བླ་བྲང་གདན་རབས་དྲུག་པ་རྗེ་བློ་བཟང་དོན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-29 20:13:37     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

img_2302.jpg

       ༄༅༅། །གདན་རབས་དྲུག་པ་མཁྱེན་པའི་སྤྱན་ལྡན་ཆེན་པོ་བློ་བཟང་དོན་གྲུབ་པ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་བྱི་བའི་ལོ། །དབལ་མང་གི་ནང་ཚན་ཨ་གནམ་ཞེས་པའི་རུས་སུ་འཁྲུངས།ཁུ་བོ་ཏོག་ར་དཀའ་བཅུ་རིན་ཆེན་རྒྱ་མཚོ་ཞེས་པ་ཏོག་ར་ཁམས་ཚན་ལ་སྤྱི་ཁང་གསར་རྒྱག་སོགས་ཀྱི་བྱས་པ་ཆེ་བས་ཁམས་ཚན་གྱི་གྲྭ་བ་གཞན་ལས་ཁྱད་དུ་ཐོན་པའི་གཟེངས་བསྟོད་ཀྱི་བཀའ་ཤོག་ད་ལྟ་ཡང་ཁམས་ཚན་ན་ཡོད་པ་དེ་ཉིད་ཁུ་དབོན་དང་བཅས་དཔོན་ཇུ་ནང་ཡབ་ཡུམ་གྱི་ཐར་མི་ཆི་ཡིན་སྟབས་འདི་བ་ཆུང་ངུའི་དུས་ནས། །དཔོན་མོ་རྣམ་རྒྱལ་སྒྲོན་མའི་སྐུ་མདུན་དུ་བླངས་ཏེ་གཅེས་པར་བསྐྱངས།ཁོང་གི་ཡུམ་དཔོན་མོ་རཏྣ་གཤེགས་པའི་དགོངས་རྫོགས་སུ་སྲས་གཅིག་འཇོག་རྒྱུའི་དོད་དུ་དགོན་པར་ཆོས་གྲྭར་བཞགའཇམ་མགོན་ཁྲི་རིན་པོ་ཆེའི་དྲུང་དུ་བཀའ་པོཏ་ལྔ་ལ་མཁས་པར་སྦྱངས།བསམ་གཟུགས་ཆེན་མོ་དང་དབུ་མ་ལུང་རིགས་གཏེར་མཛོད་གཉིས་ཀྱི་རྒྱུགས་ཕུལ།ཁྲི་རིན་པོ་ཆེ་ནས་རྗེ་གོང་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཀྱང་ལྗགས་རྩོམ་མཛད་ནས་གནང་།མགོན་འཇིགས་གཉིས་ཀྱི་གདམས་ངག་ཡོངས་སུ་རྫོགས་པར་མནོས་ཤིང་།ཕྱི་ནང་གསང་བའི་རྟེན་རྫས་རྣམས་མན་ངག་ལྟར་བསྒྲིགས་ཏེ་མགོན་པོའ་ིབསྙེན་ཆེན་ཀྱང་བཏང་།འདི་ཀའི་ཚོགས་ཆེན་དགེ་བསྐོས་ཀྱང་བྱས་ཤིང་།ཨལ་དར་ཨ་བོ་དང་།ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་ཕྱག་མཛོད་ཀྱང་བྱས་ཏེ་བླ་དཔོན་གྱི་ཆོས་སྲིད་ཀྱི་ཁུར་ཡུན་རིང་དུ་བཟུང་བས་གཉེར་བ་རབ་འབྱམས་པ་ཞེས་འཇིག་རྟེན་ལ་མཁས་པའི་ཚོད་དུ་རྩི་༼བརྩི༽ བ་བྱུང་།ལྷག་བསམ་ཆེ་བས་བསེ་སྤྲུལ་བའི་སྐུ་ལ་སྦྱིན་བདག་བསྐུལ་ཏེ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སྐྱབས་མགོན་རྡོ་རྗེ་འཆང་ནས་ཚོགས་མང་དང་མཉམ་དུ་གནང་བ་དང་དཔོན་གོང་མའི་ཕོ་བྲང་བཀྲ་ཤིས་མཐོང་སྨོན་སོགས་ཀྱི་འབུལ་བ་དང་རྗེའི་གོས་སྐུ་ཆེན་མོ་གདན་འདྲེན་མངའ་རིས་པ་དར་ཧན་ཆོས་རྗེ་དཔར་གྱི་སྦྱིན་བདག་ཏུ་བསྐུལ་བ་སོགས་ཀྱི་མགོ་འདྲེན་དང་རང་གཞན་ལ་ཕན་གྲོགས་ཁུར་ལེན་ཅན་དུ་གྲགས་ཆེ།གཉེར་བའི་མིང་ཐོབ་རུང་མཚན་མོ་ཙོག་བུར་བཞུགས་པ་ལ་ཐེ་ཚོམ་ཅན་མང་པོས་ན་བཟའི་སྟེང་དུ་ཕྱེ་རྩམ་གྱི་ཐིག་བཏབ་པ་སང་ཞོགས་ཇི་ལྟ་བ་བཞིན་དུ་ཡོད་པ་དང་།འཕོ་བ་བཏབ་ཡུལ་མང་པོ་ལ་རྟགས་ཐོན་པ་དང་།ཉེ་འཁོར་གྱི་ཡོ་བྱད་ཐམས་ཅད་དང་མདུན་དུ་ཞག་གཅིག་ཙམ་ལུས་པའི་ཁ་དར་ལ་ཡང་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བས་ཀུན་དད་གུས་ཆེ་བར་ཐོས།དཔོན་མོ་ཨེཪྒེ་ཤ་རའི་ཞབས་ཕྱིར་བྱ་ཁྱུང་དུ་ཕེབས་སྐབས་དམ་བཅའ་འཇོག་དགོས་ཐབས་མེད་བྱུང་བར་ཡིག་ཆ་བསྐྱུར་ནས་ལོ་ཉི་ཤུ་ཙམ་སོང་འདུག་པས་བརྗེད་ཡོད་སྙམ་ནས་ཐོག་མར་ཅུང་ཟད་སྐྲག་ཀྱང་འདུལ་བའི་ཀོ་ལྤགས་ཀྱི་གཞིའི་སྐབས་ནས་ཤོར་ཚབས་གཅིག་བྱུང་།དེ་མིན་ཁས་ལེན་འདི་ཤོར་སྙམ་པ་མེད་ཅེས་གྲྭ་རྒན་འགའ་ཞིག་ལ་དངོས་སུ་འདུག་ཅིང་།བྱ་ཁྱུང་གི་བླ་གྲྭ་རྣམས་ཀྱང་ངོ་མཚར་ཏེ་དགེ་བཤེས་འདི་གཉེར་བར་འཇོག་ཚུལ་ལ་བལྟས་ན་ཡང་ན་ཁྱེད་ཚོའི་ཡུལ་དེའི་མི་ཐམས་ཅད་ཡོན་ཏན་ཅན་ཡིན་པ་རེད།ཡང་ན་ཡོན་ཏན་ཤེས་མཁན་གཅིག་ཀྱང་མེད་པ་རེད་ཅེས་དཔོན་མོ་ལ་ཞུས་སྐད།གང་ལྟར་ཡང་ཚུར་ཕེབས་འཕྲལ་མཆོད་ཡོན་བཀའ་བགྲོས་ཀྱི་ཐོག་རྒྱུད་པའི་བླ་མ་དབུ་མཛད་ལ་བསྐོ་བཞག་གནང་།སྐྱབས་མགོན་རྡོ་རྗེ་འཆང་ཡུལ་དབུས་སུ་ཕེབས་སྐབས་ཚོགས་ཆེན་ཁྲིར་བསྐོ་བཞག་མཛད་པས་བདག་གིས་རྒྱུད་པ་གྲྭ་ཚང་འདིར་ཕན་གང་ཐོགས་ཤིག་བྱེད་རྩིས་ཡོད་ཅིང་།ཚོགས་ཆེན་ཁྲིའི་ཁ་ཐབས་མེད་པས་དགོངས་པ་ཐུགས་རྗེས་གཟིགས་དགོས་ཞུས་ཀྱང་ཆོས་སྲིད་གང་ནས་ཀྱང་ཁྱེད་ལ་འོས་པས་གནང་བ་ཞུ་ལུགས་མེད་གསུངས་ནས་ཐབས་མེད་བྱུང་སྟེ་སྤྲེའུ་ལོའི་དཔྱིད་ཁྲི་འདོན་མཛད། པོ་ཏི་ལྔའི་ཚིག་བཞག་དང་རིགས་གྲྭའི་གཏོང་སྒོ་འཇམ་མགོན་ཁྲི་རིན་པོ་ཆེའི་དུས་ལྟར་གནང་། སྐྱབས་མགོན་རྡོ་རྗེ་འཆང་དབུས་ནས་མ་ཕེབས་བར་དུ་གདན་ས་འཛིན་བཞེད་ཡོད་ཀྱང་།དེའི་ཕྱི་ལོའི་དཔྱིད་དཔོན་མོ་ཨེཪྒེ་ཤ་ར་སྐུ་གཤེགས་སོང་སྟབས་ཝང་གི་སེ་དོད་ཐམས་ཅད་གྲོས་མཐུན་གྱི་ཐོག་བླ་གྲྭ་སྤྱི་ལ་ཞུ་བ་ཕུལ་ཏེ།དཔོན་མོ་སྐུ་གཤེགས།ཝང་རྡོ་རྗེ་ཕ་ལམ་སྐུ་ན་ཕྲ་སྟབས་ཨུཪྒེ་ཁྲིར་བླ་དཔོན་གཉིས་ཀའི་དོད་དུ་དགོན་པ་ནས་གྲྭ་ཚང་ཕན་ཚན་གྱི་བླ་མ་གཉིས་པོ་གང་རིགས་ཞིག་མ་ཕེབས་ན་ཕྱོགས་གཞན་ནས་བླ་མ་ཞིག་བཙལ་རྒྱུ་ཡིན་ཞེས་ཚིག་དམར་འཇུས་བྱས་པར་རྒྱུད་པ་དཔོན་སློབ་མ་ཕེབས་པར་བརྟེན་ཐབས་མེད་བྱུང་སྟེ་ཨུཪྒེ་ཁྲིར་ཕེབས།དེ་ནས་རྒྱུད་པ་དཔོན་སློབ་བློ་བཟང་གནས་བརྟན་པ་སྟོན་ཆོས་གཉིས་པའི་སྐབས་ཁྲིར་ཕེབས་ཀྱང་ཤིང་ཁྱིའི་དཔྱིད་ཁྲི་ཐོག་ནས་གཤེགས་པས།གུང་ཐང་མཆོག་__________སྤྲུལ་རིན་པོ་ཆེ་སླར་ཡང་ཁྲིར་བཞུགས་ནས། ལོ་དེར་སྐྱབས་མགོན་རྡོ་རྗེ་འཆང་ལ་གདན་འདྲེན་པ་ཆེད་མངགས་ཀྱི་གདོང་གདན་སའི་འཛིན་སྐྱོང་གི་གནས་ཚུལ་ཞུས་པར་བརྟེན།བླ་མ་འདི་བར་གསུང་ཤོག་བསྩལ་བའི་ནང་དུ།རྗེ་ཉིད་རེ་ཞིག་མདོ་སྨད་དུ་འབྱོན་པར་མི་སྤྲོ་བ་དང་།དགོན་པར་རིམ་གྲོ་སེང་གཤོར་གྱི་གེགས་ཆགས་ཆེ་བ་བྱུང་རུང་།ཁྱེད་རང་དགོན་པ་རང་གི་ལུ་གུ་ལག་སྐྱེས་ཀྱི་དགེ་བཤེས་ཡིན་པར་མ་ཟད་ཆོས་སྲིད་གང་ནས་ཀྱང་རེ་ཆེ་བས་འདོར་ལུགས་མེད་པ་སོགས་གང་ཅིའི་རྒྱུ་མཚན་ཞིབ་འཁོད་དང་བཅས་ཨུཪྒེ་གྲྭ་ཚང་དང་དགོན་པའི་གདན་ས་ཟུང་འབྲེལ་བྱེད་དགོས་པའི་བཀའ་ནན་ལྕི་བར་ཕེབས་པ་ལྟར་སླར་ཡང་དགོན་པར་ཕེབས་ཤིང་དགོན་པ་ནས་ཀྱང་ཆིབས་བསུ་སེར་སྦྲེངས་སོགས་སྔར་ལས་ལྷག་པའི་བཀུར་གཟོས་བསྟབས།ཡང་བསྐྱར་ཁྲི་འདོན་བྱས་ཏེ་འཆད་ཉན་གཏོང་སྒོ་སོགས་སྔར་ལས་མི་དམན་པ་མཛད།དགུང་ལོ་རེ་གཅིག་པ་མེ་བྱིའི་དཔྱིད་ཨུཪྒེ་ཝང་གི་ཞབས་བརྟན་ལ་ཕེབས་པའི་ལམ་བར་ནས་སྐུ་བསྙུང་སྟེ་སུ་རུག་ཏུ་ཕེབས།ཞབས་བརྟན་མང་པོ་བསྒྲུབས་ཀྱང་ཕན་སྐྱེད་ཆེར་མ་བྱུང་།ས་ག་ཟླ་བའི་ཚེས་བཅུ་བཞིའི་ཉིན་དཀྱིལ་འཁོར་བཤམས་པ་སོགས་ཚད་ལྡན་བྱེད་བཅུག་སྟེ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག་དལ་བུས་གསུང་སྟེ་བདག་འཇུག་བཞེས།ཚེས་བཅོ་ལྔའི་ཞོག་ཁ་༼ཞོགས་ཀ༽བསྙུང་གཡོག་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ལ་དེ་རིང་ས་ག་ཟླ་བའི་བཅོ་ལྔ་ཡིན་ཨང་གསུངས་ཡིན་ཞུས་པས། དེ་རིང་ངའི་ཚོད་མི་ཐིག་པས་ཁྱེད་རང་སེམས་མ་འཚབ། ང་ལ་ནད་གཡོག་བཟང་པོ་བྱས་པས་ཁྱོད་རང་གིས་བསོད་ནམས་ཆེན་པོ་བསགས་པ་ཡིན།བླ་མ་ང་ནད་པ་ཕ་མ་སོགས་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཞིང་ཡིན་པར་གསུངས་ཡོད་གསུངས།ཡང་ཁོ་བོའི་བཅའ་ལག་འདི་གྲྭ་ཚང་གི་ཕྱག་ཏུ་འཕྲོད་ངེས་ཤིག་གྱིས། གཞན་ཡིན་ན་མཆོད་རྫས་བསྡུ་བཤམས་སོགས་བྱེད་སྲོལ་ཡོད་ཀྱང་དེ་ཁྱེད་རང་ཚོས་མི་ཤེས། ཡིན་ཀྱང་དུང་དཀར་ཆ་འབུད་ཅིག་བྱེད་དགོས།ངེད་རང་དགོན་པའི་གདན་ས་པ་ཡིན་པས་རྟེན་འབྲེལ་ཡོད་གསུངས། དེ་ནས་གཞན་གང་ཡང་མི་གསུངས་པར་ངའི་རྐང་བའི་བོལ་འདི་ལ་ལྟོས་གསུངས་ཏེ་ལན་ཁ་ཤས་ལ་བལྟར་བཅུག སྐབས་ཤིག་བུས་མོ་ཡང་གྲང་འདུག་ཞུས་པས།ང་ནུབ་ཕྱོགས་སུ་ཁ་སྟོན་གསུངས།དེ་ནས་ནུབ་ཕྱོགས་སུ་ཞལ་འཁོར་ཏེ་སྤྱན་ཟིམ་མེར་ཅུང་ཟད་ཅིག་བཞུགས་ནས་དཔའ་བོ་གཡུལ་འཇུག་ནས་གསུངས་པའི་འཕོ་བའི་གསོལ་འདེབས་དབྱངས་དལ་བུས་ཚར་གཅིག་འཐེན་པས་དེ་དུས་ཀྱི་དྲུང་འཁོད་འགའ་ཞིག་ད་ལྟ་ཡང་གཏམ་དེ་གླེང་དུས་མིག་ནས་མཆི་མ་འཁྲུག་པར་སྣང་།མཚམས་ཤིག་ཏུ་ཧིག་བཏབ་པས་ཁོང་བའི་ནང་ནས་རྩ་ཞིག་ཆད་སོང་ངམ་སྙམ་པའི་སྒྲ་ཞིག་གྲགས་པ་དེར་འཁོད་ཀུན་གྱིས་ཐོས་ཤིང་།དེ་དང་དུས་མཉམ་དུ་དབུགས་ཀྱི་རྒྱུ་བ་འགགས་ཏེ་སྐུ་གཟུགས་ཀྱི་མདངས་ཤིན་ཏུ་གསལ་ཞིང་ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་པོའ་ིབར་དུ་ཁྱབ་པ་ཞིག་བྱུང་།གདུང་ཞུགས་ལ་ཕུལ་བས་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིང་།བཀའ་གནང་ལྟར་དགོངས་རྫོགས་རླབས་ཆེན་བསྐྲུན་ཏེ་གདུང་མཆོད་ཀྱང་ད་ལྟའི་བར་དུ་མ་ཉམས་པར་ཡོད་དོ།། །།
                                                         རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།