ནས་ཀྱང་ཡུན་རིང་རབ་ཅིག་ལ་བྱ་ཁྱུང་གི་ཁྲི་བསྐྱངས་པར་གདོན་མི་ཟ།དེས་ན་ཆོས་རྗེ་དོན་རིན་པ་རབ་བྱུང་དྲུག་པའི་ཤིང་གླང་ལ་འདས་པ་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་དགུང་ལོ་རེ་ལྔ་བཞེས་པའི་རབ་བྱུང་དགུ་བའི་ལྕགས་བྱི་ལོའི་བར་དུ་ལོ་བརྒྱ་དང་ང་ལྔ་ཡོད།དེ་གཞོན་ནུ་བྱང་ཆུབ་འོད་དང་།བློ་གྲོས་རྒྱ་མཚོ་དང་།ཨ་གྲོ་ཆོས་རྗེ་གསུམ་གྱི་རིང་ཡིན་དགོས་པས།ཨ་གྲོ་ཆོས་རྗེར་མ་ཟད།གཞན་གཉིས་ཀྱང་མཁན་ཁྲིར་ལོ་མང་རབ་ཅིག་བཞུགས་ངེས་སོ་ཞེས་ཀྱང་བརྟག་པར་བྱར་ཡོད་དོ།།གཞན་ཡང་།རྗེ་དགེ་འདུན་རྒྱ་མཚོའི་འཕྲིན་ཡིག་ཏུ་གསལ་བ་ལྟར་ཨ་གྲོ་ཆོས་རྗེས་ཞུས་པའི་བཀའ་གདམས་གླེགས་བམ་དང་།མདོ་སྔགས་ཀྱི་ལམ་གྱི་རིམ་པའི་གནད་ཐམས་ཅད་བསྡུས་པའི་སྨོན་ལམ་ཡང་གསུང་འབུམ་གྲས་སུ་བཞུགས།དེའི་སྦྱར་བྱང་དུ།འགྲོ་བའི་འདྲེན་པ་དམ་པ་ཨ་གྲོ་དཀའ་བཅུ་བ་ཤེས་རབ་རྒྱལ་མཚན་གྱིས་མདོ་ཁམས་སྨད་ནས་འབུལ་བ་མཐའ་ཡས་པ་དང་བཅས་ནས་ཉེ་བར་བསྐུལ་ཞིང་།རིག་གནས་ཀྱི་དབང་ཕྱུག་དཔལ་ལྡན་བློ་གྲོས་བཟང་པོས་ཀྱང་གསོལ་བ་བཏབ་པའི་ངོར།བཀའ་གདམས་ཀྱི་ཐ་ཤལ་དུ་གཏོགས་པ་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཉེ་བར་སྦྱར།ཞེས་གསུངས་པའི་ཕྱིར་ན་ཨ་གྲོ་ཆོས་རྗེ་ནི་དུས་ཐོག་དེར་མདོ་སྨད་ཀྱི་འགྲོ་འདྲེན་དམ་པ་དང་།མདོ་སྨད་སྨག་རུམ་གསལ་བའི་སྒྲོན་མེར་བསྔགས་འོས་པའི་བསྟན་འཛིན་ཆེན་པོ་ཞིག་ཏུ་འཁུམས་སོ། །མྱ་ངན་ལས་འདས་པའི་མཐར་གདུང་རུས་བྱང་ཆུབ་མཆོད་རྟེན་དུ་བཞུགས་སུ་གསོ། དེ་ལ་ལྷ་ཁང་ཆུང་བ་ཞིག་བཞེངས་པ་ལ་གསེར་གདུང་ཆུང་པ་ཞེས་སུ་གྲགས།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།