བྱ་ཁྱུང་མཁན་རབས་དང་བོ་ཆོས་རྗེ་དོན་གྲུབ་རིན་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-30 17:04:18     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

དང་པོ་ཐོག་མར་དགེ་བའི་གཏམ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོས་ཕྱག་འདེབས་མཛད་པའི་ཚུལ།དང་པོ་ནི། དེ་ཡང་ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུ་དང་ཙོང་ཆུ་གཉིས་གཉེན་དུ་བསྡེབས་པའི་འདྲེས་མདོ་ནས་བཟུང་། ནུབ་ཕྱོགས་ཉིན་ལམ་མང་བོས་ཆོད་པའི་རི་རྒྱུན་ཆེན་པོ་རྨ་ཆེན་གངས་རི་ལ་ཐུག་གི་བར་ཙོང་ལ་རིང་མོ་ཞེས་གྲགས་པ་ལ་ཉིན་སྲིབ་ཀྱི་ཆ་གཉིས་ལས།གཡོན་ངོས་ཉིན་གྱི་ཆར་མཉམ་མེད་ཙོང་ཁ་བ་ཆེན་པོ་འཁྲུངས་པའི་གནས་ཆེན་སྐུ་འབུམ་བྱམས་པ་གླིང་ཆགས་ཤིང་།གཡས་ངོས་སྲིབ་ཀྱི་ཆར་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་མངོན་པར་འབྱུང་བའི་གནས་བྲག་བྱ་ཁྱུང་ཞེས་བྱ་བ་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞྭ་སེར་བསྟན་པའི་འབྱུང་ཁུངས་འདི་ཉིད་ཆགས་སོ།།གནས་ཀྱི་ཁྱད་པར་ཡང་། བྱང་ཕྱོགས་སུ་བསྟན་པའི་དབུ་འཕང་རྒྱས་པའི་བརྡར་རྨ་རྒྱལ་སྦོམ་རའི་སྲས་གསུམ་པ་སྐྱེས་ལྷ་ཆེན་པོའི་ཕོ་བྲང་རིན་ཆེན་རྣམ་བརྒྱད་སྤུངས་པའི་ལྷུན་པོ་ཙོང་ཁའི་སྐྱེས་རི་ནི་རྒྱབ་རིའི་ཚུལ་དུ་ལྷུན་ཆགས་པ་དང་།ཤར་ཕྱོགས་སུ་ལེགས་ཚོགས་ཀྱི་བང་མཛོད་བསྐྱིལ་བའི་བརྡར་བསྭོ་ཆེན་པོ་དང་།དཀར་པོའི་རི་རྒྱུད་ཟླུམ་པོར་འཁྲིལ་བ་དང་།ལྷོ་ཕྱོགས་སུ་གྲགས་སྙན་ཤར་རྒྱ་མཚོ་ཆེན་པོའི་བར་དུ་ཁྱབ་པའི་བརྡར་རྨ་ཀླུང་དལ་གྱིས་འབབ་པའི་ཆུ་བོ་ལྷུང་ལྷུང་དུ་འབབ་པ་དང་།ནུས་ཕྱོགས་སུ་མི་མཐུན་ཕས་རྒོལ་སྲུང་བའི་བརྡར་བྲགདཀར་སྔགས་རམས་པའི་ཉམས་སྣང་དུ་འཇམ་དཔལ་ནཱ་ག་རཀྴར་གཟིགས་པ་ཁྲི་གའི་སྲིན་པོའི་རི་བོ་རྔམས་བརྗིད་དུ་སྤ་བ་བཅས་ལྷན་སྐྱེས་ཀྱི་ས་བཀྲ་ཕུམ་སུམ་ཚོགས་པ་དང་། ས་དཔྱད་ཀྱི་སྤོར་ཐང་གཙུག་ལག་ལྟར་ན་ཡང་། ཤར་ན་བསྭོ་ཆེན་པོ་དང་དཀར་པོའི་རི་རྒྱུད་ནི་སྟག་སྐྱ་བོ།ལྷོ་ན་གཡུ་ལོ་དགུང་དུ་ལྡེམ་པའི་ནགས་ཚལ་གྱི་ཕུང་བོ་ཆེན་པོ་ནི་གཡུ་འབྲུག་སྔོན་མོ། ནུབ་ན་མཁས་པ་མི་གསུམ་གྱི་བཞུགས་གནས་བྲག་དམར་ཨན་ཆུང་གནམ་རྫོང་ནི་འདབ་ཆགས་དམར་པོ། བྱང་ན་ཙོང་ཁའི་སྐྱེས་རི་ལྷ་ཆེན་ནི་རུས་སྦལ་སེར་བོ་སྟེ་ས་སྲུང་ཆེན་པོ་བཞི་འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ལྟར་ཡོད་པ་དང་།གཞན་ཡང་འདུ་འཛིས་དབེན་ཞིང་བག་ཕེབས་པ།མཐོངས་ཡངས་ཤིང་བསེར་བུའི་རྒྱུ་ཕྱོགས་བཟང་བ།ཉིན་བྱེད་བདག་པོ་འཆར་སྔ་ཞིང་ནུབ་འཕྱི་བ་སོགས་ཀློག་སྤོང་ཐོས་བསམ་པ་ལ་འོས་པའི་དྲང་སྲོང་གི་གནས་ཀྱི་ཡོན་ཏན་རང་ཆས་སུ་མངའ་འོ།།དེ་ལྟ་བུའི་ཆོས་སྡེ་ཆེན་པོ་འདིའི་ལོ་རྒྱུས་དང་།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་པར་ཐར་པ་ཅི་རིགས་ལས་བརྩམས་པ་བདག་གི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནི།མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་རྗེས་འབྲང་དང་བཅས་པ།ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཨ་མདོ་ཆོས་འབྱུང་མདོར་བསྡུས།སྟག་སྡོང་བ་བློ་བཟང་ཆོས་དབྱིངས་སམ་རྒྱུད་ནེ་རྒན་པ་ཚང་གིས་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ལ་བརྩམས་པའི་ཆོས་རྗེ་དོན་རིན་པའི་རྣམ་ཐར་ཐོར་བུ་དང་མཁན་བརྒྱུད་ཀྱི་རྣམ་ཐར་བསྡུས་པ་དཔེ་འདྲ་མིན་ཁ་ཡར་།རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རབ་འདོད་བགྲང་བྱ་གཉིས་པ་ས་འབྲུག་ལ་བརྩམས་པའི་བྱ་ཁྱུང་གསེར་གདུང་རྒྱ་ཕིབས་ཀྱི་དཀར་ཆག་དགོས་འདོད་འབྱུང་བའི་ནོར་བུ།ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་གིས་རབ་འདོད་བགྲང་བྱ་ཞེ་གཅིག་པ་མེ་ལུག་ལོར་བརྩམས་པའི་བྱ་ཁྱུང་མཁན་བརྒྱུད་རྣམ་ཐར་བསྡུས་པ་དད་པའི་སྒོ་འབྱེད།རྩ་བ་དག་དབང་དགེ་ལེགས་ཚང་གིས་རབ་འདོད་བགྲང་བྱ་ཞེ་གསུམ་པ་ས་བྱ་ལོར་བརྩམས་པའི་བྱ་ཁྱུང་མཁན་རབས་དང་རྟེན་གྱི་དཀར་ཆག་རྒྱས་པ་མཐོང་བ་དོན་ལྡན།ཇུ་ནང་ངག་དབང་སྙན་གྲགས་ཀྱིས་རབ་ཡིད་བགྲང་བྱ་བཅུ་གསུམ་པ་ས་ཡོས་ལོར་བརྩམས་པའི་བྱ་ཁྱུང་མཁན་རབས་དང་རྟེན་གྱི་དཀར་ཆག་མཐོང་བ་དོན་ལྡན།འབྲས་ཀླུ་འབུམ་པ་བྱ་ཁྱུང་ངག་དབང་བསྟན་འཛིན་གྱིས་རབ་ཡིད་བགྲང་བྱ་བཅུ་ལྷག་ཙམ་གྱི་དུས་སུ་བརྩམས་པའི་བྱ་ཁྱུང་མཁན་རབས་བསྡུས་པ་དད་པའི་མགུལ་རྒྱན་དཔེ་འདྲ་མིན་རྒྱས་བསྡུས་གཉིས།བྱ་ཚང་དགེ་འདུན་བསྟན་པ་ཡར་འཕེལ་གྱིས་རབ་ཚེས་བགྲང་བྱ་ཞེ་གཉིས་པ་ས་སྤྲེལ་ལོར་བརྩམས་པའི་གདན་རབས་འཕྲོ་ཅན་རྣམས་དང་།གཞན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་འཇིགས་བྱེད་ཆོས་འབྱུང་།སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགེ་ལྡན་ཆོས་འབྱུང་བཻ་དཱུརྱ་སེར་བོ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་ཆེན་མོ།བླ་བྲང་བྲག་དགོན་པས་མཛད་པའི་མདོ་སྨད་ཆོས་འབྱུང་སོགས་སུ་ཡང་འདྲ་མིན་རྒྱས་བསྡུས་ཅི་རིགས་ཤིག་སྣང་སྟེ།འདིར་ནི་དེ་དག་ལས་གང་གསུངས་སྙིང་པོར་དྲིལ་ནས་གོ་སླ་བའི་ཚིག་གིས་བརྗོད་པར་བྱའོ།།བྲག་དགོན་ཆོས་འབྱུང་དུ།གསང་སྒྲོགས་སྤྲུལ་སྐུས་བརྩམས་པའི་བྱ་ཁྱུང་གདན་རབས་ཤིག་ཡོད་པར་བཤད་པ་ནི་ཇུ་ནས་ངག་དབང་སྙན་གྲགས་ཀྱིས་མཛད་པའི་གདན་རབས་དང་ནོར་བ་མིན་ཕྱིན་བདག་གིས་དཔེ་དེ་མ་མཐོང་ངོ་།ཇུ་ནང་བའི་གདན་རབས་ཀྱི་དཔེའི་གོང་འོག་ཏུ་རྩོམ་པ་པོ་མཚན་མི་གསལ་ཡང་།རྗེ་བྱ་ཚང་བའི་གདན་རབས་སུ་མཁན་རབས་ང་བདུན་པ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་བྱ་ཁྱུང་དཀར་ཆག་མཐོང་བ་དོན་ལྡན།ཞེས་འབྱུང་བ་དང་།དེ་ལ་ལུང་འདྲེན་དང་ཁུངས་འགོད་མང་དུ་མཛད་འདུག་པས་ཚོམ་པ་མི་འཚམ་ལོ། །གདན་ས་འདི་དུས་ནམ་གྱི་ཚེ་བཏབ་ཅེ་ན།བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཁྲུངས་པའི་ལོ་དང་འདས་པའི་ལོ་ལ་སོགས་པར་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་པ་མི་འདྲ་བར་སྣང་ཡང་།དཔལ་ལྡན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྟར་ན།ཐུབ་པའི་དབང་པོ་དགུང་ལོ་གྱ་གཅིག་པ་དཔའ་པོ་ལྕགས་འབྲུག་གི་ས་གའི་ཉ་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་ཉིས་སྟོང་ཉིས་བརྒྱ་ཉེར་དགུ་འདས་པ། རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོར་བཏབ་པར་འབྲས་ཀླུ་འབུམ་པ་ངག་དབང་བསྟན་འཛིན་གྱིས་བཤད་དེ།ལོ་དེར་རྗེ་རེད་མདའ་བ་འཁྲུངས་ཤིང་།ཆོས་རྗེ་དོན་རིན་པ་དགུང་ལོ་ཞེ་གཅིག་བཞེས་སོ། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་རབ་བྱུང་བདུན་པའི་ས་གླང་ལོར་བཏབ་པས་ན་བྱ་ཁྱུང་དེ་ལས་ལོ་རེ་གཅིག་གིས་སྔ་བ་ཡང་རྗེས་སུ་དཔོག་གོ །བྱ་ཁྱུང་བཏབ་པའི་ལོ་འདི་ཆོས་ཀྱི་སྤྱན་ལྡན་རྗེ་ཞྭ་དམར་པཎྚིཏས་ཀྱང་ཚད་ལྡན་དུ་བཞེད་དོ༑ །དེ་ལྟར་ན་ས་གླང་དེ་ནས་བརྩིས་པས་ད་ལྟ་རབ་བྱུང་བཅུ་དྲུག་པའི་མེ་བྱ་འདི་ཡན་ལ་ལོ་དྲུག་བརྒྱ་དང་ཉག་མ་དགུ་འདས་པའི་ཕྱིར་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་མཐའ་དག་གི་མེས་པོ་ལྟ་བུར་གྱུར་ཅིང་།རྗེས་འཇུག་ཕྱི་རབས་པ་འགས་མདོ་སྨད་བསྟན་པའི་མ་དགོན་ཞེས་བསྔགས་པ་ཡང་དོན་དང་ལྡན་པ་ཡིན་ནོ།།དེ་ཡང་གཏན་ཚིགས་དང་བཅས་ཏེ།ད་ལྟའི་རབ་རྒྱལ་མེ་བྱ་འདི་བགྲངས་པ་ཡན་ལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་དག་གི་ཡ་གྱལ།རབ་བྱུང་བདུན་པའི་བགྲང་བྱ་བཅུ་དྲུག་པ་ཆུ་རྟ་ལ་བིས་མདོ་དགོན་བཏབ་ནས་ལོ་བཞི་བརྒྱ་གོ་དྲུག་དང་།རབ་བྱུང་དགུ་བའི་བགྲང་བྱ་ང་བཞི་བ་ལྕགས་སྤྲེལ་ལ་སྐུ་འབུམ་བཏབ་ནས་ལོ་སུམ་བརྒྱ་གོ་བདུན་དང་།རབ་བྱུང་བཅུ་བའི་བགྲང་བྱ་སོ་བརྒྱད་པ་ཤིང་འབྲུག་ལ་དགོན་ལུང་བཏབ་ནས་ལོ་སུམ་བརྒྱ་ང་བཞི་དང་།རབ་བྱུང་བཅུ་བའི་བགྲང་བྱ་ང་གསུམ་པ་ས་ལུག་ལ་གྲོ་ཚང་སྔོ་སླས་ཏིང་བཏབ་ནས་ལོ་སུམ་བརྒྱ་སོ་དགུ་དང་།རབ་བྱུང་བཅུ་གཅིག་པའི་བགྲང་བྱ་བཞི་བ་ལྕགས་རྟ་ལ་རིང་བོ་དགོན་རྒྱ་བསྐྱེད་ནས་ལོ་སུམ་བརྒྱ་ཉེར་བརྒྱད་དང་།རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ཉུ་ཤུ་བ་མེ་ཁྱི་ལ་མགུར་བཏབ་ལོ་ནས་སུམ་བརྒྱ་བཅུ་གཉིས་དང་།རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལ་ཆུ་བཟང་བཏབ་ནས་ལོ་སུམ་བརྒྱ་དགུ་དང་།དེའི་ཕྱི་ལོ་ལྕགས་སྟག་ལ་གསེར་ཁོག་བཏབ་ནས་ལོ་སུམ་བརྒྱ་བརྒྱད་དང་།རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ང་དྲུག་པ་ཆུ་ཁྱི་ལ་བདེ་ཆེན་བཏབ་ནས་ལོ་ཉིས་བརྒྱ་དོན་དྲུག་དང་།རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལ་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་ནས་ལོ་ཉིས་བརྒྱ་ཞེ་དགུ་འདས་པས་ན་བསྟན་རྩིས་ཀྱི་ཚུལ་ལ་བསྙོན་དུ་མེད་དོ༑ །མཁས་པའི་དབང་པོ་ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས་ཀྱིས་མཛད་པའི་གསེར་གདུང་སྟོང་མཆོད་ཟུར་འདེབས་སུ་ཡང་། དགོན་གནས་འདི་ཕྱག་འདེབས་གནང་བའི་ལོ་རབ་བྱུང་དྲུག་པའི་ཉག་མ་ཉི་ཤུའི་ནང་ཞིག་ཡིན་པར་མངོན་ཞེས་གསུངས་ཏེ་གོང་སྨོས་དེ་དང་དགོངས་པ་མཐུན་ནོ། །རྗེ་བྱ་ཚང་བའི་གདན་རབས་སུ་རབ་བྱུང་དྲུག་པའི་ཐོག་མ་མེ་ཡོས་ལོར་རིགས་ལྡན་བཅོ་ལྔ་བ་སེང་ཁྲིར་ཕེབས་ཏེ་ལོ་ཉེར་དྲུག་ཙམ་འདས་པའི་ཤིང་ཕོ་རྟའི་ལོར་ཆོས་སྡེ་འདི་བཏབ་པར་བསྟན་རྩིས་འགའ་ཞིག་ལས་གསུངས།ཞེས་པ་ལ་དོགས་པའི་གནས་ཅུང་ཟད་ཅིག་མཆིས་ཏེ།མེ་ཡོས་ནས་བརྩིས་པའི་ཤིང་ཕོ་རྟ་ནི་ཉེར་བརྒྱད་པ་ཡིན་པས་ཉེར་དྲུག་ཙམ་ཞེས་ཚིག་ཤུན་ཅན་སྨྲས་དོན་མེད་པ་དང་།ཚད་ལྡན་གྱི་བསྟན་རྩིས་ཡིན་ན་མིང་ནས་སྨོས་རིགས་པའི་ཕྱིར་རོ། །གང་ལྟར་སྔ་མ་ལས་ལོ་དྲུག་གིས་འཕྱི་བར་སྣང་ངོ་། །ཆོས་སྡེའི་མཚན་ལ་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ཞེས་བསྔགས་པ་ནི།ལྕང་སྐྱ་རོལ་བའི་རྡོ་རྗེའི་མཚན་ལམ་དུ་བྱུང་བ་དང་བསྟུན་པ་སྟེ།དེ་ཡང་ལྕང་སྐྱ་རིན་པོ་ཆེ་དགུང་ལོ་ཞེ་བདུན་སྟེང་རྒྱ་ནག་གོང་མ་ཆེན་པོའི་མདུན་ནས་མདོ་སྨད་དུ་ཕེབས་ཏེ་དགོན་ལུང་དུ་བཞུགས་སྐབས།བྱ་ཁྱུང་མཁན་པོ་ལས་ཐོག་པ་རྩ་བ་བློ་བཟང་རྒྱལ་མཚན་སོགས་མཇལ་དུ་ཕེབས་པའི་ནུབ་མོ་དེར།མི་ནག་པོ་གཟི་བརྗིད་ཆེ་བ་ཞིག་གིས།ཁྲི་ཆེན་རྡོ་རྗེ་འཆང་གི་སྤྲུལ་སྐུ་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་གདན་དྲངས་ན་རྟེན་འབྲེལ་བཟང་པོ་འགྲིག་རྒྱུ་ཡོད་ཟེར་བ་ལ།ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གང་ཡིན་དྲིས་པར་བྱ་ཁྱུང་དགོན་ཡིན་ཟེར་བ་མཚན་ལམ་ལ་བྱུང་།ཕྱི་ཉིན་མཁན་པོ་སོགས་ལ་དེ་འདྲའི་མཚན་ལམ་བྱུང་ཚུལ་གྱི་ཕེབས་སྒོ་སྩལ།མི་ནག་པོ་དེ་བྱ་ཁྱུང་གི་སྲུང་མ་སྐྱེས་མཆོག་རྡོ་རྗེ་ལེགས་པའི་རྣམ་འཕྲུལ་དུ་གདོན་མི་ཟ་ཞིང་།དེ་ནས་བཟུང་བྱ་ཁྱུང་ཆོས་སྡེའི་མཚན་ཡང་དེ་བཞིན་འཇགས་པ་བྱུང་ཞེས་ལྕང་སྐྱའི་རྣམ་ཐར་ལས་འབྱུང་།ཐུའུ་བཀྭན་ཆོས་ཀྱི་ཉི་མ་བྱ་ཁྱུང་མཁན་ཁྲིར་བཞུགས་སྐབས་གོང་མ་ཆན་ལུང་ལ་ཞུས་ནས་ཙི་པན་བླངས་པའི་ངོས་སུ།བསྟན་རྒྱས་གླིང་ཞེས་སྐད་བཞི་ཤན་སྦྱར་ཅན་ཡོད་པར་རྗེ་ཆོས་ཀྱི་ཉི་མའི་རྣམ་ཐར་དུ་གསལ་ཞིང་།དེའི་འདྲ་བཤུས་ཀྱི་ཙི་པན་ད་ལྟ་མཇལ་དུ་ཡོད་པའི་ངོས་སུ་རྒྱ་ཡིག་གི་ཧྥ་ཅིན་ཟི་ཞེས་པ་ཐུབ་བསྟན་དག་ཐེར་གླིང་དུ་བསྒྱུར་པ་ནི་དོན་བསྒྱུར་ཏེ།ཐད་བསྒྱུར་ལྟར་ན་དམ་ཆོས་དྲི་མེད་གླིང་ཞེས་པ་ཞིག་ཐོབ་པོ།དེ་ལྟར་ན་ཕྱིས་ཀྱི་ཡི་གེ་འགར་ཐེག་ཆེན་ཡོན་ཏན་བསྟན་རྒྱས་གླིང་ཞེས་བྲིས་པ་ནི་རང་བཟོའི་ལྷད་འདྲེས་པས་མ་དག་པར་སེམས།ད་ནི་ཆོས་སྡེ་དེ་ཉིད་འདེབས་མཁན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྟོགས་པ་ཅུང་ཟད་བརྗོད་ན། གང་དུ་འཁྲུངས་པའི་གནས་ལ་མཁས་གྲུབ་རྗེས་མདོ་ཁམས་སྨད་ཡིན་པར་གསུངས་པ་ཙམ་ལས་གསལ་པོ་ཞིག་ལོ་རྒྱུ་སྔ་མ་རྣམས་སུ་མི་གསལ་ལ།ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་གིས། འཁྲུངས་ཡུལ་དང་རིགས་རུས་ནི་ས་སྐྱ་ཡིན་ཞེས་པ་དང་། ས་སྐྱ་ནས་ཆད་པའི་རེབ་གོང་གི་ཡུལ་ཡིན་ཟེར་བའི་བཤད་ཡམས་མཆན་བུར་བཀོད་ནས་རང་ལུགས་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་གི་ཆར་འཁྲུངས་པར་གསུངས།ཇུ་ནང་ངག་དབང་སྙན་གྲགས་ཀྱི་གདན་རབས་སུ།རྐ་ཕུག་རིན་པོ་ཆེའི་ཕྱག་བྲིས་ཤིག་ཏུ་ཁྲི་གའི་མི་ཉག་རིན་པོ་ཆེས་སྣང་ར་ཡིན་ཞེས་གསུངས་པ་བཀོད་པར་བཤད།ངག་རྒྱུན་ལ་རེབ་གོང་ཤ་སྦྲང་དུ་འཁྲུངས་པར་ས་དེ་གའི་སྐྱེ་བོ་དམངས་ལ་ཡོངས་སུ་གྲགས་ཤིང་།ཤ་སྦྲང་གི་ཉེ་འཁོར་གྱི་ཉིན་ཕྱོགས་རི་ཁྲོད་ཅིག་ཏུ་སྒྲུབ་པ་མཛད་ནས་བཞུགས་པར་བརྟེན་དོན་གྲུབ་རིན་ཆེན་གྱི་མཚན་བསྡུས་པས་དོན་རིན་ཉིན་དང་།དེ་ཡང་ཟུར་ཆག་པས་དོར་ཉིན་དུ་འབོད་པ་ཡིན་ཟེར་རོ།།རྩ་བ་ངག་དབང་དགེ་ལེགས་ཀྱི་གདན་རབས་སུ།མཁས་རློམ་འགས་རིགས་རུས་ས་སྐྱ་དང་།འཁྲུངས་ཡུལ་དང་།ཡབ་ཡུམ་གྱི་མིང་སོགས་ངོས་བཟུང་བ་དང་།ལྷོ་ཁམས་བརྒྱུད་དེ་ཕེབས་པའི་ལམ་བར་གྱི་གཏམ་རྒྱུད་བཤད་པ་རྣམས་ནི་རྒྱུད་ནེའི་གྲུབ་ཆེན་སྟག་དཀར་བས་མཛད་པའི་རྣམ་ཐར་དང་མི་མཐུན་པས་ཁོ་བོས་དོར་ཞེས་འབྱུང་སྟེ།དེའི་དགག་ཡུལ་ནི་ཀོའུ་སྡེའི་བཛྲ་བི་ཛ་ཡའི་མིང་ཅན་གྱིས་བྲིས་པའི་རྗེ་དོན་རིན་པའི་རྣམ་ཐར་ཐོས་སྒྲོགས་རིན་ཆེན་ཕྲེད་པ་ཞེས་ཁུངས་མེད་རྫུན་གཏམ་ཕྲེང་དུ་བསྟར་བ་དེ་ག་ཡིན་ཞིང་།དཔེ་དེ་བདག་གིས་ཀྱང་མཐོང་མོད།དེར་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འདྲེན་པ་དང་།རྩ་བ་ངག་དབང་དགེ་ལེགས་ཀྱིས་གཟིགས་པ་ལ་དཔགས་ན་རྩོམ་དུས་རགས་ཙམ་ངེས་ནུས་ལ།དེར་རེ་རེ་གཉིས་གཉིས་ཙམ་མ་གཏོགས་གང་བཤད་ཁུངས་མེད་སྤྱི་བརྟོལ་གྱི་གྲོང་ཚིག་འབའ་ཞིག་ཏུ་སྣང་བས།འདིར་བཤད་ཡམས་བཀོད་པས་དགོས་པ་མི་ཆེ་ཞིང་ལྷད་འདོན་བྱས་པས་སྣག་ཤོག་གྲོན་པའི་རྒྱུ་རུ་ཟད་དོ།།ནམ་འཁྲུངས་པ་ནི།འབྲས་ཀླུ་འབུམ་པའི་མཁན་རབས་སུ།ཇོ་བོ་རྗེ་འཁྲུངས་ནས་ལོ་སུམ་བརྒྱ་ཉེར་བརྒྱད་པ་རབ་བྱུང་ལྔ་བའི་ས་བྱ་ལ་འཁྲུངས་པར་བཤད།འོན་ཀྱང་མཁན་རབས་དེ་ཉིད་ཀྱི་དཔེ་རྙིང་འགར་ཇོ་བོ་འཁྲུངས་ནས་ལོ་སུམ་བརྒྱ་སོ་དྲུག་པ་རབ་བྱུང་ལྔ་བའི་ས་བྱ་ཞེས་པ་ནི་མ་དག་སྟེ།ཇོ་བོ་རབ་བྱུང་དང་པོའི་གོང་རོལ་དེ་མ་ཐག་གི་དྲུག་ཅུ་སྐོར་གྱི་བགྲང་བྱ་བཅུ་དྲུག་པ་ཆུ་རྟ་ལ་འཁྲུངས་པར་ཀུན་ལ་རྩོད་པ་མེད་པས་སོ། །ཆོས་རྗེ་དོན་རིན་པའི་འཁྲུངས་ལོ་བཤད་པ་ལ་འདི་མ་གཏོགས་སྔོན་བྱོན་ལོ་རྒྱུས་སྨྲ་བ་སུས་བཤད་པ་མ་མཐོང་སྟེ་བྲག་དགོན་མདོ་སྨད་ཆོས་འབྱུང་འདིའི་རྗེས་སུ་འབྲང་ངོ་། །དེར་ཡབ་ཡུམ་ཕུན་སུམ་ཚོགས་པའི་རིགས་སུ་སྐུ་བལྟམས་པ་ནས་བཟུང་ཆོས་ཀྱི་བག་ཆགས་མངོན་པར་སད་དེ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་བྱོན།སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལ་ཕར་ཕྱིན་དང་།བྱམས་ཆོས་ཐམས་ཅད་མཁས་པར་བསླབས།གཙང་གི་སྣམ་ཐང་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན།གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན།བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིགས་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན།ཡི་གེ་གཞན་དུ་འདི་ལ་མདོག་སྟོད་པ་རིན་ཆེན་སེང་གེ་ཞེས་ཟེར།དེའི་ཚེ་རིགས་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ།ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་།ཞབས་ལ་ཁྲག་རྡོལ་གྱི་བར་ཉིན་མཚན་དུ་སྐོར་བ་མཛད་པས་བློ་གྲོས་ཀྱི་ནུས་པ་ཡ་ཚད་འཁྲུངས་ཏེ་རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས།རྩོད་པ་བཟང་བའི་མཆོག་ཏུ་གྲགས་པ་བྱུང་།མཐུན་རྐྱེན་དཀོན་པོ་བྱུང་ཡང་སྣར་ཐང་བའི་སྐྱོ་ཚུལ་ལ་བརྟེན་ནས་ལེགས་པར་སྦྱངས།དེ་རྗེས་ཞྭ་ལུར་གྲྭ་སྐོར་ལ་བྱོན་པ་ན་རིན་པོ་ཆེ་བུ་སྟོན་ཐམས་ཅད་མཁྱེན་པ་ཡང་གདན་སར་ཕེབས་ནས་འདུག་པ་ལ།ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ།ཤར་ཕྱོགས་པ་རིགས་པའི་དཔའ་པོ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས།གསུང་རྒྱུན་གཅིག་ཏུ་ཚོགས་དབུས་སུ་བུ་སྟོན་རིན་པོ་ཆེ་དང་བགྲོ་གླེང་མཛད་པས་ཀུན་གྱིས་སྟོན་གྲགས་བཟང་ཞེས་བསྔགས་པར་བཤད།འོན་ཀྱང་བུ་སྟོན་ལས་དགུང་ལོ་ཉི་ཤུས་གཞོན་ནོ།།སུམ་པའི་ཆོས་འབྱུང་དང་འབྲས་ཀླུ་འབུམ་པའི་གདན་རབས་སུ་བླ་མ་དབུ་མ་བ་དང་རེད་མདའ་བ་སོགས་བསྟེན་པར་བཤད་པ་མ་དག་སྟེ།བླ་མ་རེད་མདའ་བ་ནི་བྱ་ཁྱུང་བཏབ་པའི་ས་གླང་ལོ་དེར་འཁྲུངས་པ་དང་།བླ་མ་དབུ་མ་བ་ནི་རྗེ་རེད་མདའ་བ་ལས་སྐུ་ན་གཞོན་ངེས་པས་སོ།།དེ་ནས་རོང་དུ་བྱོན་ཏེ། གསན་རྒྱ་དང་མཁྱེན་རྒྱ་བུ་སྟོན་དང་མཉམ་པར་གྲགས་པའི་རོང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་ནས་གཤེད་སྐོར་སྤྱི་དང་། ཁྱད་པར་འཇིགས་བྱེད་ཀྱི་དབང་དང་། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད། ཨ་མདོར་ཕེབས་ཏེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད།ཤིང་ཀུན་སྡེ་གསར་འདི་ཡིན་གྱི་ངོས་འཛིན་ཁ་གསལ་ཞིག་གོང་མ་ཚོས་གསུངས་པ་མ་མཐོང་ཡང་།བྲག་དགོན་པའི་དེབ་ཐེར་རྒྱ་མཚོར།ཅོ་ནེ་ཀླུ་ཆུ་དང་ཉེ་བའི་སར་ལིན་ཐོའུ་ཁྲིན་ནམ་ཤིང་ཀུན་མཁར་གྱི་ཉེ་འདབས་སུ།འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀས་བཏབ་པའི་དགོན་གསར་དེར་བླ་མ་དོན་གྲུབ་རིན་ཆེན་ཟེར་བའི་འདྲ་སྐུ་ཡོད་པ་དེ་ཆོས་རྗེ་དོན་གྲུབ་པ་ཡིན་རྒྱུ་དང་།དད་པའི་འཇུག་ངོགས་ལས་གསུངས་པའི་ཤིང་ཀུན་སྡེ་གསར་ཞེས་པ་རྒྱ་ནག་གི་སྐད་དུ་ཞིན་ཟི་སྟེ་ཆོས་སྡེ་གསར་བ་ཡིན་རྒྱུ་དང་།རྒྱལ་བ་བསོད་ནམས་རྒྱ་མཚོ་རྣམ་ཐར་དུ།ཀླུ་ཆུར་གཟིངས་དང་གྲུ་བཏང་སྟེ་ཤིང་ཀུན་ཏུ་ཕེབས།འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཤིང་སྐུ་ཞིག་ཡོད་པས་གསུང་བྱོན།ཞེས་པའམ་འདི་ཡིན་པར་བཤད་ཅིང་།དེར་རྒྱ་བོད་ཀྱི་བཀའ་བསྟན་ཚར་བརྒྱད།གསང་བདེ་བློས་བསླང་།ཆོས་འཕགས་ཀྱི་ཚེམས།འགྲོ་མགོན་འཕགས་པའི་མུ་ཏིག་གི་སྐུ་ཆོས་སོགས་རྟེན་སྣ་མང་དུ་བཞུགས་ལ།རྗེ་འཇིགས་མེད་དབང་བོའི་གསུང་གི་ལིན་ཐོའུ་དགའ་ལྡན་ཆོས་འཕེལ་གླིང་གི་བཅའ་ཡིག་ཅེས་པའང་དགོན་འདིའི་ཡིན་པ་དང་།སྔར་དགོན་སྡེ་རྣམས་མཁར་གྱི་ཕྱི་ལོགས་སུ་ཡོད་ཀྱང་སྡིག་ཅན་ཞིག་གིས་ཕ་བསད་པའི་མཚམས་མེད་ཀྱི་ལས་བསགས་པས་ས་ཚིག་པར་གླེང་སྟེ་དགོན་པ་གྲོང་དང་འདབས་འབྲེ ལ་དུ་སྤོས་ནས་ལྕགས་རི་གཅིག་བྱས་པར་གྲགས་སོ། །ཞེས་པ་དང་།ཡང་འགྲོ་མགོན་འཕགས་པའི་དངོས་སློབ་གྲྭ་ཆེན་བཞི་བགྲངས་པའི་སྐབས་སུ༑ཏཱ་དབོན་དྲུང་རིན་ཆེན་གྲགས་ཀྱིས་ཤིང་ཀུན་དཔལ་གྱི་སྡེ་ཆེན་སོགས་གདན་ས་གསུམ་དུ་གྲགས་པའི་སྡེ་ཆེན་བཙུགས།ཞེས་ཤིང་ཀུན་སྡེ་གསར་ངོས་འཛིན་པའི་སྒྲུབ་བྱེད་ཤིན་ཏུ་གསལ་ཏེ་བདེན་ཤས་ཆེ།ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཆོས་འབྱུང་ས་བོན་དུ།འཕགས་པ་ཤིང་ཀུན་གྱི་བླ་མ་མཛད།ཅེས་དང་།སུམ་པའི་ཆོས་འབྱུང་དུ།ལིན་ཐོའུའི་སའི་ཆར་འཕགས་པ་ཤིང་སྐུའི་བདེ་ཆེན་གཙུག་ལག་ཁང་ས་སྐྱ་འཕགས་པས་ཞིག་གསོས་མཛད་པ་དེའི་བླ་མར་བཞུགས་པ་མདོ་སྨད་པ་ཆོས་རྗེ་དོན་རིན་པོ་ཆེ།ཞེས་ཀྱང་གསུངས་སྣང་།རྗེ་ཐམས་ཅད་མཁྱེན་པའི་དགེ་བསྙེན་གྱི་སློབ་དཔོན་ཀརྨ་རོལ་བའི་རྡོ་རྗེ་ཧོར་རྒྱལ་ཐོ་གན་ཐེ་མུར་ཁྲི་ལོ་ཉེར་བརྒྱད་སྟེང་ཧོར་ཡུལ་དུ་གདན་དྲངས་ནས་ཕེབས་ལམ་ཤིང་ཀུན་སྡེ་ཆེན་དུ་མཁན་པོ་དཔལ་ལྡན་མཆོག་སོགས་དགེ་འདུན་འབུམ་ཚོ་སྨིན་གྲོལ་དུ་མཛད།ཅེས་ཀརྨ་བ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ་བཤད་པས།དུས་དེར་ཧ་ཅང་དར་བའི་དགོན་ཆེན་ཞིག་ཡིན་པར་ངེས།འབྲས་ཀླུ་འབུམ་པའི་གདན་རབས་སུ།སླར་མདོ་སྨད་དུ་ཕེབས། ཤིང་ཀུན་བདེ་སར་ཡང་ཟེར་ཕྱང་དཀར་སྡེ་སེའི་ཟེར་མཁན་ཡང་འདུག་པས་ད་ལྟ་ཕྱར་དགའི་དགོན་ཡིན་ཟེར་བའི་མཁན་པོ་མཛད།ཅེས་བྲིས་འདུག་སྟེ།དེ་ནི་ཁོང་བའི་བསམ་པར་ཁྱ་དགེ་ཡིན་ཤག་ལ་གདངས་མཐུན་པར་ནན་གྱིས་བཅོས་པ་ཙམ་ལས་ཁུངས་ཡོད་མེད་བརྟག་དགོས་ཏེ།ཁྱ་དགེ་ལེགས་བཤད་གླིང་ནི་རབ་བྱུང་བཅུ་བའི་མེ་ཕག་ལ་བཏབ་ནས་ལོ་དོན་བདུན་སོང་བའི་ཤིང་ཕོ་འབྲུག་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་སྟག་སྡོང་བློ་བཟང་ཆོས་དབྱིངས་ཀྱི་དངོས་སློབ་ཁྱ་དགེ་བློ་གྲོས་རྒྱ་མཚོ་འཁྲུངས་པའི་ཕྱིར་ན་འཐད་པར་མི་སེམས་སོ།།འོན་ཀྱང་འབྲས་ཀླུ་འབུམ་པའི་གདན་རབས་འདིར།མཁན་རབས་ང་བཞི་བ་ངག་དབང་འོད་ཟེར་བར་བཀོད་པའི་མཐར།མཁར་རབས་རྗེས་མ་རྣམས་དེ་ག་ནས་སྒྲིག་པར་ཞུ།ཞེས་འབྲས་སྤུངས་ཀླུ་འབུམ་ནས་ངག་དབང་བསྟན་འཛིན་གྱིས་བྲིས།ཞེས་ཡོད་པའི་ཚིག་ལ་དཔགས་ན་འབྲས་སྤུངས་ནས་བརྩམས་ཏེ་བྱ་ཁྱུང་དུ་བསྐུར་བ་ཞིག་ཡིན་ཚོད་འདུག །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེའཆད་ཉན་ཤིན་ཏུ་འཕེལ་སྐབས་ཤིག་ལ།སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས།འོན་ཀྱང་དེ་དུས་གདན་ས་བ་བསྐོས་ཚར་བས་གདན་སའི་སྟབས་མ་འཕྲོད་ཀྱང་།ཡོ་བྱད་མང་དུ་བསྣམས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་།སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་ལ་སྲི་ཞུ་རྒྱ་ཆེར་བསྒྲུབས།ཡབ་ཆོས་སྡིངས་འདེབས་མཁན་སྐྱེས་མཆོག་རྟོགས་ལྡན་པ་ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན།ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ།སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཞི་ནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས།ཁྱད་པར་དུ་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག།བླ་མའི་ཞལ་ནས།ཁྱོད་ཀྱི་གནས་དང་གདུང་བྱ་མདོ་སྨད་དུ་ཡོད། ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད།དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་ཉིས་འཛོམས་མང་པོ་འོངས་པའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་ཞེས་གསུངས་པ་དང་། རྡོ་རྗེ་འཇིགས་ཀྱི་གདམས་ངག་སྐོར་ལ་ཐུགས་འགྲུས་མཛད་པའི་སྐབས་ཤིག་ཀྱང་བླ་མ་དེ་ཉིད་ཀྱིས།འཇམ་དཔལ་གཤིན་རྗེའི་གཤེད་དངོས་སུ་འཇལ་འདོད་ན་མདོ་སྨད་དུ་སོང་དང་འཇལ་འོང་ཞེས་ལུང་བསྟན་པ་བཞིན་སླར་ཨ་མདོར་བྱོན།ཐོག་མར་ཤ་སྦྲང་གི་གནས་བཙལ་ཏེ་དེར་དགོན་གནས་བཏབ།ཉི་མ་ཤར་མ་ཐག་པང་དུ་བླངས་པ་འདྲ་བས་ན་ཤར་པང་སྟེ་ཟུར་ཉམས་པས་ཤ་སྦྲང་དུ་ཐོགས་ཟེར།དེར་ལོ་སྦྲེལ་གྱི་བར་དུ་ཕར་ཚད་ཀྱིས་ཐོག་དྲངས།བྱམས་ཆོས་རྣམས་དང་།བརྟག་གཉིས།སྤྱོད་འཇུག་སོགས་ཀྱི་བཤད་པ་མཛད་ཀྱང་ཐུགས་བཞེད་མ་ཁེངས་པས་ཐུགས་སྐྱོ་ནས་དབོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས།རང་ཉིད་བྱ་ཁྱུང་གི་གནས་བཙལ་བར་བྱོན།ཤ་སྦྲང་ནི་རེབ་གོང་གི་དོན་རིན་ཉིན་དང་ཧ་ཅང་ཐག་མི་རིང་བ་དང་།འོག་ནས་འབྱུང་བ་ལྟར་བོད་བྱ་ཚང་དུ་ཁོང་བར་ཉེ་ཚན་ཞིག་ཡོད་པ་དག་གིས་ཀྱང་འཁྲུངས་ཡུལ་ལ་ངེས་པ་སྟེར་རྒྱུ་ཡོད་དོ༑ །ཇུ་ནང་བའི་གདན་རབས་སུ།རྗེ་དོན་རིན་པ་ཤ་སྦྲང་ལ་ཕེབས་དུས་རྒད་པོ་ཞིག་གིས་རི་དྭགས་ཤ་བའི་བྲང་ཞིག་གསོལ་བར་ཕུལ་བ་དང་། ལྷ་ཁང་ཞིག་བཞེངས་པའི་རྒྱལ་རིའི་ཕག་ན་སྣ་ཕུག་ཟེར་བ་ཞིག་ཡོད་པས་རྟེན་འབྲེལ་མ་ལེགས་པར་དགོངས་ཏེ་ཞལ་ནས་ཀྱ་། ཤ་བྲང་གིས་གུང་ཚིགས་མི་བྱེད།བྲག་སྣ་ཕུག་ལ་རྒྱབ་མི་གཏོད།ཧོར་མི་གླེན་པ་ལ་སྦྱིན་བདག་མི་བྱེད།ཅེས་གསུངས་ནས་བྱ་ཁྱུང་ཕྱོགས་སུ་ཕེབས་པ་དང་།ཤ་སྦྲང་གི་གནས་དེར་ན་བཟའ་ཆ་ཚང་གཅིག་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པ་དེང་སང་ས་འབུར་ཞིག་ཏུ་ཡོད།ཅེས་གསུངས།ཡང་ངག་རྒྱུན་ལ།རེབ་གོང་སེ་གུ་བྱ་ཁྱུང་དུ་རི་ཁྲོད་བཟུང་།སྒྲོལ་མའི་ཞལ་གཟིགས་ཏེ་ལུང་བསྟན་གྱི་གནས་འདི་མིན།ཞེས་བསྐུལ་བ་བཞིན་དགོན་གནས་འཚོལ་བར་ཕེབས་སྐད།གང་ལྟར་དགུ་རོང་བརྒྱུད་བྲག་བྱ་ཁྱུང་མཐོང་བའི་གྲོང་སྣང་རར་བྱན།ཨ་མྱེས་དོན་གྲུབ་སེང་གེ་ཞེས་པའི་རྩར་ཕེབས།གནས་ཚང་དེའི་རྒན་མོ་བཞིན་མི་སྡུག་པ་ཞིག་གིས།རང་གི་བྲན་མོ་ལ་བྲག་བྱ་ཁྱུང་ནས་ཡུལ་སྣ་འོང་བར་འདུག་པས་ཐང་མ་མྱུར་དུ་སྡུས་ཟེར།རྒན་མོ་དེ་ལ་བྲག་བྱ་ཁྱུང་གང་ཡིན་དྲིས་པས་རྒན་མོ་ཁྲོ་ཚུལ་གྱིས་ཅི་བྱེད་རྒྱུ་ཡིན།ཕ་གི་རེད་ཅེས་སྡིགས་མཛུབ་དང་བཅས་འབར་བཞིན་དུ་བསྟན།རྒན་མོ་དེ་ཁྲོ་གཉེར་ཅན་མའི་སྤྲུལ་བ་ཡིན་པས་ས་འདུལ་དང་ངོ་སྤྲོད་ལྷན་ཅིག་ཏུ་བྱས་སྙམ་པ་ཕྱིས་སུ་དགོངས་པར་ཤར།ཕྱི་ཞིག་ན་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་འདི་བཞེངས།ལྷ་ཁང་དེར་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད།མི་གཡོ་བ་སྔོན་པོ།རྟ་མགྲིན་བེ་ཅོན་ཅན་རྣམས་བཞུགས།དམ་ཅན་སྲུང་མར་བསྐོས་ཏེ་རྟེན་ཐང་ཆོས་རྗེའི་ཤངས་ཁྲག་གིས་བཞེངས།གཉན་ཆ་ཤིན་ཏུ་ཆེ།དེར་ཚོགས་པ་མང་པོར་ས་སྡེའི་བཤད་པ་ཡང་གནང་བར་གྲགས།དེའི་ཕྱིར་ཡབ་རྗེ་གསེར་ཁང་བས་ཀྱང་།སྣང་རའི་གསེར་ཁང་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ས་སྡེའི་བཤད་པ་གནང་བའི་གནས་ཡིན་གསུངས་ནས་མཛོད་དགེ་རི་ཁྲོད་པའི་ངོར་ལམ་རིམ་ཆུང་ངུའི་དབུ་ནས་ཆོས་ཐུན་གཅིག་གནང་བར་དེ་ཉིད་ཀྱི་རྣམ་ཐར་ལས་འབྱུང་།ཕྱིས་སུ་བྱ་ཁྱུང་དུ་ལྷ་ཁང་ཆེན་མོ་དང་ལྷན་དུ་རབ་གནས་མཛད་པས་འདིར་ཡང་མེ་ཏོག་བབས་པ་རྟེན་སྒྲོམ་དུ་ད་ལྟའང་ཡོད་ཟེར།གསེར་ཁང་འདི་ནམ་བཞེངས་པའི་དུས་ཚིགས་གསལ་བོ་མ་མཐོང་ཡང་རྩ་བ་ཚང་གིས་བྱ་ཁྱུང་བཏབ་པའི་འཕྲོ་ཡིན་པར་བཤད།བྱ་ཚང་དུ་ཉེ་ཚན་བུད་མེད་ཅིག་ཡོད་པས་གསོལ་ཚིགས་དྲངས།ཡུར་ལས་ཀྱིས་མནར་བ་ལ་ཐུགས་བརྩེ་བས་ཡུར་མནན་གྱི་མཆོད་རྟེན་བརྩིགས་པ་ད་ལྟ་སོ་ཕག་གིས་བཏུམས་ཤིང་ཡུལ་དེར་དེང་སང་ཡང་ཡུར་མ་མི་དགོས་པར་གྲགས།མོས་ཟར་རྩྭ་ཆུན་པོ་འགའ་དང་ར་ཕྱར་གྱི་བཞུགས་སྟན་ཕུལ་བ་ཕྱིས་སུ་གསེར་གདུང་ནང་རྟེན་དུ་ཕུལ་ཟེར།ཇུ་ནང་གདན་རབས་སུ་སྣམ་བུ་གྲོ་གྲོ་ཞིག་ཕུལ་བ་ད་ལྟ་ཡང་སེང་ཁྲི་ཁང་གི་བཞུགས་ཁྲིའི་འོག་ན་ཡོད་པར་གསུངས།དེ་ནས་བྲག་བྱ་ཁྱུང་ལ་གཏད་དེ་ཕེབས།རྨ་ཆུ་ལ་དར་ཆགས་ཡོད་དམ་ལྟོས་ཞེས་ཉེ་གནས་ལ་ཡང་ཡང་གསུངས་པས།ཟླ་བ་དྲུག་པ་ལ་དར་ཇི་ལྟར་ཆགས་སྙམ་ནས་ཉེ་གནས་མ་རངས་ཏེ་དར་ཆགས་འདུག་ཅེས་མ་ལྟོས་བཞིན་དུ་ཞུས་པས།དེ་ལྟར་ན་བཟང་འདུག་མྱུར་དུ་འགྲོ་གསུངས་ནས་ཕེབས་ཚེ་རྨ་ཆུ་ལ་དར་སྣམ་དཀར་གྱི་ཟམ་འཕངས་པ་འདྲ་བ་ཞིག་ཆགས།དེར་བླ་མས་རྟིང་མནན་ནས་ཕེབས།ཕྱི་ན་འདུག་པའི་མི་རྣམས་ཀྱིས་བལྟས་ཚེ་ཆུའི་དར་ཟམ་དེ་བླ་མ་ཕེབས་པ་དང་ལྷན་ཅིག་དྲིལ་ནས་ཕར་ཐལ་སོང་ཟེར།དར་ཆགས་པའི་ཉེ་འགྲམ་གྱི་གྲོང་སྡེའི་མིང་ལ་རྨ་དར་གོང་བ་ཞེས་ཐོགས་ཤིང་ཟུར་ཆག་ནས་མན་རྡལ་གོང་བ་ཟེར།དེ་ནས་བཟུང་དགུན་ནམ་ཡང་དར་འཛིན་སྔ་ཞིང་འགྲོ་འཕྱི་བའི་དར་ལམ་ངེས་ཅན་དུ་འཛིན་པར་གྲགས་སོ། །ཇུ་ནང་ངག་དབང་སྙན་གྲགས་ཀྱི་གདན་རབས་སུ།བྱ་ཁྱུང་སྟོམ་པའི་རྒམ་མོ་དེའི་གྲོང་ད་ལྟ་ཁེན་གྱ་ཟེར་བ་འདི་ཡིན།གྲོང་དེའི་ལྟག་ན་སྒོམ་རྟགས་ཟེར་བའི་གནས་ཡིད་དུ་འོང་བར་ཁོང་བའི་ཕྱག་ཚ་ནང་རྟེན་དུ་བཞུགས་བའི་ས་འབུམ་ཞིག་ཡོད་པ་ལ་སྐབས་འགར་མཚན་མོ་འོད་འཕྲོ་བ་སོགས་གནའ་མི་རྣམས་ལ་ཡོངས་སུ་གྲགས་པ་དང་།གྲོང་དེའི་འགབ་ཀྱི་རི་རྐེད་ན་ཆུ་མིག་ཅིག་ཡོད་པའི་འགྲམ་དུ་ཡུན་རིང་བཞུགས་ནས་ཕྱག་ཚ་བཏབ་ཅིང་།ཙན་དན་གྱི་ལྗོན་པ་ཞིག་སྐྱེས་པ་རིམ་གྱིས་སའི་འོག་ཏུ་ནུབ་ཀྱང་སྐབས་ཤིག་ནས་ས་ཚ་དང་ཙན་དན་གྱི་དུམ་བུ་རྙེད་མཁན་ཡོད་པ་དང་།དེའི་སྟོད་ཙམ་ན་ཞིང་མང་བོ་ཡོད་པའི་ལྗོངས་ཤིག་ཏུ་སྐྱོ་མགུར་འགའ་རེ་གསུངས་པས་དེང་སང་ཡང་གནས་དེ་ལ་ཞིང་མགུར་དུ་གྲགས་པ་དང་།དེའི་ཡན་ཆད་ཀྱི་སྔོ་གྱ་བྲག་འགག་གི་དར་ལམ་སྟེང་ནས་ཕེབས་པའི་ལམ་དེར་གདོང་དར་རམ་ལྷ་དར་ཞེས་གྲགས་པ་དང་།དེར་མ་ཟད་མི་གྲིབ་ཅན་གྱིས་ཁྲུས་བྱས་པ་སོགས་ཀྱིས་དར་མི་འཆགས་པ་དང་།དག་གཙང་དང་བསང་མཆོད་བྱས་པས་མྱུར་དུ་ཆགས་པ་དང་།རྨ་འགྲམ་མན་རྡལ་གོང་བར་ཕྱག་ཚ་འདེབས་རྒྱུའི་ས་རྒྱུ་བཟང་པོ་ཞིག་ཡོད་པར་རབ་གནས་མཛད་པས།ཅི་ཙམ་བླངས་ཀྱང་ཟད་དུ་མེད་པ་དང་།ད་ལྟའང་ཡུལ་ཕྱོགས་དེ་ནས་ས་འབུམ་བཞེངས་ཚེ་ཐོགས་མར་དེ་ནས་ས་ཅུང་ཟད་རེ་བླངས་ཏེ་ས་ཚ་འདེབས་པའི་སྲོལ་ཡོད།ཅེས་བརྗེད་དུ་ཕངས་པའི་ལོ་རྒྱུས་འདི་དག་མཐར་ཆགས་སུ་བཀོད་འདུག །དེ་ནས་ཅུང་ཟད་ཕེབས་པ་ན་ལ་ཆེན་པོ་བརྒྱབ་པར་སྐུ་རྗེས་སུ་འབྲངས་པའི་ཁྱི་ཞིག་ཡོད་པ་ལུས་པས་ཁྱི་རྒན་ལར་གྲགས།ཐོག་མར་ཁྱུང་ལྟག་ཏུ་བཞུགས།ཉིན་གཅིག་དོས་ཁལ་དང་བཅས་པའི་དྲེའུ་ཞིག་ཡོད་པ་བཙལ་བས་མ་རྙེད་པར་མཐར་མདུན་གྱི་རིའི་ངོས་སུ་ལྗོན་ཤིང་མང་བོ་ཡོད་པའི་སར་ཆུ་འཐུངས་ནས་ཉལ་འདུག་པ་ཐབས་ཅི་བྱས་ཀྱང་མ་སློང་ཚུལ་ཞུས་པས།ང་ཚོའི་འདུག་ས་ནོར་བ་ཡིན་འདུག །དེར་འགྲོ་གསུངས་ནས་གནས་དེར་དགོན་པའི་གཞི་བཏིངས། ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཆུ་མིག་གཉན་པོ་ཡོད་པའི་ནེའུ་གསིང་གི་སྟེང་དུ་གཙུག་ལག་ཁང་བཞེངས་པ་ཕྱིས་སུ་མགོན་ཁང་དུ་གྲགས་ཏེ་ད་ལྟའི་འདུ་ཁང་གི་སྟེང་རྒྱབ་ན་ཡོད་པ་འདི་ཡིན།ངག་རྒྱུན་འགར་ཐོག་མའི་གནས་གཞི་ད་ལྟའི་འདུ་ཁང་གི་ཆོས་རའི་མཐིལ་དང་།ལ་ལས་ད་ལྟའི་ལྷ་ཁང་ཆེན་མོའི་ཤུལ་གཡང་ས་ཁུག་ཏུ་རྗོད་པ་འདི་དང་།ཁ་ཅིག་གིས་ལྷ་ཁང་སིས་མར་འབོད་པའི་ཤུལ་འདི་ཡིན་ཟེར།སིས་མ་དང་ཙིག་མ་ཞེས་པ་ནི་ཡུལ་དེ་གའི་སྐད་ཀྱི་ཆུང་ངུའི་ཐ་སྙད་དོ། །གང་ལྟར་ད་ལྟའི་འདུ་ཁང་འདི་ཕྱིས་སུ་རིམ་གྱིས་རྒྱ་བསྐྱེད་པ་ཡིན་ཞིང་།འབབ་ཞོད་ཆེ་དུས་ཆོས་རའི་མཐིལ་དུ་ཆུ་མིག་རྡོལ་གྲབས་བྱེད་ཅིང་།དེར་མ་ཟད་ནམ་ཡང་རྔ་ཁང་མི་བརྟན་པའང་རྒྱུ་མཚན་དེའི་རྐྱེན་གྱིས་ཡིན་པར་གླེང་ངོ། །གནས་གཞི་བཏིངས་འཕྲལ་གྲྭ་ཚོགས་བརྒྱ་ཕྲག་བརྒལ་བ་ལ་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་རྣམས་དང་།བརྟག་གཉིས།སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད།འབྲས་ཀླུ་འབུམ་པས་ཐོག་མ་ཉིད་ནས་གྲྭ་ཚོགས་སུམ་བརྒྱ་ལྷག་འདུས་པར་བཤད།གནས་དེའི་ཐད་ཀར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་ཆོས་རྗེ་ཉིད་སྤྱན་དྲངས།ཞབས་ཏོག་དང་བཀུར་སྟི་ཞུས།བཞུགས་སྟན་གཅིག་གིས་མཚོན་དངོས་འབུམ་ཕུལ་བས་རྟེན་འབྲེལ་འགྲིགས།ཉིད་ནས་ལྷམ་སོགས་གནང་བ་ཡུལ་ནས་འདོན་པའི་བརྡར་གོ་ནས་མཐུ་གཏོང་རེས་བྱས།དང་པོ་ཅུང་ཟད་མཚུལ་ཉམས་ལྟ་བུ་ལ།ཞང་བའི་བཙུན་ཆུང་འདིས་སྒྲུབ་དཔོན་གྱིས་ལ་སྒྲུབ་པ་ཚུགས་གསུངས་པ་ལྟར་བྱས་པས་འཕྲལ་དུ་བོན་རྣམས་ནང་འཐོར།འགའ་ཞིག་རྩུབ་རིང་དུ་སོང་།ཁ་ཅིག་ལུང་ཕྲན་འགར་བྱོལ་བས་ལུས་རིད་ཅིང་ཤི་བའི་སར་བོན་གྱོང་ནང་དུ་ཐོགས།འགའ་རེས་རིའི་གཤམ་ནས་རེ་ཞིག་གནས་བཅས་པའི་སར་བོན་པོ་རི་ཟེར་ཞིང་།ད་ལྟ་སྐྱ་ཡིས་སུ་ཡོད་པའི་བོན་གྲོང་རྣམས་འདི་ལས་ཆད་པར་གྲགས།ཇུ་ནང་གདན་རབས་སུ།བོན་པོ་རྣམས་ལ་སྒྲུབ་པ་མཛད་སྐབས་ཞང་བའི་བཙུན་ཆུང་།བར་ཞིང་ལམོ་གཡུ་རུ་ཕྱུག།ནག་ཚའི་རེ་གོན་པ།སྡོང་ངེའི་དར་དཀར་རིང་མོ།མཚམས་རིང་རྟོགས་ལྡན་པ་རྣམས་གཙོ་བོ་ཡིན།ཞེས་བཤད།བྲག་དགོན་པས།བོན་པོ་རིར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་སྤྱན་དྲངས།ཞེས་བཤད་པ་ལ་རྒྱུ་ལས་འབྲས་བུ་སྔ་བའི་སྐྱོན་འབྱུང་ངམ་སྙམ་སྟེ།ད་ལྟ་པར་ཁང་ཆེན་མོའི་འགབ་ཀྱི་གནས་ས་ཕར་ཚུར་དེ་ལ་དེང་སང་ཡང་བོན་པོ་མཁར་ནག་ནང་ཟེར་བས་ན་གདན་འདྲེན་ཞུ་མཁན་གྱི་བོན་པོའི་གནས་མཁར་དེ་ན་ཡོད་ཚོད་དུ་སྣང་ངོ། །མགོན་ཁང་དེར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་རྫོགས་དང་།མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་མང་དུ་བཞེངས་ཤིང་དམ་ཡེ་བསྲེས་པའི་བྱིན་རླབས་ཀྱིས་སྡེ་དེ་ཉིད་དུ་བཤད་སྒྲུབ་ཀྱི་ལས་རྣམས་བཞེད་པ་ལྟར་གྲུབ་ཅིང་།བཀའ་ཤིན་ཏུ་གཉན་པས་ཡུལ་ཕྱོགས་འདིའི་སྐྱེ་བོ་རྣམས་ཀྱིས་ལེགས་ཉེས་ཀྱི་སྟངས་འཛིན་པའི་མནའ་དཔང་ཡང་མགོན་ཁང་འདི་ལ་ཞུ་ཞིང་།མནའ་ཟོས་པ་རྣམས་ལ་ཆད་པ་དྲག་པོ་ཚར་གཅོད་པ་མངོན་སུམ་དུ་སྟོན་ཅེས་རྒྱ་ཕིབས་དཀར་ཆག་ཏུ་གསུངས།བར་སྐབས་ཤིག་ཆོས་རྗེ་ཉིད་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཉམས་བཞེས་མཛད་སྐབས།མཚན་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་བྱིན་གྱིས་བརླབ་པར་གསོལ་བ་བཏབ།ཁྱད་པར་དུ་ཞལ་དངོས་སུ་བསྟན་དུ་གསོལ་ཞེས་ཞུས་པས །སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་འོང་།དེ་བར་བདེ་བར་གྱིས་གསུངས་བྱུང་བར།དེ་གང་ཡིན་དཔྱད་པས།རྗེ་ཙོང་ཁ་བ་ཆེན་པོ་འཇིག་རྟེན་དུ་འབྱོན་པའི་བརྡར་མངོན་པར་ཤེས་པས་ཐོགས་མེད་དུ་མཁྱེན་ནས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པར་དགོངས་ཏེ་གསོལ་ཟན་དང་བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ་དང་སྲུང་མདུད།རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན།བུ་ཆུང་གཙང་སྦྲ་དང་བཅས་སྐྱོང་ལུགས་ཀྱི་ཡི་གེ་དང་བཅས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་གནང་མཛད།ཕྱི་ཞིག་ན་ཡབ་ཡུམ་གྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཉིད་སྤྱན་དྲངས།བཀུར་སྟི་ཕུན་སུམ་ཚོགས་པ་མཛད།རྗེ་འདི་བས་ཀྱང་རྟ་ནོར་གོས་དར་སོགས་ཟང་ཟིང་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལཅིག །ཅེས་བཀའ་སྩལ་བ་བཞིན་ཡབ་ཡུམ་གྱིས་ཀྱང་དགའ་སྤྲོ་དང་བཅས་འབུལ་བར་ཁས་བླངས།ད་ལྟ་སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ཁང་དུ་བཞུགས་པའི་ཕ་བོང་སྟེང་རྗེ་དོན་རིན་པའི་ཞབས་རྗེས་དང་དབྱུག་པའི་རྗེས་གསལ་བར་བཏོད་ཡོད་པ་འདི་ཡང་དེ་དུས་བྱུང་བར་མངོན། དེར་མ་ཟད་ཆུ་དཀར་རི་ཁྲོད་དུ་ཡང་བྲག་གྱེན་དུ་བཏེགས་པའི་ཕྱག་རྗེས་གཉིས་ཀ་གསལ་བར་བཏོད་པ་མཇལ་དུ་ཡོད།རྗེ་ཀརྨ་རོལ་བའི་རྡོ་རྗེ་ཤ་རྫོང་རི་ཁྲོད་དུ་ཕེབས་ནས་བཞུགས་སྐབས་ཡབ་ཀྱིས་ཁྲིད་ནས་རབ་ཏུ་བྱུང་བར་ཞུས་ཀྱང་ད་དུང་གཞོན་ནུར་གྱུར་བས་རབ་ཏུ་བྱུང་མ་རན་གསུངས་ནས་དགེ་བསྙེན་དུ་བསྒྲུབས།མཚན་ལ་ཀུན་དགའ་སྙིང་པོར་གསོལ།དབུས་སུ་ཕེབས་ཤིག་པའི་ལུང་བསྟན་གནང་སྟེ།ཕྱིས་སུ་སངས་རྒྱས་གཉིས་པ་ལྟ་བུར་བྱོན་པ་འདིའོ་ཞེས་དཔའ་པོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས་བསྔགས།ཀརྨ་རོལ་པའི་རྡོ་རྗེ་དེ་དུས་དགུང་ལོ་ཉེར་གཅིག་བཞེས་སྣང་།རྗེ་དགུང་ལོ་གསུམ་གྱི་དུས་དགེ་བསྙེན་མཛད་པར་ཡོངས་ལ་གྲགས་མོད།ཧོར་རྒྱལ་ཐོ་གན་ཐོ་མུར་ཁྲི་ལོ་ཉེར་ལྔ་བ་མེ་བྱ་ལོར་རྗེ་འཁྲུངས་པ་དང་།ཁྲི་ལོ་ཉེར་བརྒྱད་པར་ཀརྨ་རོལ་བའི་རྡོ་རྗེ་ཕེབས་པ་དང་།ལོ་རྒྱུས་འགར་རྗེ་དགུང་ལོ་བཞི་བར་བྱ་ཁྱུང་དུ་ཕེབས་ཟེར་བ་རྣམས་ལ་དཔགས་ན་རྗེ་དགུང་ལོ་རིལ་བོ་གསུམ་དང་ངོ་མཐོང་བཞིའི་སྟེང་ཤ་རྫོང་དུ་དགེ་བསྙེན་བསྒྲུབས་ཏེ་འཕྲལ་ལ་བྱ་ཁྱུང་དུ་ཕེབས་པར་སེམས།འབྲས་ཀླུ་འབུམ་པས།དགུང་ལོ་བདུན་བཞེས་ནས་བྱ་ཁྱུང་དུ་ཕེབས།དགུང་ལོ་བརྒྱད་བཞེས་ནས་རབ་བྱུང་མཛད་ཟེར།གང་ལྟར་དགུ་ལོ་བཞི་ཡང་ཟེར།དགུང་ལོ་བདུན་དུ་ཉེ་བ་ན་ཡང་ཟེར་ཏེ།ཡབ་ཡུམ་གྱིས་བུ་ཆུང་རྗེ་དོན་རིན་པའི་དྲུང་དུ་འབུལ་བར་བྱོན་སྐབས།རྗེ་དོན་རིན་པས་ཕྱོགས་འདི་ནས་དེ་རིང་ང་ལ་སློབ་མ་ཁྱད་པར་ཅན་ཞིག་འོང་བར་འདུག་པས་ལྟོས་གསུངས་ནས་གྲྭ་བ་གཅིག་ལྟ་རུ་བཏང་།གད་སྐྱའི་གཞུང་ན་ཡོད་ཚེ་མི་མང་དམག་འདྲ་བའི་སྣང་བ་བྱུང་།ཚུར་ཇེ་ཉེར་སླེབས་པའི་ཚེ་དེ་ཉུང་ངུར་སོང་ནས་མཐར་ས་བཟང་སྒང་ལ་སླེབས་པ་ན།མི་སྟག་ཞོན་གཅིག་འོངས་པ་མཐོང་།དེའི་ཕྱིར་གྲྭ་བ་དེས་སོ་བལྟས་པའི་སྒང་ལ་སོ་བལྟས་སྒང་དང་།ཕེབས་ལམ་གྱི་སྒང་ལ་གཅིག་སྟག་སྒང་དུ་གྲགས་ཏེ་དེང་སང་ཟུར་ཉམས་པས་སོ་ཏོལ་སྒང་དང་ལྕགས་སྟག་ཁ་སྒང་ཟེར།བྲག་དགོན་པས་སྐྱ་ཀའི་གཞུང་ཞེས་བྲིས་པ་རྒྱུས་མེད་པའི་གཏམ་སྟེ་ཚ་ཕུག་གད་སྐྱ་ཞེས་ཡུལ་དེ་བ་རྣམས་ལ་གྲགས་སོ། །ཆོས་རྗེའི་དྲུང་དུ་ཕེབས་མ་ཐག་ནས་ཚེགས་མེད་པར་ཡིག་ཀློག་ལ་བྱང་བརསྦྱངས།རབ་ཏུ་མ་བྱུང་བའི་སྔ་རོལ་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་དང་།འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང་།ཀྱེ་རྡོ་རྗེ་དང་།ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།གསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས་ཏེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད།དབང་ཐོབ་པ་ནས་བཟུང་བདེ་མཆོག།ཀྱེ་རྡོར།ཀུན་རིག།གཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་།བདེ་མཆོག་དྲིལ་བུ་བའི་བདག་འཇུག་ལན་མང་དུ་བཞེས།ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་གཞོལ།རྒྱུད་ནེ་དང་རྩ་བ་ཚང་གི་གདན་རབས་སུ།དབང་རྡོ་རྗེ་ཕྲེང་བ་ཡང་ཆོས་རྗེ་དོན་རིན་པ་ལས་གསན་པ་འདྲ་བ་ཞིག་གསུང་མོད།ཡོངས་གྲགས་ལ་འོག་ནས་འབྱུང་བ་ལྟར་འབྲི་གུང་སྤྱན་སྔ་བ་ལས་གསན་པར་གྲགས་སོ། །ཁྱད་པར་དུ་བླ་མའི་བཀའ་བཞིན་ཨ་ར་པ་ཙ་ནའི་བསྙེན་པ་གྲངས་མང་པར་མཛད་པས་གཟིམ་ཆུང་གི་ལོགས་ཀུན་ཏུ་ཨ་ར་པ་ཙ་ནའི་ཡི་གེ་མང་པོ་བྲིས་པ་ལྟ་བུ་དང་། རལ་གྲིའི་ཕྱག་མཚན་གྱི་གུར་ཕིབས་པ་སོགས་རང་བྱོན་མང་དུ་ཕེབས།དེའི་ཕྱིར་གཟིམ་སྤྱིལ་དེ་ལ་ད་ལྟའི་བར་ཏུ་ཨ་ར་པ་ཙའི་སྒྲུབ་ཁང་ཞེས་ཀུན་གྱི་རྣ་བའི་རྒྱན་དུ་གྱུར།རྗེ་བདེ་ཁང་བས་མཛད་པའི་ཨ་ར་པ་ཙའི་མཆོད་རྟེན་གྱི་དཀར་ཆག་ལས།བསྙེན་སྒྲུབ་མཛད་སྐབས།བཞུགས་པའི་རྩ་སྤྱིལ་གྱི་ཕྱི་ནང་གི་ངོས་ཐམས་ཅད་ལྷག་པའི་ལྷའི་སྐུ་དང་ཨ་ར་པ་ཙ་དང་རལ་གྲིས་བར་མཚམས་མེད་པར་གཏམས་པའི་གཟིགས་སྣང་ཡབ་སྲས་གཉིས་ཀ་ལ་བྱུང་།ཞེས་གསུངས་འདུག །དགུང་ལོ་བདུན་གྱི་སྐབས་ཤིག་ནས་ཕྱག་རྡོར་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཅན་ཞིག་ཡུན་རིང་བའི་བར་དུ་ནུབ་རེ་བཞིན་མནལ་ལམ་དུ་གསལ་ལམ་མེར་འཆར་བ་དང་།ཁྱད་པར་ཇོ་བོ་རྗེ་མནལ་ལམ་དུ་རྒྱུན་པར་མཇལ་བ་ཞིག་བྱུང་།ཕྱིས་དབུས་སུ་ཕེབས་དུས་སྐུ་འདྲ་གཟིགས་པ་ན་རྣམ་པ་ཇི་ལྟ་བར་འདུག་ཅེས་གསུངས།དགུང་ལོ་བདུན་པའི་ཚེ། ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོས་མཁན་པོ་དང་། ཏཱ་དབོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།དེ་ལྟར་ན་རྗེ་རབ་བྱུང་མཛད་པའི་ཆུ་ཡོས་ལོ་དེ་ནས་ད་ལྟ་རབ་རྒྱལ་མེ་བྱ་ཡན་ལ་ལོ་ལྔ་བརྒྱ་དང་གོ་བཞི་འདས་པའང་ཤེས་པར་བྱའོ། །འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་གནང་།རྒྱུད་སྡེ་བཞིའི་རྒྱུད་རྒྱ་གཞུང་དཀྱིལ་ཆོག་མན་ངག་ཆོས་སྐོར་སོགས་མང་དུ་སྩལ། ཁྱད་པར་དུ་བར་ཆད་སྲུང་བའི་ལྷ་འཁོར་ཆེན། ཤེས་རབ་ཀྱི་ལྷ་ཨ་ར་པ་ཙ་ན། ཚེ་ཡི་ལྷ་ཚེ་དཔག་མེད་ཛེ་ཏ་རི། མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་སྲས།མི་དང་མི་མིན་གྱི་གནོད་པ་སེལ་བའི་ལྷ་མགོན་པོ་ཕྱག་དྲུག་པ་རྣམས་ཆོས་རྗེ་རང་གི་ལྷག་པའི་ལྷ་ཡིན།དེ་རྣམས་ཁྱོད་ལ་སྟེར་བ་ཡིན་པས་བསྙེན་སྒྲུབ་དང་གཏོར་མ་མ་ཆག་པ་གྱིས་གསུང་།སྐབས་འདིར་རྒྱུད་ནེ་དང་རྩ་བ་ཚང་གི་གདན་རབས་སུ།ཉིན་གཅིག་བྱིས་པའི་རྩེད་མོའི་རྣམ་པས་གོར་འཚེད་ཅིག་ལ་རྩེད་མོ་གནང་བས་ཁོའི་ལས་ལ་བར་བཅད་པས་ཁྲོས་ཏེ་གོར་ཐུག་གྱིས་བརྡེགས་པས་ཞལ་ལ་རྨ་ཞིག་བཏོད།རྡེག་མཁན་དེ་མ་འགྱངས་པར་ཁྲག་སྐྱུགས་ཏེ་ཤི །དེའི་རྐྱེན་གྱིས་རྗེ་དོན་རིན་པ་ཐུགས་ཁྲོས་པའི་ཚུལ་གྱིས་འགྲམ་ལྕག་བཏང་ནས་སྒོར་ཕུད།རེ་ཞིག་ན་ཉེ་གནས་ལ་ཁྱོད་སོང་ལ་གཞོན་ནུས་ཅི་བྱེད་ལྐོག་ཏུ་ལྟོས་གསུངས་པས།རྒྱབ་རིའི་རྩེར་དང་པོར་ཞལ་ས་ལ་གླན་ནས་བཤུན།དེ་ནས་ཕྱག་གིས་ས་ལ་འབྲད་ཀྱིན་བཞུགས།མཐར་རྡོ་བ་མང་བོ་སྤུངས་ཏེ་གྲལ་བསྒྲིགས་པའི་ཚུལ་བྱས།དེ་དག་ལ་ཕྱག་དབང་འཇོག་པའི་རྣམ་པ་དང་། དབང་སྐུར་བ་དང་ཆོས་འཆད་པའི་རྣམ་འགྱུར་མཛད་པ་མཐོང་བས་བླ་མ་ལ་ཞུས་པའི་ཚེ་ཤིན་ཏུ་དགྱེས་ཤིང་རྟེན་འབྲེལ་ལེགས་པར་དགོངས།ཞེས་བྲིས་སྣང་།དེ་ནས་རྗེ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་མཐུན་རྐྱེན་གྱ་ནོམ་པ་དང་བཅས་དབུས་གཙང་དུ་ཕེབས་པའི་སྐུལ་མ་དང་རྫོངས་པ་མཛད།ཕེབས་ཁར་བླ་མའི་ཞལ་ནས།ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན།ཅི་འདྲ་ཞིག་འདོད་ཅེས་པ་ལ༑སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས།འབྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ་དང་པོར་ཐོས་བསམ་འདི་ལ་གྱིས།དེ་ནས་འདི་ལ་གྱིས་ཞེས་སོགས་ཀྱི་རིམ་པ་དང་།དེ་ནས་དེ་དག་གི་དོན་ཉམས་སུ་བཞེས་ཚུལ།དེའི་རྗེས་སུ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དགོས་ཚུལ་རྣམས་ཚིགས་བཅད་ཀྱི་སྒོ་ནས་འདོམས་པར་མཛད་ལ།དེ་ཟིན་བྲིས་སུ་མཛད་པ་དུས་ཕྱིས་དབུས་སུ་ཕེབས་ཙ་ན་བོར་བས་ཚིག་རིས་ཕལ་ཆེ་བ་བསྙེལ་ནའང་།དོན་ཐམས་ཅད་ཐུགས་ལ་མངའ་བས་ཕྱིས་ཐོས་བསམ་སོགས་མཛད་པའི་རིམ་པ་ཐམས་ཅད་དེ་དང་མཐུན་པ་བྱུང་འདུག་ཅེས་སྲས་ཀྱི་ཐུ་བོ་རྣམས་ལ་དངོས་སུ་གསུངས་ཤིང་།བསླབ་བྱའི་ཚིགས་བཅད་དེ་ལས་ཐོ་རེ་བ་ཐུགས་ལ་བཞུགས་པ་ནི།འདི་ལྟར།གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་བག་ཆགས་ཡོད་པར་ངེས། །ཞེས་དང་།ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན།།ཐོག་མར་བསླབ་ཅིང་ནན་ཏན་བྱ།།དེ་ལ་མཁས་པར་གྱུར་བ་ན༑།ལུང་ཆོས་ཀུན་ལ་འཕྲིགས་ཚུད་འགྱུར།དེ་ཡང་སེམས་ཀྱི་ཟུར་ལ་ཞོག།དེ་ནས་བྱང་ཆུབ་སེམས་དཔའ་ཡི།ལམ་དང་སྤྱོད་པའི་རྣམ་གཞག་དག །སྟོན་པར་བྱེད་པའི་མདོ་སྡེའི་རྒྱན། །མཁས་པའི་ཡན་ལག་དག་ཏུ་བསླབ།།འཁོར་བ་མྱ་ངན་འདས་པ་ཡི།།རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། །ཐོག་མ་མཐའ་མ་རྣམ་སྤངས་པའི། །དབུ་མའི་ལམ་ནི་སྟོན་པས་ན། །དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་པོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ༑ །བྱམས་ཆོས་ལྔ་པོ་དེ་དག་ལ།།མཁས་པར་བྱེད་པའི་གོ་ཆ་གྱིས།།རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་།།འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུད་པའི་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན༑།སངས་རྒྱས་བསྟན་པ་གསལ་བྱེད་པ།།ཉི་མ་ཟླ་བ་ལྟ་བུར་གྲགས།།འདི་ཡི་འོག་ཏུ་དེ་རྣམས་སློབས།།ཞེས་དང་།དེ་ནས་འགའ་ཞིག་བསྙེལ་འདུག་གསུངས།།ཡང་།བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། །གལ་ཏེ་མོས་པ་ཡོད་གྱུར་ན།།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།།དབུ་མ་རིགས་པའི་ཚོགས་རྣམས་དང་།།དེ་ཡི་རྗེས་འབྲང་།ཞེས་སོགས་ཡོད་དེ་ལྷག་མ་རྣམས་བསྙེལ་འདུག་གསུངས།དེ་ལྟ་བུའི་ཞལ་གདམས་བསླབ་བྱ་དང་། མཐུན་རྐྱེན་གནང་སྦྱིན་སོགས་ཚད་མེད་པ་སྩལ། གཞན་ཡང་ཕེབས་རྫོངས་ཀྱི་ཆེད་དུ་ཚོགས་ཀྱི་འཁོར་ལོ་བཤམས།མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ།མཎྜལ་གྱི་སྟེང་དུ་ནས་སྤར་གང་བཏབ་སྟེ་ཕུལ་བས་ནས་ལ་རིན་པོ་ཆེ་འབར་བ་ཞིག་གི་རྣམ་པ་བཏོད་པས་བླ་མ་ཤིན་ཏུ་དགྱེས་ཏེ་བསྟན་པའི་བདག་པོར་འོང་བར་འདུག་ཅེས་ལུང་བསྟན།ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་དབུས་གཙང་དུ་ཕྱག་བཏེགས།དེ་དུས་བླ་མའི་སྐུ་དྲུང་ནས་ཞབས་ཐང་གིས་ལམ་དུ་ཞུགས་མ་ཐག་རྒྱུན་དུ་ཞལ་འདོན་ལ་གོམས་པའི་སྟོབས་ཀྱིས།འཇམ་དཔལ་མཚན་བརྗོད་གསུང་བཞིན་པར་བྱོན་པ་ལས་གློ་བུར་དུ་བླ་མ་དྲན་ཏེ་སྤྱན་ཆབ་བསིལ་བཞིན་དུ་བླ་མའི་ཕྱོགས་སུ་གཟིགས་པ་ན། ཚིག་མཚམས།ཕྱིར་མི་ལྡོག་པ་ཕྱིར་མི་འོང་།ཞེས་པ་དང་འགྲིགས་བྱུང་བས་སླར་ཕ་ཡུལ་དུ་མི་ལྡོག་པའི་རྟེན་འབྲེལ་དུ་མངོན་ཞེས་དུས་ཕྱིས་བཀའ་སྩལ་བར་སྣང་།ཞེས་འབྲུག་རྒྱལ་དབང་ཆོས་རྗེས་གསུངས།ཡོངས་སུ་གྲགས་པའི་གསུང་རྒྱུན་ལ།རྗེ་དོན་གྲུབ་རིན་ཆེན་གྱིས་ལམ་ཡ་གི་ནས་ཕ་རྒན་ང་ལ་ལན་གསུམ་གྱི་བར་དུ་ལྟོས་གསུངས་པ་རྗེས་ཐུགས་ཀྱིས་བསྙེལ་ནས་ད་ལྟའི་བྱང་ཕྱོགས་མཆོད་རྟེན་གསེར་མགོའི་གདོང་ཟེར་བ་འདིའི་ཕག་ཏུ་ཐལ་བ་ན།ཆོས་རྗེ་ཅུང་མ་རངས་པའི་ཚུལ་གྱིས།བུ་གཞོན་ནུ་གཅེས་པར་བསྐྱངས་ཀྱང་མཐར་བུས་ཕ་རྒན་འདོར་རམ་གསུངས་ནས་རྗེ་ཐམས་ཅད་མཁྱེན་པའི་བཞུགས་ཁང་གི་རྩའི་སྤྱིལ་བུ་བྲག་གཡང་དུ་བསྐྱུར་བ་ས་ལ་མ་ལྷུང་བར་འཇའ་གུར་གྱིས་བར་སྣང་དུ་ཡུན་རིང་བཟུང་བ་ཕྱིས་སྤྱན་དྲངས་ཏེ་ནང་རྟེན་བྱས་པའི་མཆོད་རྟེན་བརྩིགས་ཤིང་ཕྱིས་སུ་གཙུག་ལག་ཁང་བཞེངས་པ་ལ་ཨ་ར་པ་ཙའི་ལྷ་ཁང་ངམ་འཇམ་དབྱངས་སྒྲུང་ཁང་ཞེས་པ་འདི་ཡིན་པར་གྲགས།དེ་ཡང་རྗེ་བདེ་ཁང་བའི་དཀར་ཆག་ལས།མཚན་མ་དེའི་རྗེས་མཐུན་ཕྱི་རོལ་གྱི་ཉེ་འདབས་ནུབ་དང་བྱང་གི་སྐོར་ལམ་གྱི་རྒྱུན་གང་ཡོད་སར་ཁ་དོག་སྣ་ལྔའི་འཇའ་དཀྱིལ་སྒོར་མོ་མུ་ཏིག་གི་ཕྲེང་བ་བསྒྲིགས་པ་ལྟར་དེང་སང་གི་བར་དུ་མཆོག་དམན་ཀུན་ལ་བསྙོན་མེད་དུ་སྣང་བ་ཡིན།དེ་ཡང་མི་ཅི་ཙམ་ཚོགས་ཀྱང་རང་གི་མཐོང་བ་གཞན་གྱིས་མི་མཐོང་། གཞན་གྱིས་མཐོང་བ་རང་གིས་མི་མཐོང་བ་སོགས་སོ་སོར་སྣང་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པ་ཡིན་ནོ་ཞེས་གསུངས་ཏེ། ད་ལྟའི་དུས་སུ་ཡང་སྤྱིལ་བུ་འཕངས་པའི་གནས་དེར་འཇའ་གུར་ཟླུམ་པོ་ཤར་པ་དངོས་སུ་མཐོང་མཁན་མང་།ཕེབས་ལམ་གྱི་ཞབས་ཕྱི་ནི་འབྲི་གུང་ཐེལ་བའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གཙོས་སྐུའི་ཞང་པོ་གཉིས་དང་མདོ་སྨད་པའི་འགྲུལ་བ་མང་བོ་བཅས་སྟབས་གཅིག་ཏུ་བྱོན།ལྷོ་ཁམས་བརྒྱུད་ནས་རྔམ་ཆུ་དང་རྫ་ཆུ་འཛོམས་པའི་མདོ།ད་ལྟ་ཆབ་མདོའི་དགོན་ཆེན་ཆགས་པའི་སར་ཞག་གཅིག་བཞུགས།དེར་གནས་བརྟན་བཅུ་དྲུག་དང་མགོན་པོའི་ཞལ་གཟིགས་བྱུང་།ཕྱིས་སུ་གནས་དེར་རྗེའི་དངོས་སློབ་མདོ་སྨད་པ་བྱང་སེམས་ཤེས་རབ་བཟང་བོས་ཆབ་མདོ་ཆོས་འཁོར་བྱམས་པ་གླིང་བཏབ་པས་ཆོས་སྡེ་ཆོས་པོ་བྱུང་།རིམ་གྱིས་བྱོན་ནས་དགུང་ལོ་བཅུ་བདུན་པའི་སྟོན་གྱི་དུས་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས།དེར་འབྲི་གུང་སྤྱན་སྔ་རིན་པོ་ཆེ་ལས་ཐེག་ཆེན་སེམས་བསྐྱེད།ཕྱག་ཆེན་ལྔ་ལྡན།རྡོ་རྗེ་ཕྲེང་བ།ནཱ་རོ་ཆོས་དྲུག་སོགས་ཟབ་ཆོས་དུ་མ་གསན། དེ་ནས་གྲོགས་འགའི་རྐྱེན་གྱིས་སྐྱིད་ཤོད་གུང་ཐང་དུ་ཚལ་བའི་སྨན་པ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་གསོ་རིག་ལ་མཁས་པར་སྦྱངས།དེ་ནས་ཧ་ཅང་ཡུན་མི་རིང་བར་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་བྱོན།སྙེ་ཐང་བཀྲ་ཤིས་སེང་གེ་དང་།གདན་ས་བ་དགེ་སྐོང་གཉིས་ལ་ཆོས་འབྲེལ་གསན།ཀློག་པའི་སློབ་དཔོན་གཙོ་བོ་ཡོན་ཏན་རྒྱ་མཚོ་དང་།ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨུ་རྒྱན་པ་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་མཛད་པའི་དབུ་ཚུགས།རྗེའི་རྣམ་ཐར་འགའ་ཞིག་ཏུ་དགུང་ལོ་བཅུ་དྲུག་སྟེང་དབུས་སུ་ཕེབས་པར་བྱས་པ་དང་།འགའ་ཞིག་ཏུ་དགུང་ལོ་བཅུ་བདུན་སྟེང་ཕེབས་ཞེས་པ་ནི་མི་འགལ་ཏེ། བཅུ་བདུན་གྱི་སྟོན་ཀར་འབྲི་གུང་དུ་ཕེབས་པས་ན་བྱ་ཁྱུང་ནས་ཆིབས་བཏེགས་པའི་ལོ་དང་དབུས་གཙང་དུ་ཐོན་པའི་ལོ་གཉིས་ལ་སྔ་ཕྱིའི་ཁྱད་བྱུང་བ་ཡིན་ནོ། །དེ་ལྟར་ན་རྗེ་བདག་ཉིད་ཆེན་པོ་སྐུ་བྱིས་པའི་དུས་ནས་ཆོས་རྗེ་ཉིད་ཀྱི་སྐུ་དྲུང་དུ་བླངས་ཏེ་སྐྱེད་བསྲིངས་པ་དང་།ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་པ་དང་།རབ་ཏུ་བྱུང་བ་དང་།རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པ་དང་།དབུས་གཙང་དུ་རྫོངས་སྟ་མཛད་པ་སོགས་ཆོས་སྲིད་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མར་གྱུར་ཅིང་། ཁྱད་པར་དུ་ཐོས་བསམ་འདི་དང་འདི་ལ་གྱིས།དེའི་རྗེས་སུ་འདི་ལ་གྱིས་སོགས་ཐུགས་གཉེར་གནང་ཚུལ་གྱི་ཞལ་ཏ་གནང་བར་བརྟེན་རྗེ་རང་གི་རྟོགས་པ་བརྗོད་པ་ལས།དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་དང་མཐུན་པར་རྒྱལ་བའི་གཞུང་ལུགས་ཐམས་ཅད་གདམས་ངག་གི་མཆོག་ཏུ་གཟིགས་ནས་ཐོས་བསམ་སྒོམ་པས་གཏན་ལ་ཕབ་སྟེ་བསྟན་པ་ཡོངས་སུ་རྫོགས་པ་གྲུ་བཞི་ལམ་མེར་བཤད་པ་དང་སྒྲུབ་པས་གསལ་བར་མཛད་པ་འདི་ནི་ཡབ་སྲས་གཉིས་ཀྱི་རྣམ་པར་ཐར་བ་རྨད་དུ་བྱུང་བའོ།།དེའི་ཕྱིར་ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུ་ཡང་།དོན་ཟབ་རྒྱས་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད།།ཅེས་དང་།སྔགས་རིམ་ཆེན་མོའི་མཛད་བྱང་དུ།ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ།དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད།ཅེས་དང་།རྟག་ངུའི་རྟོགས་བརྗོད་དུ།མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུན་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་།ཞེས་བསྔགས་བརྗོད་གཞན་ལས་ཅི་ཆེ་དང་།གོང་ནས་བཤད་པ་ལྟར་ལྷག་པའི་ལྷ་རྣམས་ཀྱི་བསྙེན་སྒྲུབ་དང་གཏོར་མ་མ་ཆག་གྱིས་གསུངས་པ་ལྟར།དང་པོ་ལོ་གཅིག་ཙམ་ལ་དེ་ལྟར་མཛད་ཀྱང་།དབུས་སུ་ཕེབས་པའི་ལམ་བར་དང་།བདེ་བ་ཅན་དང་ཚལ་དུ་སློབ་གཉེར་གནང་སྐབས་སོགས་སུ་སྐབས་འགར་ཆགས་པས།དང་པོ་མཚན་ཉིད་ལ་ཞུགས་འཕྲལ་ལོངས་སྤྱོད་ཀྱིས་དབུལ་བ་དང་། སྐབས་འགའ་ཞིག་ཏུ་འཚེ་བ་དང་སྙུན་མང་བ་འདི་རྣམས་བླ་མའི་བཀའ་བཞིན་ཏུ་རྔོ་མ་ཐོགས་པའི་རྟེན་འབྲེལ་དུ་འདུག་ཅེས་གསུངས་ཤིང་།དེ་ཕྱིན་ཆད་ཕྱག་རྡོར་འཁོར་ཆེན་གྱི་བདག་འཇུག་བསྙེན་སྒྲུབ་མ་ཆགས་པར་མཛད་པས་མཚོན་བླ་མ་དེ་ཉིད་གསུང་ལ་ཞེ་རྩིས་ཆེ་བ་དང་།དུས་ཕྱིསཀྱང་བླ་མ་དེའི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་འབྱིན་པ་དང་།མྱ་ངན་ལས་འདས་ནས་ཟླ་མཆོད་མ་ཆག་པར་གནང་བ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་གཅིག་ཏུ་མཛད་དོ། །ཆོས་རྗེ་དོན་རིན་པས་སྐུ་ཚེ་སྨད་དུ་ཡང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་ལས།ད་ལྟའི་ལྷ་ཁང་ཆེན་མོ་ཞེས་གྲགས་པ་འདི་དུས་ནམ་བཞེངས་པའི་ལོ་ཚིགས་གསལ་བོར་བཤད་པ་མི་སྣང་ཡང་།ཇུ་ནང་བའི་གདན་རབས་སུ་རབ་ཡིད་ལ་ཡོས་ལོའི་བར་དུ་ལོ་བཞི་བརྒྱ་ལྔ་བཅུ་ལྷག་སོང་ཞེས་བཤད་པ་ལྟར་ན་རྗེ་ཙོང་ཁ་བ་དབུས་གཙང་དུ་མ་ཕེབས་པའི་གོང་རོལ་ཞིག་ཏུ་བཞེངས་པར་འགྱུར་དགོས་ཤིང་། གང་ལྟར་བྱིན་རླབས་དང་རབ་གནས་དངོས་ཀྱིས་མཛད་པར་གྲགས།སློབ་མ་ཡང་མང་དུ་འདུས་པ་ལས། རེབ་གོང་གི་རོང་བོའི་གཞི་འཛིན་ལྷ་རྗེ་བྲག་སྣ་བའི་སྲས་རོང་ཆེན་མདོ་སྡེ་འབུམ་ལ་སྲས་དགུ་འཁྲུངས་པ་ལས།རོང་བོའི་གཞི་འདིང་མཁན་གཅེན་པོ་རོང་བོ་བསམ་གཏན་རིན་ཆེན་ཡང་ཆོས་རྗེ་འདི་ཉིད་ཀྱི་དྲུང་ནས་བསྙེན་རྫོགས་ཞུས་པ་ཡིན། རྒྱུད་ནེའི་གདན་རབས་སུ་བསམ་གྲུབ་རིན་ཆེན་ཞེས་པ་ཡིག་ནོར་དུ་མངོན།རྗེ་བྱ་ཚང་བའི་གདན་རབས་སུ་རྗེ་དོན་རིན་པས་བསམ་གཏན་རིན་ཆེན་ལ་ས་རྡོ་རྗེ་འདྲ་བའི་རྐེད་པར་གནས་གཞི་འཛིན་པའི་ལུང་བསྟན་གནང་བར་བཤད་པ་ནི་ལོ་རྒྱུས་མ་དག་སྟེ།དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ལྷ་རྗེ་བྲག་སྣ་བ་ལ་གནང་བའི་ལུང་བསྟན་དུ་ཡོངས་ལ་གྲགས་ཤིང་ཁུངས་དང་བཅས་སོ།།གཞན་ཡང་མངོན་མཁྱེན་ཐོགས་པ་མེད་པའི་བརྡར།དཔེར་མཚོན་ན།རྗེ་བདག་ཉིད་ཆེན་པོ་སྐུ་དྲུང་ན་བཞུགས་སྐབས་ཤིག །ཆོས་རྗེ་རིན་པོ་ཆེ་ནས་སྣར་ཐང་དང་བདེ་བ་ཅན་དུ་ཇ་སྐོལ་དང་འབུལ་བ་མང་དུ་བསྐུར་བར་མཛད་ནས་སྟོན་དུས་ཤིག་ལ་དེ་རིང་ཚེས་གྲངས་དང་དུས་ངེས་པར་ཡིད་ལ་ཟུངས་ཤིག །སྣར་ཐང་ན་རང་རེའི་མང་སྐོལ་དང་འབུལ་བ་བྱེད་ཀྱིན་འདུག་གསུངས་པ་ལྟར།རྗེ་རིན་པོ་ཆེས་དུས་ཚིགས་ཐུགས་ལ་བཞག་ནས་རྗེས་སུ་འབུལ་སྐྱེལ་བ་རྣམས་མར་སླེབས་དུས་བཀའ་འདྲི་གནང་བར་ཇ་སྐོལ་བྱས་པའི་ཉི་མ་དེ་ག་རང་དུ་འདུག་གསུངས་པ་དང་།ཡང་།ཡབ་ཆོས་སྡིངས་སུ་ཆོས་རྗེ་དོན་རིན་པའི་བླ་མ་རྟོགས་ལྡན་པ་སྐུ་གཤེགས་ནས་བྱང་སེམས་པ་གདན་སར་བསྐོས་པ་ལས།བྱང་སེམས་པས་ཆོས་རྗེ་རིན་པོ་ཆེར་གསུང་ཡིག་འབུལ་སྐྱེལ་དང་བཅས་པ་མདོ་སྨད་དུ་བསྐུར་བའི་ལན་རྣམས་ཡར་ལ་འབུལ་དུས་གུ་རུ་དཀོན་གཞོན་པ་ལ་གནང་བར། དྲུང་འཁོད་རྣམས་ཀྱིས་སྔ་སོར་རང་རེ་ལ་སྐུར་མཁན་བྱང་སེམས་ཡིན་པས་དེ་ལ་གནང་བ་འགབ་ཚུལ་ཞུས་ཀྱང་འདི་གས་འོང་གསུངས་པ་བཞིན།ལན་འབུལ་བ་རྣམས་དབུས་སུ་སླེབས་སྐབས་བྱང་སེམས་པའང་སྐུ་གཤེགས་ནས་གདན་སར་གུ་རུ་དཀོན་གཞོན་པ་བསྐོས་ཚར་བ་སོགས་ངོ་མཚར་བའི་ལོ་རྒྱུས་མང་།དེའི་ཕྱིར་རྗེ་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཆོས་འབྱུང་ལས་ཀྱང་། སྤྱན་རས་གཟིགས་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཞལ་གཟིགས།མངོན་ཤེས་ཐོགས་མེད་དུ་མངའ་ཞིང་གྲུབ་རྟགས་མང་དུ་བསྟན།ཅེས་གསུངས་སོ།།གསུང་རྩོམ་ཅི་ཡོད་ལོ་རྒྱུས་གོང་མ་རྣམས་སུ་མི་གསལ་མོད།རྩ་བ་ཚང་གི་གདན་རབས་སུ། གསུང་གི་མཛད་པའི་མཆོག་རྒྱུད་བླ་མའི་ཊཱིཀྐ་ཞིག་ཀྱང་མཛད།ཅེས་འབྱུང་བ་ལྟར་མགོ་མཇུག་ནས་ཅུང་མ་ཚང་བ་སྟག་དཀར་བློ་བཟང་ཆོས་དབྱིངས་ཀྱིས་ཁ་བསབས་པ་ཕྱིས་སུ་བྱ་ཁྱུང་དུ་པར་དུ་བཀོད་ནས་ཀུན་གྱིས་མཇལ་དུ་ཡོད་པ་འདི་ཡིན་པར་གྲགས།རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་དུ།བླ་བྲང་རྗེ་ཤེས་རབ་རྒྱ་མཚོ་ལ་ཕྱག་དཔེ་དཀོན་པ་འགའ་བྲིས་ཏེ་ཕུལ་བའི་གྲས་སུ་རྒྱུད་བླའི་འགྲེལ་བ་འདི་ཡང་བགྲངས་འདུག་པ་དང་།བྱ་ཁྱུང་ནས་དཔར་དུ་འགོད་སྐབས་ཀྱི་མ་ཕྱི་ཡང་རྗེ་ཐར་ཤུལ་རིན་པོ་ཆེའི་ཕྱག་དཔེ་ལས་གདན་དྲངས་པར་གྲགས།འགྲེལ་བ་དེར་བཀའི་དགོངས་འགྲེལ་ཇི་ལྟར་བྱུང་ཚུལ་བཤད་སྐབས།བཀའ་སོ་སོའི་འགྲེལ་བ་ཇི་ལྟར་བྱུང་ཚུལ་ནི་ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་སུ་ཅུང་ཟད་བརྗོད་ཟིན་པས་དེར་བལྟ་བར་བྱའོ། །ཞེས་འབྱུང་བ་ལྟར་ན་བཀའ་རྩོམ་གྱི་རིགས་གཞན་ཡང་ཡོད་པར་མངོན་པས་དེང་སང་མཇལ་རྒྱུ་མེད་པ་ནི་ཤིན་ཏུ་ཕངས་པའི་གནས་སོ། །དེ་ནས་འབྲས་ཀླུ་འབུམ་པས་བཤད་པ་ལྟར་རབ་བྱུང་དྲུག་པའི་ཤིང་མོ་གླང་གི་ལོ་ཆོས་རྗེ་ཉིད་དགུང་ལོ་དོན་བདུན་བཞེས་ཐོག།སྐུ་མྱ་ངན་ལས་འདའ་བར་ཉེ་བ་ན་ལྷའི་སིལ་སྙན་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་།འདི་ནས་བྱང་ཕྱོགས་རྔ་སྒྲ་སྒྲོགས་པའི་ཞིང་དུ་འབྱོན་ནོ་ཞེས་པའི་སྒྲ་ནམ་མཁའ་ལས་མངོན་སུམ་དུ་བྱུང་།མྱ་ངན་ལས་འདས་པའི་ཚེ་འཇའ་ཚོན་ཁ་དོག་སྣ་ལྔ་བ་དགོན་པའི་ཕྱོགས་ཀུན་ཏུ་བཀྲམ་པ་བཞིན་ཤར།མེ་ཏོག་གི་ཆར་བབས།ལྷའི་སིལ་སྙན་གྱི་སྒྲ་བྱུང་། དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ཁྱབ་པ་མཐུན་སྣང་དུ་གྲུབ།རྗེ་བྱ་ཚང་བས་འབྲས་ཀླུ་འབུམ་པའི་གདན་རབས་འདི་མ་གཟིགས་པའམ་གཟིགས་ཀྱང་ཞལ་གྱིས་མི་འཆེ་བའམ།གང་ལྟར་མྱ་ངན་ལས་འདས་པའི་ལོ་ལ་ཁ་ཚོན་གཅོད་དཀའ་བར་བཤད་དོ། །སྐུ་གདུང་རིལ་བོ་མ་ཉམས་པ་དྲི་བཟང་པོའི་ཤིང་གི་སྒྲོམ་དུ་བཞུགས་སུ་གསོལ་ཏེ་འབུམ་པ་བཞེངས།ཕྱིས་སུ་ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་སོ་ཕག་གིས་སྒྲོན་ཅིང་གྲང་གསེར་ལྕིབས་བྱུགས་དང་།རྒྱལ་བ་བསོད་ནམས་རྒྱ་མཚོའི་བཀའ་ཁྱབ་ལྟར་ཟངས་ཀྱིས་བཏུམས་པ་སོགས་སྲི་ཞུ་རྒྱ་ཆེར་མཛད་པའི་ཚུལ་རྣམས་ནི་ད་དུང་འཆད་པར་འགྱུར་རོ།།རྗེ་བདེ་ཁང་བའི་གསུང་ལས།ལྷ་ཁང་འདིར་སྐབས་འགའ་ཞིག་ཏུ་མཆོད་ཡོན་གྱི་སྣོད་ངོས་ལ་དབྱངས་གསལ་དང་ཨ་ར་པ་ཙ།འཇམ་དབྱངས་དཀར་བོའི་གཟུངས།ཡ་མཱནྟ་ཀ་ༀ་དང་ཨ་ཨཱ་ལ་སོགས་པ་ཡི་གེ་རེ་རེ་སྣ་ཚོགས་པ།སྣོད་གཅིག་གི་ནང་ལ་མཆོད་རྟེན་མང་བོ་དང་། ལྗོན་ཤིང་དང་མེ་ཏོག་རལ་གྲིའི་ལོ་མ་ཡན་གར་བ་སེང་གེ་སོགས་ཀྱི་རྣམ་པ་གསལ་བོ་དང་།མཆོད་ཆབ་ལས་ཁང་བཟང་བརྩེགས་མ་རྒྱ་ཕིབས་དང་བཅས་པ་རི་མོ་མཁན་མཁས་པས་ཀྱང་འབྲི་དཀའ་བ་དེ་ལྟ་བུ་འབྱུང་ལ།ལྷ་ཁང་གཞན་དག་ལས་འདི་འདྲ་བ་མི་འབྱུང་ངོ་།།ཞེས་གསུངས་སོ༑ །ཁྱད་པར་དུ་ཆོ་འཕྲུལ་དུས་ཆེན་དང་།ས་གའི་དུས་ཆེན་སོགས་སུ་དགོན་པའི་གླིང་དང་གཙུག་ལག་ཁང་དུ་དྲི་བཟང་པོས་ཁྱབ་པའི་རྟགས་དང་བཅས་མཆོད་རྟེན་གྱི་བང་རིམ་དང་སེང་ཁྲིའི་ཐད་རྣམས་ལས་བདུད་རྩིའི་ཟིལ་བ་མུ་ཏིག་གི་ཚོམ་བུ་འགྲིལ་བའི་དཔེ་བཞིན་སྔོན་ནས་ད་ལྟའི་བར་དུ་ལོ་རེ་བཞིན་འབབ་པ་ནི་སྐྱེ་བོ་མཆོག་དམན་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་བ་སྟེ།སྤྱིར་རྟེན་ཁྱད་པར་དུ་འཕགས་པ་ལ་ལན་རེར་བདུད་རྩི་འབབ་པ་སྲིད་ཀྱང་།ལོ་རེ་བཞིན་ཆགས་མེད་དུ་དུས་ཚིགས་ངེས་ཅན་ལ་བདུད་རྩི་འབབ་པའི་རྟེན་ནི་གངས་ཅན་གྱི་ལྗོངས་སུ་འདི་གཅིག་པུར་ཟད་དོ་ཞེས་ཀྱང་སྨྲ་བར་རིགས་སོ།།དེ་ཡང་ཨ་རིག་དགེ་བཤེས་ཆེན་མོ།ཡབ་རྗེ་གསེར་ཁང་བ།ཐར་ཤུལ་རིན་པོ་ཆེ།དཔོན་ཨེ་སྐོ་ནོ་ཡོན།ཤར་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དྲུག་པ་སོགས་སྐྱེས་ཆེན་དམ་པ་རེ་ཕེབས་སྐབས་འཕྲལ་ལ་བདུད་རྩི་བབས་པའི་ལོ་རྒྱུས་ཀྱང་མང་དུ་ཡོད་དོ།།དེའི་ཕྱིར་རྒྱུད་ནེའི་གདན་རབས་སུ་དྲངས་པ་ལས།འཇམ་དབྱངས་ཆོས་རྗེའི་སྤྲུལ་སྐུ་ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས།མཆོད་སྡོང་འོད་དང་འོད་ཟེར་ཆེར་འབར་བ། །མིག་གིས་མི་བཟོད་དྲི་བཟང་ངད་པ་ཅན།།དེ་ཚེ་དཀར་ཟིལ་མུ་ཏིག་ཕྲེང་བ་བཞིན།།བང་རིམ་རྣམས་སུ་འགྲིལ་ཏེ་འབབ་གྱུར་བ༑།ཞེས་དང་།ལོག་རྟོག་མཁན་ཁ་ཅིག་གིས་སྐུར་བ་བཏབ་པ་དགེ་བའི་བཤེས་གཉེན་བློ་གྲོས་དར་རྒྱས་ཀྱིས་གསན་ནས།པཎ་ཆེན་བློ་བཟང་ཆོས་གྱི་རྒྱན་མཚན་ལ༑དེ་ལྟར་མཆིས་པ་དེ་ངེས་སམ་ཞེས་ཞུས་པས།པཎ་ཆེན་རིན་པོ་ཆེས།སྐུ་གདུང་ལ་བདུད་རྩི་འབབ་པར་མ་ཟད།རྗེའི་སྒྲུབ་ཁང་གི་རྟེན་ལ་ཡང་འབབ་ཀྱིན་ཡོད།དེ་དག་ངོ་མཚར་ཆེ།ཞེས་སོགས་ཀྱི་གསུང་རྒྱུན་བཀོད་འདུག་པ་དང་།ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ།སྐུ་གདུང་རིལ་བོ་གདུལ་བྱའི་དོན་དུ་ད་ལྟའི་བར་དུ་བཞུགས་ཤིང་།དུས་བཟང་ལ་སྐུ་གདུང་མཆོད་རྟེན་ལས་བདུད་རྩི་འབབ་པ་དང་།དྲི་བཟང་གིས་གླིང་ཁྱབ་པ་ནི་ད་ལྟའི་བར་དུ་དེ་ཕྱོགས་ཀྱི་སྐྱ་སེར་རྒན་གཞོན་ཐམས་ཅད་ལ་མཐུན་གྲུབ་ཡིན་ནོ།།ཞེས་དང་།རྒྱལ་མཆོག་བདུན་པའི་གསེར་གདུང་རྒྱ་ཕིབས་དཀར་ཆག་ལས།སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་བའི་འགྲོ་བ་མཐའ་ཡས་པ་ལ་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཀྱི་ཆར་བདེ་བླག་ཏུ་འབེབས་པའི་སླད་གཟུགས་སྐུ་རགས་པའི་ཟ་མ་ཏོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་བོ་ལྟ་བུར་བྱིན་གྱིས་བརླབས་པ་ལས།དུས་བཟང་གི་སྐབས་འགར་རོ་ཤིན་ཏུ་ཞིམ་པའི་བདུད་རྩིའི་རྒྱུན་བབས་པ་མང་པོར་མྱོང་རྒྱུ་ཡོང་བ་དང་།སྐབས་ལ་ལར་དྲི་ཤིན་ཏུ་བཟང་བོའི་ངད་པ་དགོན་པའི་གླིང་ཐམས་ཅད་ཁྱབ་པར་འཕྲོ་བའི་ངོ་མཚར་ད་ལྟ་ཡང་འབྱུང་བཞིན་པ་མཐུན་སྣང་དུ་གྲུབ།ཅེས་དང་།ཐུའུ་བཀྭན་ཆོས་ཀྱི་ཉི་མས་མདུང་ནག་ཀོ་ཀྱ་ཞབས་དྲུང་ལ་སྩལ་བའི་ཆབ་ཤོག་ཏུརྒྱལ་བ་གཉིས་པའི་ཡོངས་སུ་འཛིན་པ་མཆོག །དོན་གྲུབ་རིན་ཆེན་ཞེས་གྲགས་མ་འོངས་དུས།།རྔ་སྒྲ་སྒྲོགས་པའི་ཞིང་དུ་འཚལ་རྒྱ་བ།།དེ་ཡི་རིང་བསྲེལ་མཆོད་རྟེན་འཇལ་ལགས་སམ།།བྱིན་རླབས་ཕུང་བོ་སྤུངས་པའི་རྟེན་དེ་ལས།།བསྟན་པ་དར་ཞིང་འཇིག་རྟེན་བདེ་བ་ཡི། །དགེ་བའི་ལྟས་སུ་དུས་ཚེས་བཟང་པོ་ལ། །བདུད་རྩི་འབབ་པ་ལྗགས་ཀྱིས་མྱངས་ལགས་སམ། །ཞེས་དང་ཤར་ཀ་རིང་དཀའ་བཅུ་སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་མཛད་པའི་གསེར་གདུང་དཀར་ཆག་འཆི་མེད་ཕང་འགྲོའི་སྙན་འགྱུར་ལས།འགྲོ་གསུམ་སྐལ་ལྡན་ཤིང་རྟའི་སྟོང་ཕྲག་བུའི།།ལས་སྒྲིབ་སྦྱོང་བྱེད་བདུད་རྩི་གངྒཱའི་ཀླུང་།།ངོ་མཚར་གདུང་རྟེན་མ་དྲོས་མཚོ་ཆེན་ལས།།མངོན་སུམ་འབབ་འདི་མཆོག་གསུམ་རྒྱན་དུ་ཆེ། །འཆི་མེད་གཙོ་བོ་ཕྱོགས་ཀྱི་སྲུང་མ་དང་། །རྒྱལ་ཆེན་རྣམ་བཞི་དཀར་ཆོས་སྐྱོང་བའི་ལྷས། །ཡང་ཡང་མཐོ་རིས་མཆོད་པའི་རྣམ་གྲངས་བརྒྱས། །མཆོད་པའི་ལྟས་སུ་སྔར་མེད་བསུང་ཞིམ་འཐུལ། །མཁའ་ལས་མེ་ཏོག་ཨུ་དུམྦ་ར་དང་། །རྣམ་སད་མེ་ཏོག་ཆར་གྱི་སྤྲིན་གཡོས་པའི། །ཡ་མཚན་མཚོན་ཕྱིར་མཆོད་ཡོན་གཙང་ཆབ་ཏུ། །སྣ་ཚོགས་མེ་ཏོག་གཟུགས་ཀྱི་རི་མོ་བཀྲ།།མཐོ་རིས་ན་ཆུང་སྒེག་མོའི་གླུ་དབྱངས་དང་།།འདྲེས་པའི་རོལ་མོས་མཆོད་ཚེ་ཐུན་མོང་དུ། །སྣ་ཚོགས་རོལ་མོ་འཁྲོལ་བའི་སྙན་འགྱུར་གྱིས།།དད་ལྡན་ཀུན་ཡིད་དགའ་བའི་དགའ་སྟོན་འཆར། །མི་མངོན་དབྱིངས་ནས་འགྲོ་ལ་གཟུགས་ཀྱི་སྐུའི།།སྣང་བའིབཀའ་དྲིན་སྩོལ་བའི་གཏན་ཚིགས་སུ། །རྡོ་རྗེ་གསུམ་མཚོན་ཡི་གེའི་གཟུགས་རིས་མང་། །བཀྲ་ཤིས་རྟགས་བཟང་བརྒྱད་ཀྱི་སྣང་བརྙན་རྨད། །ཅེས་སོགས་མདོ་དབུས་རིས་སུ་མ་བཅས་པའི་རྩོད་མེད་མཁས་པའི་དབང་པོ་རྣམས་ནས་ལན་བརྒྱར་བསྔགས་སོ། །ཤར་ཀ་རིང་དཀའ་བཅུའི་སྐུ་ཕྲེང་གཉིས་པས་མཛད་པའི་གསེར་གདུང་དཀར་ཆག་ཚིགས་བཅད་ལྔ་བཅུ་རྩ་གཉིས་ཡོད་པ་འདི་གསེར་གདུང་ལྷ་ཁང་དུ་བཞུགས་ཏེ།སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡིན་ན་ཡང་། དེར་ཡོངས་གྲགས་ཀྱི་ལོ་རྒྱུས་དང་མི་མཐུན་པ་འདི་ལྟར་འབྱུང་སྟེ །རིང་ནས་བརྟན་པའི་འཁོར་ལོས་བཤེས་མཛད་ནས། །བསྟན་འགྲོའི་སྨན་ལྗོན་རྒྱས་པའི་མཛད་བཟང་སྤྲིན། །བདུད་རྩིའི་ཆར་ཆེན་མཁའ་ཁྱབ་གཡོ་བའི་མགོན། །དཔའ་ལྡན་དཔའ་པོ་རྡོ་རྗེ་ཕྱག་གི་ཡུལ།།ཞེས་དང་།བློ་བཟང་གྲགས་སྙན་འབར་བའི་ཐོག་མ་ཡི།།འདྲེན་པ་རྗེ་བཙུན་དཔའ་པོ་རྡོ་རྗེ་ནི། །མདོ་སྨད་སྨན་གྱི་ལྗོངས་འདིར་བསྟན་དང་འགྲོའི། །བསོད་ནམས་ཆུ་གཏེར་བསྲུབས་པའི་དཔལ་ལས་འཁྲུངས། །མགོན་དེའི་དཔག་དཀའི་ངོ་མཚར་རྣམ་པར་ཐར། །བདག་ལྟའི་ཅི་ཞིག་མདོ་ཙམ་སྨྲ་འདོད་བློ། །དད་པའི་བྱེད་པོས་བསྐུལ་ལ་ཀླན་ཀ་ཅི། །དེ་ཕྱིར་དད་ལྡན་རྣ་བ་བླགས་ཏེ་ཉོན། །ཤཱཀྱའི་རྒྱལ་བོས་བསྐལ་ཆེན་གསུམ་གྱི་བར། །དཔག་དཀའི་མཛད་ཚུལ་ཇི་བཞིན་མགོན་པོ་འདིའི། །གཞོན་ནུར་ཕྱུགས་མ་སྐྱོང་བའི་ཚུལ་མཛད་དུས། །ཟུར་ཕུད་ལྔ་བའི་མཛེས་ཞལ་ཡང་ཡང་གཟིགས། །དེ་ཡི་སྐུའི་དབྱིངས་ཁོང་བར་རང་བྱུང་དུ།།ཨ་ར་པ་ཙ་ན་ཡི་སྔགས་ཀྱི་སྒྲ།།འུར་འུར་དིར་དིར་འབྲུག་སྟོང་ལྡིར་འདྲའི་དབྱངས། །གྲགས་པས་ས་ཆེན་གཡོ་ཞིང་འདར་བ་བཞིན།།ཞེས་སོགས་དང་།སྦྱར་བྱང་དུ།རྗེ་བཙུན་འཇམ་དཔལ་དབྱངས་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་སྤྲུལ་ནས་བསྟན་དང་སྐལ་ལྡན་རྗེས་སུ་འཛིན་ཅིང་།ལྷག་པར་རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོ་སོགས་ངོ་མཚར་བའི་མཛད་པ་བླ་ན་མེད་པའི་གྲགས་སྙན་ཅན།རྗེ་བཙུན་དཔའ་པོ་རྡོ་རྗེའམ་འགྲོ་བའི་བླ་མ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན།ཞེས་བླ་མ་དབུ་མ་པ་དཔའ་པོ་རྡོ་རྗེ་དང་ཆོས་རྗེ་དོན་གྲུབ་རིན་ཆེན་གཉིས་མཚན་གྱི་རྣམ་གྲངས་སུ་བྱས་པ་དང་།བླ་མ་དབུ་མ་བའི་རྣམ་ཐར་ཐུན་མོང་མ་ཡིན་པ་གཞོན་དུས་ཕྱུགས་སྐྱོང་ཙ་ན་ཁོག་པ་ནས་ཨ་ར་པ་ཙའི་སྔགས་ཀྱི་སྒྲ་གྲགས་པ་དེ་ཉིད་ཆོས་རྗེ་དོན་རིན་པ་ལ་སྦྱར་བ་འདི་དག་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱི་གསུང་དང་མི་མཐུན་ཏེ།རྣམ་ཐར་དད་པའི་འཇུག་ངོགས་བཀླགས་པ་ཙམ་གྱིས་ཤེས་པར་འགྱུར་ཞིང་།ཚིག་གི་སྡེབ་ལེགས་པ་ཙམ་ལ་ཡིད་བརྟན་པར་མི་བྱ་བ་ནི་ཚུལ་འདིས་ཀྱང་གསལ་བར་བྱས་སོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ །ཙོང་ཁ་སྨན་ལྗོངས་མཐོ་རིས་དགའ་ཚལ་ན། །བྱ་རྒྱལ་ཁྱུང་ཆེན་ཐང་ལ་བབས་པ་ལྟའི། །ས་འཛིན་མཐོང་པོ་ནམ་མཁའི་མཐོངས་བསྙེགས་པ། །རི་དབང་བྱ་རྒོད་ཕུང་པོ་གཉིས་པ་དེར། །འཇམ་དཔལ་དུས་དགྲས་དངོས་སུ་རྗེས་བཟུང་བའི།།ཆོས་ཀྱི་བླ་མ་དོན་གྲུབ་རིན་པོ་ཆེས།།བཤད་སྒྲུབ་ཆོས་ཀྱི་འཁོར་ལོའི་རྒྱལ་སྲིད་ཀྱིས། །དབང་བསྒྱུར་ཞིང་དུ་བསྐལ་བའི་མཐའ་ལ་དཀྲིགས། །ཁྱད་པར་འཇམ་མགོན་བློ་བཟང་གྲགས་པའི་དཔལ། །གཞོན་ནུའི་དུས་སུ་ཀློག་སྤོང་ཆོས་ཀྱི་གྲྭར། །རོལ་བའི་ལྡིང་ཁང་བྲག་སྐྱིབས་གཞལ་མེད་ཁང་། །དེང་ཡང་སྐལ་བ་བཟང་པོའི་གཙུག་ན་འཁོར། །ཚུལ་འདི་དོན་དང་ལྡན་པའི་ངག་རིག་སྟེ ། །དྲི་ཟའི་རྒྱུན་མངས་དབྱངས་ཀྱིས་མཚོན་དུ་མེད། །ཐར་བར་བགྲོད་པའི་སྒྲ་འཛིན་བཅུད་ལེན་ཏེ། །ཚངས་ཆེན་མྱོས་པའི་གླུས་ཀྱང་མཚོན་མ་ཡིན། །དེ་ཕྱིར་བདག་བློའི་སྐྱོགས་ཀྱིས་ཉེར་བཅུས་པའི། །ལོ་རྒྱུས་འཛུམ་འོད་འཕྲོ་བའི་མུཀྟི་ཀ །རྗོད་བྱེད་ཚིག་གི་སྲད་བུར་བརྒྱུས་པ་འདི། །སྐལ་ལྡན་གཞོན་ནུའི་མགུལ་རྒྱན་མཆོག་ཏུ་འབུལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་སརྒ་དང་པོའོᨖ། །

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

 རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn
 


བརྒྱུད་འགོད།