བླ་བྲང་གདན་རབས་བདུན་པ་རྗེ་བློ་བཟང་གནས་བརྟན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-30 10:52:38     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

img_2302.jpg

གདན་རབས་བདུན་པ་སྨྲ་བའི་ཁྱུ་མཆོག་བློ་བཟང་གནས་བརྟན་པ་ནི།སྟོད་ཀྱི་སོག་པོའི་ཡུལ་དུ་དབལ་ཤུལ་གྱི་རིགས་ལས་འབྱོར་བ་དང་ལྡན་པའི་མི་བཟང་གི་རྒྱུད་དུ་རབ་བྱུང་བཅུ་གཉིས་པའི་མེ་བྱིའི་ལོར་འཁྲུངས།ཆུང་ངུའི་དུས་ནས་ཐུགས་རིག་རྣོ་བས་ཀུན་ཡིད་འཕྲོག་པ་ཞིག་ཡིན་སྟབས་གྲོང་ཆོག་གི་ས་ན་སེ་རའི་བྱ་རོག་གདོང་ཟེར་བའི་དགེ་བཤེས་ཆེན་པོ་ཞིག་ཡོད་པ་ལ་མཚན་ཉིད་ཟེར་བ་འདི་ཇི་ལྟར་བརྩད་པ་རེད་ཅེས་དྲིས་པས་དེས་ཉམས་སད་བྱས།རྡོ་ཞིག་དང་ཤིང་ཞིག་བསྟན་ནས།མཚན་ཉིད་པའི་ལན་འདེབས་ལུགས་ལ།འདོད།རྟགས་མ་གྲུབ།ཁྱབ་པ་མེད།འགལ་ཁྱབ་ཟེར་བ་བཞི་ཡོད། རྡོ་འདི་ཆོས་ཅན། ཤིང་འདི་ཡིན་པར་ཐལ། རྡོ་འདི་ཡིན་པའི་ཕྱིར་བྱས་ན་ཅི་ཟེར་རྒྱུ་ཡིན་ཨེ་ཤེས་ལྟོས་བྱས་པས། བསམ་བློ་ཅུང་ཞིག་བཏང་ནས་འགལ་ཁྱབ་ཟེར་བ་ཨེ་ཡིན་ཟེར་བས་དགེ་བཤེས་པ་ཐུགས་དགྱེས་ཏེ།བན་ཆུང་ཁྱོད་སོག་པོའི་ཡུལ་འདིར་བསྡད་ནས་ཅི་བྱེད།རྗེ་འཇམ་དབྱངས་བཞད་པས་བཀྲ་ཤིས་འཁྱིལ་དུ་དགོན་པ་འདེབས་ཀྱིན་ཡོད་པ་དེར་སོང་ན་ལེགས་གསུངས་པའི་རྐྱེན་གྱིས་བསྐུལ་ཏེ་བཀྲ་ཤིས་འཁྱིལ་དུ་ཕེབས།བྱ་ལག་མདོར་རྗེ་འཇམ་དབྱངས་བཞད་པའི་དྲུང་དུ་མཇལ་ནས་བསྡུས་གྲྭའི་ཚིག་བཞག་མནོས།དགེ་བསྐོས་ངག་དབང་བཀྲ་ཤིས་པའི་དྲུང་དུ་རྟགས་གསལ་མི་གོ་ཚུལ་ཞུས་ནས་ངུས་པས་མཚན་མོ་བརྩི་བཞག་སྐྱོར་བཞིན་དུ་སྐུ་ཞབས་རིན་པོ་ཆེའི་གཟིམས་གུར་ལ་སྐོར་བ་གྱིས་གསུངས།དེ་ནས་བཟུང་སྟེ་དེ་ལྟར་རྒྱུན་དུ་ནམ་ཟངས་ཐལ་ལ་བཏང་བས་རྗེ་གོང་མ་ཐུགས་དགྱེས་ནས་ཕྲུ་གུ་འདི་ལ་ཡག་པོ་ཡོང་བ་འདུག་གསུངས།བསྡུས་གྲྭའི་ཚིག་བཞག་གི་འཕྲོ་དང་།བློ་རྟགས་དབུ་ཕར་དང་བཅས་པ་འཇམ་མགོན་ཁྲི་རིན་པོ་ཆེར་གསན་ཞིང་བརྩོན་འགྲུས་དང་ཤེས་རབ་གོ་མ་འཛོལ་བའི་སྟོབས་ཀྱིས་རིགས་གྲྭ་གསར་ཚུགས་ཀྱི་སྐབས་ཕྱིས་སུ་སྒོ་མང་བླ་མ་བྱས་པ་སངས་རྒྱས་རྡོ་རྗེ་དང་རྒོལ་ཕྱི་རྒོལ་བྱས་ཏེ་ཆོས་འཁོར་གྱི་ཚོགས་ལངས་མཛད་སྐབས་སོགས་སུ་དབུས་ནས་བྱོན་པའི་དགེ་བཤེས་རྣམས་ཀྱང་ཐུགས་ཁེངས་པ་བྱུང་།དབུས་སུ་ཕེབས་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཚིག་སྤྱི་ཙམ་དུ་མ་སོང་བའི་ཐོས་བསམ་གནད་དུ་འགྲོ་ངེས་མཛད་པས་མིང་དང་དོན་མཐུན་པའི་དགེ་བཤེས་ཀྱི་གོ་འཕང་ཐོབ།ལྷ་རམས་པའི་གྲྭ་སྐོར་མཛད་སྐབས་སུས་ཀྱང་འཁོར་གསུམ་མ་སོང་བས་རྟོག་གེ་མགོ་མཁྲེགས་དུ་མའི་ང་རྒྱལ་གྱི་རི་བོ་ཉིལ་ཞིང་བསྔགས་བརྗོད་ཀྱི་རྫ་རྔ་བརྡུངས།དེ་སྐབས་དགེ་བཤེས་གཏེར་མ་འདི་ད་བར་དུ་གང་ནས་བསྡད་བཏང་བ་རེད་ཅེས་སེ་འབྲས་དགེ་གསུམ་གྱིས་ངོ་མཚར་དུ་འཛིན་པ་བྱུང་སྟེ་སྔར་ལྷ་སའི་བགྲོ་གླེང་སོགས་ལ་གཏན་ནས་མི་བཞེངས་པར་གབ་ནས་བཞུགས་པ་ནི་གྲགས་སྐམ་ལ་མི་དགྱེས་པའི་རྣམ་ཐར་དུ་སྣང་།སླར་མདོ་སྨད་དུ་ཕེབས་ནས་བཀྲ་ཤིས་འཁྱིལ་དུ་པོ་ཏི་ལྔ་བསྡུས་གྲྭ་དང་བཅས་པ་ལ་དམ་བཅའ་བཞགདེ་སྐབས་བསྟན་འཛིན་རྒྱ་ཡུ་མ་ཞེས་པ་དེ་ལངས་ནས་བགྲོ་གླེང་བཏང་བས། རྗེ་འདིས་སངས་རྒྱས་མཐེ་བོང་ཙམ་ཞིག་མེད་ཅེས་ཁས་བླངས་པར། འཇམ་མགོན་ཁྲི་རིན་པོ་ཆེས་མཐེ་བོང་སྟོན་པ་གནང་བས།རྒྱ་ཡུ་མ་ན་རེ་སངས་རྒྱས་མཐེ་བོང་ཙམ་ཞིག་ཡོད་པར་ཐལ། སངས་རྒྱས་ཀྱི་མཐེ་བོང་དེ་ཡིན་པའི་ཕྱིར།ཞེས་འཕངས་ཞེས་གྲགས།འདི་འདྲའི་རིགས་ཕྲན་ཚེགས་མ་གཏོགས་ལུང་རིགས་རྣམ་དག་དང་འགལ་བའི་ཤོར་ཚབས་ཆེར་མ་བྱུང་བས་དཔོན་སློབ་ཐམས་ཅད་དགའ་དད་གུས་གསུམ་འཕེལ་བར་གྱུར་ཏེ་རྒན་གཞོན་ཀུན་གྱིས་དཀའ་གནས་ཀྱི་དོགས་གཅོད་ཞུ་བ་སོགས་ཡོན་ཏན་གྱི་བཀུར་གཟོས་ཆེ་ཞིང་རྣམ་དཔྱོད་འགྲན་ཟླ་མེད་པའི་བསྔགས་བརྗོད་ད་ལྟའི་བར་དུ་སྒྲོག་པར་སྣང་།སྐྱབས་མགོན་རྡོ་རྗེ་འཆང་གི་མཚན་ཉིད་གསན་སྦྱོང་སྐབས་སྐུ་མདུན་དུ་ཡང་ཡང་སྤྱན་དྲངས་ནས་དཀའ་གནད་ཀྱི་དོགས་གཅོད་གནང་ཞིང་ཕན་ཚུན་རྩོད་ཡིག་ཀྱང་མང་དུ་མཛད་སྣང་སྟེ།རྩོད་ཡིག་མཇུག་ཏུ།གཞུ་མཁན་ཤཱཀྱ་ཐུབ་པ་དང་།།མདའ་མཁན་རྗེ་བཙུན་འཇམ་དབྱངས་ཡིན། །མདའ་འཕེན་མཁན་འཇིགས་མེད་དབང་པོ་སྟེ། །འབེན་རྒྱལ་བས་བཞག་ཀྱང་ཐུབ་པར་དཀའ། །ཞེས་ཡོད་པ་དང་། དེའི་ལན་མཇུག་ཏུ། གཞུ་མཁན་ཤཱཀྱ་ཐུབ་པ་དང་། །མདའ་མཁན་རྗེ་བཙུན་འཇམ་པའི་དབྱངས། །མདའ་འཕེན་མཁན་འཇིགས་མེད་དབང་པོ་སྟེ། །འབེན་འཇོག་མཁན་རིགས་པའི་དབང་ཕྱུག་ང་། །ཞེས་ཡོད་པ་དང་། སྐུ་ཞབས་ཉིད་ལ་ཡང་ལན་མི་འཚོམ་པར་ཞུ་བ་ནི་རྒྱུད་པ་རང་གི་རྟགས་ཡིན་ནོ། །ཞེས་ཡོད་པའི་རྩོད་ལན་གྱི་ཡི་གེ་སོགས་བདག་གིས་ཀྱང་མཐོང་ལ་ད་དུང་གཞན་མང་པོ་ཡང་ཡོད་ཅེས་གྲགས་སོ། །དེ་སྐབས་ཀྱི་མཚན་ཉིད་ཞབས་ཕྱི་ལུང་རིགས་ལ་མཁས་བསྡུས་བྱས་པ་ཀུན་ཕྱོགས་གཅིག་བྱས་ཀྱང་རྗེ་འདིའི་རྩོད་ཟླ་ཡོང་དཀའ་ཞེས་གྲགས་པས་རྩོད་པའི་ཁྱུ་མཆོག་འདི་ལས་ལྷག་པ་ཆོས་སྡེ་འདིར་སྔོན་ཆད་མ་བྱུང་བ་ལྟ་བུར་སྣང་།འདི་ཀའི་ཚོགས་ཆེན་ཞལ་ངོ་དང་རྒྱུད་པ་བླ་མ་དབུ་མཛད་ཀྱི་གོ་ས་རིམ་པར་བརྒྱུད་དེ་རྒྱུད་པའི་ཁྲིར་ཕེབས།རྒྱུད་ཀྱི་འཆད་ཉན་དང་བསྐྱེད་རྫོགས་ཀྱི་གཞུང་བཤད་སྟར་ཆགས་སུ་མཛད་ཅིང་འཕྲོས་པ་གནང་དུས་གྲལ་ཐར་ཆགས་སུ་དྲི་བ་གནང་སྟེ་ལན་འདེབས་དགོས་པ་ཁྲལ་ལྟ་བུར་མཛད་པས་དཔེ་ཆ་འཛིན་སྐྱོར་དང་ལྟ་རྟོག་མི་བྱེད་ཐབས་མེད་ཅིག་ཡོད་ཅེས་དེ་དུས་ཀྱིརྒྱུད་རྒན་རྣམས་གླེང་། དེ་སྐབས་མཚན་ཉིད་ཀྱི་དགེ་བཤེས་ཆེ་བགྲེས་མང་པོ་ཡང་རྒྱུད་དུ་ཞལ་འཛོམས་ནས་ཆོས་གྲྭར་གསུང་བཤད་ཉན་པར་ཆག་མེད་དང་།ཚོགས་ཆོས་གྲྭའི་གསེང་བར་ཀུན་ཏུ་མངོན་ཆུང་གི་ཚུལ་གྱིས་སྔགས་ཀྱི་རྩོད་པ་བྱེད་པ་སོགས་སློབ་གཉེར་གྱི་གཞི་བཟུང་སྟེ་གྲྭ་སློབ་འཛོམས་པའི་སྟོབས་ཀྱིས་རྒྱུད་པ་རང་ནས་གསང་སྔགས་ལ་མཁས་པའི་དགེ་བཤེས་མང་དུ་ཐོན་སྣང་།ཆུ་བྱའི་ལོ་ཚོགས་ཆེན་གྱི་ཁྲིར་འཁོད་དེ་འདུ་ཁང་སྟེང་ཤོད་དུ་བཞུགས།དེ་སྐབས་སྲོད་འཁོར་ལ་གྲྭ་བ་ཞིག་གིས་འདུ་ཁང་ལ་སྐོར་བ་བྱེད་བཞིན་དུ་རྩ་ཤེས་སྐྱོར་བ་གསན་ནས་སྤྱན་ཆབ་བསིལ་བ་དང་།ཞལ་ནས་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་བ་ཙོང་ཁ་པ་རྣམས་བཀའ་དྲིན་ཤིན་ཏུ་ཆེ།ཁོང་རྣམས་མ་བྱོན་ན་བསྟན་པའི་སྙིང་བོ་སྟོང་པ་ཉིད་འདི་ག་ནས་ཤེས་གསུངས་པ་ཐོས་ཏེ་ཚིག་སྐམ་གྱི་དགེ་་བཤེས་ཙམ་མིན་པར་ཤིན་ཏུ་གསལ་ལོ། །ཚིག་བཞག་གང་གནང་ལ་གསུང་བཤད་མཛད་པ་སོགས་འཇམ་མགོན་ཁྲི་རིན་པོ་ཆེའི་རྣམ་ཐར་ལྟར་འཆད་ཉན་དམར་བར་གནང་རྩིས་ཡོད་ཀྱང་ཆེར་མ་འགྱངས་པར་དེའི་ཕྱི་ལོ་ཤིང་ཁྱིའི་དཔྱིད་སྨོན་ལམ་གྲོལ་རྗེས་མ་འགྱངས་པར་གཤེགས།དེ་སྐབས་སྐུ་ཧ་ཅང་དྲང་བོ་ཞིག་མི་འདུག་ཀྱང་རྒྱུད་པ་གྲྭ་ཚང་གིས་སྐུ་གདུང་མདུན་དུ་གསང་འདུས་རྩ་རྒྱུད་གསུངས་པའི་མཚམས་ཤིག་ནས་གློ་བུར་དུ་ཇེ་དྲང་ལ་སོང་བ་མང་པོས་མཐོང་སྟེ་ངོ་མཚར་བའི་རྣམ་ཐར་དུ་ཤེས་པར་བྱའོ། །། །

  
                                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།                          
     གསལ་འདེབས།                                                                             
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།              

                                                                    དྲ་བའི་སྦྲེལ་ཐགhttp://www.tb1025.cn                         


བརྒྱུད་འགོད།