བླ་བྲང་གདན་རབས་བཅུ་བ་རྗེ་དོན་གྲུབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-04 10:21:28     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

img_2295.jpg

 གདན་རབས་བཅུ་བ་རྨད་བྱུང་ཡོན་ཏན་གྱི་གཏེར་མཛོད་གླིང་དོན་གྲུབ་རྒྱ་མཚོ་ནི་གླིང་རྗེ་གེ་སར་དང་རུས་གཅིག་པ་ཡིན་ཞེས་གླེང་བ་བདེན་རྫུན་ཁ་ཚོན་གཅོད་དཀའ་ན་ཡང་ཕྱོགས་གཞན་ཞིག་ནས་དཔའ་རྩལ་ཆེ་བའི་མི་ཁ་ཤས་རྔོན་པའི་ཚུལ་དུ་ཡུལ་མང་པོ་འགྲིམ་པ་ལས་མཐར་མེརྒན་དཱའི་ཆིང་གི་རུ་སྡེའི་ནང་དུ་འབྲོག་གཞི་བཟུང་བས་གླིང་མོད་ངུ་གྲགས་པའི་རུས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལ་འཁྲུངས།ཆུང་དུས་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།བློ་རྣོ་ན་ཡང་རྩལ་ཤིན་ཏུ་རྒོད་པས་རེ་ཞིག་གི་བར་དུ་རྩུབ་སྤྱོད་ཤས་ཆེ་ཡང་འཇམ་མགོན་ཁྲི་རིན་པོ་ཆེ་ནས་མི་དགྱེས་པའི་ཉམས་མེད་པར་དགེ་བསྐོས་ན་རིམ་ལ་གླིང་ཕྲུག་འདི་ལ་ཁྱེད་ཚོས་རྟིང་བསྐུལ་རེམ་རེམ་གྱིས་དང་རྗེས་སོར་ཕན་ཐོགས་ཅན་ཞིག་འོང་ཞེས་གསུངས་ཤིང་ཐུགས་འདོགས་མཛད།ཀུན་མཁྱེན་གོང་མའི་མགྲོན་གཉེར་སངས་རྒྱས་ཀྱིས་དོ་དམ་བྱས་ནས་དེའི་ཤག་ཏུ་བསྡད་ཀྱང་མགོ་སྐོར་སྣ་ཚོགས་བཏང་བས།མགྲོན་གཉེར་གྱིས་ཀུན་མཁྱེན་རིན་པོ་ཆེར་བདག་གི་ནང་ན་ཡོད་པའི་གླིང་ཕྲུག་འདི་ལ་གང་ཡང་མི་ཉན་པས་ཡུལ་དུ་འགྲོར་བཅུག་ན་ཅི་འདྲ་ལགས་ཞུས་པར།ཧ་ཧ་དེ་ལ་མི་ཉན་པ་དང་ཁྱོད་ལ་ཉན་ཚར་བ་ཨེ་རེད་གསུངས།ནན་གྱིས་ཞུས་པས།ཁ་རོག་སྡོད།ཕྲ་ཉག་ཅིག་ལ་ཕན་ཐོགས་པའི་སྐལ་བ་ཡོད་གསུངས་ཧ་ལྡོང་ཚིལ་གོར་དུ་གྲགས་པའི་ཇེས་སང་བླ་མ་ཚོན་པོ་མ་ཚོགས་ཆེན་ཞལ་ངོའི་སྐབས་ཚ་འཇུན་དྲག་པོ་བྱས་པའི་རྐྱེན་གྱིས་བསམ་བློ་ཞིབ་ཏུ་བཏང་བས་སྔར་གྱི་བྱེད་ཚུལ་ནོར་བར་མཐོང་ནས་ཚོགས་ཆོས་གྲྭ་ཚུལ་བཞིན་འགྲིམས་ཏེ་སློབ་གཉེར་ཧུར་ཐག་བྱེད་པ་དང་།ཞི་དུལ་གྱི་ཀུན་སྤྱོད་ལྷུན་གྲུབ་ཅིག་གློ་བུར་དུ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར།བཀའ་པོཏ་ལྔ་ལ་མཁས་པར་སྦྱངས་པས་དགེ་བཤེས་གྲགས་ལྡན་གྱི་གོ་འཕང་ཐོབ།ཁྲི་ཆེན་ཉིད་ནས་དགེ་བཤེས་རགས་བསྡུས་ལ་དབུ་མ་གནང་སྐབས་ལུང་རིགས་གཏེར་མཛོད་ཡོངས་རྫོགས་ཐུགས་འཛིན་མཛད།ཕྱིས་ཨུཪྒེ་གྲྭ་ཚང་དུ་བཞུགས་སྐབས་ཁོ་བོ་ལོ་དྲུག་པའི་ཐོག་ཞལ་མཇལ་བས་དགེ་བཤེས་དོན་འགྲུབ་མགོ་ཁྲ་ཚང་དང་ཐུགས་ནང་གཤིན་ལུགས་དང་བཅས་ཡོན་ཏན་བཟང་པོ་སློབ་དགོས་པའི་ཞལ་ཏ་དང་སྔོན་གྱི་དགེ་བཤེས་མང་པོའི་རྣམ་ཐར་གསུངས་ནས་ངེད་རང་དེ་ཙམ་གྱི་དགེ་བཤེས་ཡར་ཟད་ཀྱི་གྲས་མིན་ཀྱང་དབུ་མ་ལ་དགའ་སྙམ་པ་ཡོད་ཅེས་གསུངས་པ་ཡིད་ལ་དྲན།འཇིག་རྟེན་གྱི་མཁྱེན་རྒྱ་ཤིན་ཏུ་ཆེ་བས་མཆོད་ཡོན་ཉི་ཟླ་ཟུང་གི་ཆོས་སྲིད་ཟུང་འབྲེལ་གྱི་མདུན་མའི་སྐོར་ལ་སྐུ་དབང་ཆེ་བ་བྱུང་།འདི་ཀའི་ཚོགས་ཆེན་དགེ་བསྐོས་དང་བླ་མ་དབུ་མཛད་ཀྱི་གོ་ས་རིམ་པར་བརྒྱུད་པ་ལས་མེ་བྱིའི་ལོ་ཁྲི་ཐོག་པ་བློ་བཟང་དོན་གྲུབ་སྐུ་གཤེགས་སོང་བར་ས་སྐྱོང་དམ་པ་བཱེ་སི་བཱ་ཐུར་དཱའི་ཆིང་ནས་དབུས་སུ་འོས་ཐོ་ཁྱེར་ན་འཆད་ཉན་ལ་བར་སྟོང་འོང་བ་འདུག་པས་བབ་འོས་ཅན་ཞིག་བསྐོས་པས་འཐུས་གསུངས་ནས་བསྐོ་བཞག་མཛད་པ་ལྟར་ཚོགས་ཆེན་གྱི་ཁྲིར་འཁོད་དེ་འཆད་ཉན་གཏོང་སྒོ་སོགས་གང་ཅི་སྔར་སྲོལ་མ་ཉམས་པ་མཛད།འདི་སྐབས་བསེ་སྤྲུལ་བའི་སྐུ་དབུ་མའི་འཛིན་གྲྭར་ཕེབས་པ་ལ་སྔོན་གྱི་རྟེན་འབྲེལ་ལྟར་ལུང་རིགས་གཏེར་མཛོད་ཡོངས་རྫོགས་བརྩི་བཞག་ལ་གཏོང་བཞེད་མཛད་ན་ཡང་སྟོན་ཆོས་ཤིག་གི་སྐབས་ཚད་འགོག་ནས་འཕྲོ་ཅན་དུ་ལུས།ལོ་གཅིག་རིགས་གྲྭའི་གཏོར་ཆེན་གྱི་གཏོར་མ་ཞིག་སོང་བ་ལ་གཞན་གྱིས་རྣམ་རྟོག་གི་གཏམ་མང་པོ་ཞུས་པར་ཆོས་སྐྱོང་དགྱེས་པའི་མཚན་མ་དང་བར་ཆད་ཀྱི་མཚན་མ་གང་ཡིན་ཀྱང་བདེན་ཞེན་ལ་གསོས་བཏབ་པའི་དགོས་པ་མེད་ཅེས་གསུངས་ལ།དེ་ཀའི་གཏོར་རྒྱག་གི་ཚེ་ཐེའུ་རང་སྲི་ལ་བརྐུ་བ་བཟློག་ཅེས་པའི་སྐབས་གཏོར་རྡེབ་གནང་ཟེར་ཏེ་ཐུགས་དགོངས་ཟབ་པར་སྣང་།ཕུགས་སུ་ཐུགས་ཤིན་ཏུ་སྒམ་པས་དགོངས་པའིགཏིང་མི་ལོན་ཀྱང་།འཕྲལ་སྣང་ལ་དམན་ཆ་བཟུང་སྟེ་ཀུན་དང་མཐུན་ཞིང་འགྲོགས་མཁས་པ་ཞིག་ཡིན་པས་དགོན་པའི་གླིང་དུ་སྔ་ཕྱིར་ཟིང་ཆ་བྱུང་བའི་སྐབས་སོགས་སུ་ཕན་ཐོགས་བཟང་པོ་བྱུང་སྣང་སྟེ་རྗེ་འདིའི་རང་བཞིན་ནི་ཀུན་གཟིགས་ལྔ་བ་ཆེན་པོས།ལྷག་པར་དགའ་ཡང་འཛུམ་ཆེན་མི་བྱ་ཞིང་།།མ་མགུ་གྱུར་ཀྱང་བཞིན་གྱི་འགྱུར་ལྡོག་སྤངས།།གདེངས་ཚད་ཡིད་ལ་བཟུང་ནས་ངེས་མེད་གཏམ།།བརྗོད་པས་གཞན་དག་འཕྱང་མོའི་དྲ་བར་འཇུགཅེས་གསུངས་པ་ལྟར་མི་ཆོས་ལ་མཁས་པའི་ཚད་ཅིག་ཡིན་པར་གྲགས་ཆེ་སྟེ།བླ་བྲང་གི་ཨེལ་ཆིར་རོང་བོ་དགོན་དུ་ཕེབས་སྐབས་ཤིགརྒྱལ་མཁན་ཆེན་པས་སུན་འབྱིན་བྱེད་འདོད་ནས།ཁྱེད་རང་ཚོའི་བཀྲ་ཤིས་འཁྱིལ་ན་རྗེ་བཙུན་བྱམས་པ་སངས་རྒྱས་ཡིན་ཟེར་རམ།སེམས་ཅན་ཡིན་ཟེར་དྲིས་པས།འཐད་དུས་སངས་རྒྱས་དང་།མ་འཐད་དུས་སེམས་ཡུན་ཡིན་ཟེར་ཞེས་དེ་འདྲ་འགའ་ཞུས་པས་གླགས་མ་རྙེད་པ་སོགས་གླེང་།ས་ཡོས་ལོ་སྐྱབས་མགོན་རྡོ་རྗེ་འཆང་དབུས་ནས་ཕྱིར་ཕེབས་པར་བྱིན་རླབས་དང་རྟེན་འབྲེལ་གྱི་ཁྱད་ཀྱིས་གདན་སའི་ཁུར་བཞེས་དགོས་ཞེས་གསོལ་བ་ནན་གྱིས་བཏབ་པས་རྡོ་རྗེ་འཆང་ནས་ཀྱང་ཞལ་གྱིས་བཞེས་ཏེ་མཁས་མང་གདོང་ལྔའི་ཚོགས་ཀྱིས་རྣམ་པར་བཏེག་པའི་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨོ་མངོན་པར་བཀོད།སྐབས་དེ་དག་ཏུ་ཡང་རྡོ་རྗེ་འཆང་ཐུགས་བྲེལ་བའི་སྐབས་སོགས་སུ་ཚིག་བཞག་བཏང་ཞིང་གང་ཅིའི་ལ་རྒྱའི་སྐོར་ལ་ཐུགས་ཁུར་ཆེ་བཞེས་མཛད་པས་སྐྱབས་མགོན་རྡོ་རྗེ་འཆང་ནས་ཀྱང་ཐུགས་མཉེས་པའི་བསྔགས་བརྗོད་མཛད་པར་སྣང་།དེ་ནས་བཱེ་སི་བཱ་ཐུར་དཱའི་ཆིང་གིས་ཝང་གི་ཨུཪྒེར་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་སྤྱན་དྲངས་ནས་ལོ་ཁ་ཤས་དེར་བཞུགས་ཏེ་ཁྲི་ཐོག་དེར་རེ་བརྒྱད་པ་ས་གླང་ལ་སྐུ་ཞི་བར་གཤེགས་སོ།།།།.....

                                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།                          
     གསལ་འདེབས།                                                                             
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།                                                                                 
   དྲ་བའི་སྦྲེལ་ཐགhttp://www.tb1025.cn                                


བརྒྱུད་འགོད།