བླ་བྲང་གདན་རབས་བཅུ་གཉིས་པ་རྗེ་ངག་དཔང་འཇམ་དབྱངས་བཀྲ་ཤིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-08-22 09:47:43     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

img_0185.jpg

གདན་རབས་བཅུ་གཉིས་པ་ནི་འཇམ་མགོན་ཁྲི་རིན་པོ་ཆེའིམཆོག་སྤྲུལ་ངག་དབང་འཇམ་དབྱངས་བཀྲ་ཤིས་པ་ལགས་ཏེ། མདོ་སྨད་རྒན་གྱའི་ཕྱོགས་སུ་རིགས་རུས་ཕུན་སུམ་ཚོགས་པར་རབ་བྱུང་བཅུ་གཉིས་པའི་ས་རྟ་ཟླ་བ་བཅུ་གཉིས་པའི་ཚེས་གནམ་གང་ངམ་ས་ལུག་ཟླ་བ་དང་པོའི་ཚེས་གཅིག་ལ་སྐུ་འཁྲུངས། གྲུབ་དབང་སྡེ་ཁྲི་རིན་པོ་ཆེས་འཇམ་མགོན་སྨྲ་བའི་དབང་ཕྱུག་དེ་ཉིད་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས་བཀྲ་ཤིས་འཁྱིལ་དུ་སྤྱན་དྲངས་ཏེ་ཐུགས་གཉེར་མཛད། མཚུངས་མེད་ཆོས་རྗེ་ངག་དབང་བསྟན་འཛིན་པའི་དྲུང་དུ་བསྙེན་པར་རྫོགས། སྐྱབས་མགོན་རྡོ་རྗེ་འཆང་གི་སྤྱན་སྔར་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་མགོན་པོའི་བཀའ་ཆེན་བཅུ་གསུམ་གསན་ཅིང་དགོན་ལི་རི་ཁྲོད་པ་མཁས་གྲུབ་རིན་ཆེན་དང་གསེར་ཁ་པ་བསོད་ནམས་རྒྱ་མཚོ་ཐར་མི་ཆི་བློ་བཟང་དོན་འགྲུབ་སོགས་ལས་ཉེར་མཁོ་མང་དུ་ཞུས། རྡོ་རྗེ་འཆང་དེ་ཉིད་གདན་སའི་ཁུར་འཇོག་པ་གནང་སྐབས་རྗེ་གོང་མའི་དུས་ལྟར་སྐུ་བེར་སོགས་ན་བཟའ་ཆ་ཚང་གནང་ནས་དགོན་པའི་འཛིན་སྐྱོང་གི་ཁུར་ཁྱེད་ལ་གཏད་པ་ཡིན་གསུངས་ཀྱང་། ནག་ཕྱོགས་བདུད་རིགས་ཀྱིས་བར་ཆད་བརྩམས་ཏེ་ཆེར་མ་འགྱངས་པར་ཁྲིའི་དགོངས་པ་ནན་ཞུས་ཀྱིས་བཀྲོལ་ཏེ་གཏེར་ལུང་ཡིད་དགའ་ཆོས་འཛིན་དུ་ཕེབས་ཏེ་ད་ལྟ་གནས་དེར་ཐུགས་དམ་གོང་འཕེལ་དུ་བཞུགས་སོ། 

                                                                           རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn......


བརྒྱུད་འགོད།