བླ་བྲང་གདན་རབས་ལྔ་བ་རྗེ་ངག་དབང་བསྟན་པའི་རྒྱལ་མཚན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ།     སྤེལ་དུས།  2018-05-22 09:46:35     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

img_2292.jpg

               ༄༅༅། །གདན་རབས་ལྔ་བ་ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི།དགའ་ལྡན་ཁྲི་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་པའི་སྐུའི་སྐྱེ་བ་སྟེ།ཁྲི་ཆེན་དེ་ཉིད་ནི་དབལ་ཤུལ་གྱི་རིགས་ལས་གཅལ་ཞེས་བྱ་བའི་ཡུལ་དུ་འཁྲུངས།གཞོན་ནུ་ནས་རབ་ཏུ་བྱུང་སྟེ་བསྟན་པའི་སྒོར་ཞུགས།གངས་ཅན་རིགས་སྨྲ་བྱེ་བའི་མདུན་ས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་བཀའ་པོཏ་ཆེན་པོ་ལྔ་ལ་སྦྱངས་པས་གཞུང་ལུགས་འབུམ་སྡེའི་དགོངས་དོན་རིགས་ལམ་ནས་སྨྲ་བ་ལ་འགྲན་ཟླ་མེད་པའི་མཁས་པའི་གོ་འཕང་ཐོབ།དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཡང་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ཆེར་སྦྱངས་པས་མདོ་སྔགས་ཟུང་འབྲེལ་གྱི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་བའི་སྙན་གྲགས་དབྱར་གྱི་རྔ་གསང་ལྡིར་བ་བཞིན་དུ་བྱུང་སྟེ།སྨད་རྒྱུད་གྲྭ་ཚང་གི་ཁྲི་དང་།བྱང་རྩེའི་གདན་ས་དང་།རྒྱལ་བ་གཉིས་པའི་བཞུགས་གདན་གསེར་ཁྲིར་རིམ་བཞིན་ཕེབས་ནས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད།ཞལ་སློབ་ཀྱང་མཆོག་སྤྲུལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ།ཁྲི་ཆེན་ངག་དབང་མཆོག་ལྡན།རྒྱུད་སྨད་མཁན་པོ་དགེ་འདུན་ལྷུན་གྲུབ།སྒོ་མང་དཔོན་སློབ་བློ་བཟང་དམ་ཆོས།རྒྱལ་སྲས་སྤྲུལ་པའི་སྐུ་ཡེ་ཤེས་གྲགས་པ།གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ།ཨ་ཀ་བསོད་ནམས་བཟང་པོ།བཀྲ་ཤིས་འཁྱིལ་ཁྲི་ཆེན་ངག་དབང་བཀྲ་ཤིས།སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་འགྲུབ་སོགས་མཐའ་ཡས་ཤིང་ཅུན་གར་ནས་སེ་འབྲས་དག་ཐེར་གྱི་སྐབས་གྲྭ་བ་ལྔ་བརྒྱ་དུས་གཅིག་ལ་བསྙེན་རྫོགས་མཛད་པའི་མིང་ལ་དགེ་འདུན་ཤ་སྟག་སྦྱར་བར་དགེ་འདུན་པ་ལྔ་བརྒྱ་ཞེས་གྲགས་པའི་ཁྲོད་ནས་ཀྱང་དཔོན་སློབ་དགེ་འདུན་བདེ་ཆེན་སོགས་གྲགས་ཅན་མང་དུ་བྱོན།ལྷ་སའི་རྒྱུད་ཁང་དང་གསང་སྔགས་མཁར་གྱི་རྒྱུད་ཁང་།འགྲེལ་བ་བཞི་སྦྲགས་ཀྱི་པར་གསར་བརྐོས།སྒོ་མང་གྲྭ་ཁང་དུ་གསེར་གྱི་རྒྱལ་མཚན་ཆ་སོགས་གསར་འཇོག་དང་།དགའ་ལྡན་གྱི་དངུལ་གདུང་ཆེན་མོ་གསེར་གདུང་དུ་བསྒྱུར་བ་དང་།རྒྱལ་བ་ཚངས་དབྱངས་རྒྱ་མཚོར་དངུལ་སྲང་སུམ་སྟོང་ལྔ་བརྒྱ་དོད་དུ་ཕུལ་ནས་ཞུས་པ་ལྟར།ཕྱིས་སུ་ཁྲི་ངག་དབང་མཆོག་ལྡན་པའི་སྨད་རྒྱུད་པར་གླང་རའི་གཞིས་ཀ་བདེ་མཆོག་སྒྲུབ་མཆོད་ཀྱི་ཐེབས་སུ་གཞུང་ནས་གནང་བ་སོགས་ཕྱག་རྗེས་རླབས་ཆེ་ལ།སྐུའི་སྐྱེ་ཕྲེང་གི་དབང་དུ་བྱས་ན་རྗེ་བཙུན་ཤེས་རབ་སེངྒེ་།གྲུབ་ཆེན་ཏེ་ལོ་བ་ཟེར་བའང་སྣང་།ནཱ་རོ་ཏ་བ་སོགས་དང་ཐུགས་རྒྱུད་གཅིག་པར་ཁྲི་ཆེན་ངག་དབང་མཆོག་ལྡན། འཇམ་མགོན་ཁྲི་རིན་པོ་ཆེ། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་གསུམ་ཀས་གསུངས་པ་དང་། གཉན་ལོ་ཙཱ་པ་དར་མ་གྲགས་ཡང་ཐུགས་རྒྱུད་གཅིག་པར་ཁོང་ཉིད་ཀྱིས་ཞལ་གྱིས་བཞེས་ཞེས་ལྕང་སྐྱ་རྡོ་རྗེ་འཆང་གིས་གསུངས་པའི་གསུང་རྒྱུན་འཁྲུལ་མེད་ཐོས་ལ་ཆུང་ངུའི་དུས་ང་ཆོས་པ་ཡིན་གསུངས་པས་ཆོས་པ་རིན་པོ་ཆེར་ཡང་བཞེད་པར་སྣང་ངོ་། །ཞལ་ནས་ཀྱང་བདག་འཛིན་འདི་ཨ་རེ་འཇིགས།ཁོ་བོ་མདོ་སྨད་དུ་རྐང་བ་ན་ནས་གསང་བདག་གི་བསྙེན་པ་བྱས།ལྷའི་ང་རྒྱལ་བཟུང་བའི་ཚེ་ཉི་དཀྱིལ་གྱིས་རྐང་བ་ཚའམ་སྙམ་པ་ཤར་ཞེས་གྲུབ་དབང་སྟོབས་ལྡན་སྔགས་རམས་པ་ལ་གསུངས།ཡང་ང་གསང་བ་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་སྙམ་པ་ཡོད་ཀྱང་རླུང་རྒྱུ་ལུགས་འདུས་པ་དང་མི་མཐུན་པ་འདུགཁོ་བོ་གཞོན་དུས་ནས་རྩ་རླུང་ཐིག་ལེ་རང་གྲོལ་དུ་ཡོད་ཅེས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་གསུངས་པར་ལྕང་སྐྱ་རྡོ་རྗེ་འཆང་གིས་གསུངས་ཞེས་སྐྱབས་མགོན་མཆོག་གི་ཞལ་ནས་ཐོས་ཏེ་གསུང་དེ་གཉིས་ནི་རིམ་གཉིས་ཀྱི་རྣལ་འབྱོར་ལྷན་སྐྱེས་སུ་ཡོད་པའི་བརྡར་གདོན་མི་ཟའོ། །དགུང་ལོ་རེ་གཅིག་པ་ཤིང་སྦྲུལ་ལ་ཞི་བར་གཤེགས་ཏེ་གདུང་ཞུགས་ལ་ཕུལ་བ་ལ་ལུས་དཀྱིལ་གྱི་ལྷ་གནས་སོ་སོར་བདེ་མཆོག་གི་ལྷ་ཡོངས་རྫོགས་བྱོན་ཀྱང་སྒོ་མཚམས་མ་བརྒྱད་ཡོངས་གྲགས་ཀྱི་གནས་དང་མི་མཐུན་པར་གནས་གཞན་དུ་བྱོན།དེའི་ནང་ནས་ཐུགས་ལ་བདེ་མཆོག་ཞལ་ཕྱག་ཡོངས་རྫོགས་བྱོན་པ་ཁྲི་ཆེན་ནོ་མོན་ཧན་གྱིས་བཞེས་ནས་གསང་སྔགས་མཁར་གྱི་འཇིགས་བྱེད་ཀྱི་ནང་རྟེན་དུ་བཞུགས།མཐེ་བོང་གཡས་པ་ལ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་བྱོན་པ་རྗེ་རང་གི་གཅུང་འཚོ་བྱེད་ངག་དབང་དར་རྒྱས་ཀྱིས་རང་ཡུལ་དུ་གདན་དྲངས་པ་ཁྲི་ཆེན་ངག་དབང་བཀྲ་ཤིས་པས་བཞེས་ནས་ད་ལྟ་བཀྲ་ཤིས་འཁྱིལ་གྱི་བྱམས་པའི་གཙང་ཁང་གི་ཉེ་སྲས་ནང་ཚན་ཀུན་ཏུ་བཟང་པོའི་ཐུགས་ཁར་བཞུགས།གཞན་ཡང་རྣ་ལྟག་གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ་སོགས་སྐུ་དང་རིང་བསྲེལ་གྱི་གོང་བུར་གྱུར་ཅེས་རྣམ་ཐར་གྱི་ཟིན་བྲིས་ཤིག་ལས་འབྱུང་ངོ་། །དེ་ལྟར་སྐུ་གཤེགས་ལ་ཉེ་བ་ན་ཁྲི་ཆེན་ནོ་མོན་ཧན་དང་ཕྱག་མཛོད་རབ་འབྱམས་པ་ངག་དབང་ཕུན་ཆོགས་སོགས་ཀྱིས་ད་དུང་བསྟན་འགྲོའི་དོན་དུ་ཞབས་པད་བརྟན་དགོས་ཚུལ་དང་།ཞིང་གཞན་དུ་ཐུགས་དགོངས་གཏད་པ་ཅིས་ཀྱང་བསྒྱུར་མི་བཏུབ་ཚེ། ངེད་ཅག་རྣམས་ལ་བརྩེ་བས་དགོངས་ཏེ་ཡང་སྲིད་འཁྲུལ་བྲལ་ཞིག་ཅིས་ཀྱང་འབྱོན་དགོས་ཞེས་ཡང་ཡང་ནན་གྱིས་ཞུས་པས།སེམས་ངལ་མི་དགོས།སྤྱིར་རྗེ་རིན་པོ་ཆེའི་བསྟན་པ་དང་ཁྱད་པར་རང་གི་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ལེགས་བཤད་དར་ས་ཞིག་ལ་འདུན་པ་གཏོང་གསུངས།ཡུལ་ཕྱོགས་ག་འདྲ་ཞིག་ལ་ཨང་ཉན་བྱས་ན་དགའ་ཞུས་པར། པཎ་ཆེན་ཐམས་ཅད་མཁྱེན་པ་དང་ལ་མོ་ཆོས་སྐྱོང་གཉིས་ལ་ཞུས་གསུངས། ལུང་བསྟན་ཐམས་ཅད་མཐུན་པར་དགའ་ལྡན་གྱི་ཉེ་འདབས་ཆ་ཞེས་བྱ་བའི་ཡུལ་དུ་ཨང་ཉན་གྱིས་གསུངས་པ་ལྟར། དེར་ཡུམ་ལ་བསྙུན་སོགས་མེད་པར་ཡོངས་གྲགས་ཀྱི་མངལ་ལས་མཐོ་ཙམ་དུ་བྱིས་པ་ཞིག་ཆགས་ཤིང་།ཡབ་ཡུམ་ལ་ངོ་མཚར་བའི་རྨི་ལམ་གྱི་མཚན་མ་མང་དུ་བྱུང་།ལུས་ཀྱི་ཕྱིར་མངོན་ཙམ་བྱུང་བ་ན་ལྷ་རྗེ་འགའ་ཞིག་གིས་སྐྲན་དུ་གོ་ནས་ཡུམ་ལ་སྨན་མང་དུ་ཕུལ་ཞིང་བསྙུང་བར་བཞུགས་བཅུག་པས།ཟླ་གྲངས་རྫོགས་པ་ན་ཤེལ་སྒོང་ལྟ་བུའི་ཕྲུ་མའི་ནང་ན་ཡོད་པའི་བྱིས་པ་ཞིག་བཙས་ཤིང་།ཕྲུ་མ་བསལ་པའི་ཆོ་ག་བྱས་པ་ན་སྐུ་ཉམས་ཤིན་ཏུ་ངན་ནས་བསྐྱེད་བསྲིང་བའི་ཆོ་ག་བྱས་ཀྱང་མ་ཕན་པར་ཟླ་བ་གསུམ་ཙམ་ནས་སྐུ་གྲོངས་སོ། །སླར་ཡང་རྒྱལ་བ་ཡབ་སྲས་དང་ཆོས་སྐྱོང་ཁག་ནས་སྔར་གྱི་དེར་ཨང་ཉན་གྱིས་གསུངས་པ་ལྟར་རབ་བྱུང་བཅུ་གཉིས་པའི་མེ་ལུག་གི་ལོ་མཆོག་གི་སྤྲུལ་བའི་སྐུ་འདི་ཉིད་སྔར་གྱི་ཡབ་ཡུམ་དེ་ཀ་ལ་འཁྲུངས།དེའི་ཚེ་ལུང་བསྟན་ཀུན་མཐུན་པར་སྤྲུལ་སྐུ་འཁྲུལ་མེད་ཡིན་པས་ཚུར་མྱུར་བར་བླངས་ནས་གཙང་སྦྲ་བྱས་ན་ལེགས་གསུངས་པ་ལྟར།དགུང་ལོ་གསུམ་པའི་ཚེ་ཡུམ་དང་བཅས་གུང་ཐང་དུ་གདན་དྲངས་ཏེ་བཞུགས་ཤིང་ཚོགས་མང་ལ་མཇལ་ཁ་ཡང་གནང་བ་ཤིན་ཏུ་ངོ་མཚར་བའི་གནས་སུ་སྣང་། སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་སུ་ཡང་ཞོགས་ཁ་སྔ་བར་བཞེངས་ཏེ་སྐྱབས་འགྲོ་དང་དམིགས་བརྩེ་མ་འདྲེན་པ་དང་།ངའི་ཡུལ་ཨ་མདོ་ན་ཡོད་སོགས་སྔོན་གནས་རྗེས་དྲན་གྱི་གསུང་འབྱོན་པ་དང་།སྐུ་རྩེད་མཛད་པ་ན་ཡང་ཆོས་འཆད་པ་བགྲོ་གླེང་གཏོང་བ་དམ་བཅའ་འཇོག་པ་ལིངྒ་བསྒྲལ་ཆོག་གི་རྣམ་པ་མཛད་པ་སོགས་དམ་པའི་སྤྱོད་པ་ལྷུན་གྱིས་གྲུབ་པ་བྱུང་། དགུང་ལོ་ལྔ་བའི་ཚེ་བསྟན་པའི་གསལ་བྱེད་དམ་པ་རྒྱལ་སྲས་ཡེ་ཤེས་གྲགས་པའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་བཏགས།དགུང་ལོ་བདུན་པའི་ཚེ་མཁན་པོ་དེ་ཉིད་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་བླང་དོར་གྱི་གནང་བཀག་ཕྲ་མོ་ཙམ་ལས་ནམ་ཡང་མི་འདའ་བར་མཛད། ལོ་དེར་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས།ཚ་ཁོ་ཟངས་དཀར་གྱི་རབ་འབྱམས་པ་བསོད་ནམས་དར་རྒྱས་སམ་དགེ་བཤེས་ཡངས་པ་ཅན་དུ་གྲགས་པ་དགེ་རྒན་དུ་བསྟེན་ནས་བསྡུས་གཞུང་ལ་སྦྱངས།འཇིགས་བྱེད་ཀྱི་ཆོ་ག་དང་འཇམ་དཔལ་མཚན་པརྗོད་ཀྱི་ཞལ་འདོན་ཆག་མེད་མཛད་ཅིང་སྒོ་མང་དཔོན་སློབ་བློ་བཟང་དམ་ཆོས་པའི་དྲུང་དུ་ཚིག་བཞག་དང་བཀའ་ཆོས་འགའ་ཞིག་ཀྱང་གསན།དགུང་ལོ་དགུ་བའི་ཚེ་རྒྱལ་དབང་བདུན་པ་མགར་ཐར་ནས་ལྷ་སར་ཕེབས་པར་མཇལ་ཁ་ཞུས་པས་རྒྱལ་དབང་མཆོག་དང་། ཁྲི་ཆེན་ནོ་མོན་ཧན། ལྕང་སྐྱ་ཐམས་ཅད་མཁྱེན་པ་སོགས་ཀྱིས་བཀུར་གཟོས་ཤིན་ཏུ་ཆེ་བ་མཛད། སྔར་ཁྲི་ཆེན་དེ་ཉིད་ནས་རྗེ་འཇམ་དབྱངས་བཞད་པ་འགྲན་ཟླ་མེད་པའི་བླ་མར་བཟུང་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པ་ཚད་མེད་པ་བསྒྲུབས་ཤིང་ཡབ་སྲས་རྣམས་ནས་ཇོ་བོ་རིན་པོ་ཆེའི་དྲུང་དུ་མདོ་སྨད་དུ་བསྟན་པ་སྤེལ་བའི་ཐུགས་སྨོན་ཕྱོགས་གཅིག་ཏུ་གནང་བ་དང་།ཀུན་མཁྱེན་རིན་པོ་ཆེ་མདོ་སྨད་དུ་ཆིབས་བསྒྱུར་སྐབས་དུང་དཀར་པོ་དྲི་མ་མེད་པ་ཕྱག་ཏུ་ཕུལ་ཏེ་ཁྱེད་ཀྱི་ལེགས་བཤད་དར་བའི་ཕྱོགས་དེར་བདག་གིས་ཆོས་ཀྱི་དུང་སྒྲོག་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའི་རྟེན་འབྲེལ་གྱི་འབྲས་བུ་སྨིན་པའི་དུས་ལ་བབས་པ་ན་འདི་ནས་འཇམ་མགོན་ཁྲི་རིན་པོ་ཆེ་དང་།གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་གཉིས་ནས་དཔོན་ཇུ་ནང་མིའི་དབང་མོ་རྣམ་རྒྱལ་སྒྲོལ་མ་ལ་ཡང་ཡང་སྙན་བསྐུལ་ཞུས་པར་བརྟེན་ལོ་འདིར་རྒྱལ་དབང་མཆོག་གི་འཚམས་ཞུས་དང་།དཔོན་ཇུ་ནང་གི་དགོངས་རྫོགས་སྒྲུབ་པ་དང་སྦྲགས་ཏེ་རྗེ་འདི་གདན་འདྲེན་ཞུ་བའི་ཆེད་དུ་དཔོན་ཚང་ནས་དར་ཧན་ཐེའི་ཇི།ཇོ་རིག་ཐུ་ཨེམ་ཆི།ཨེར་ཁེ་ཇེ་སང་གསུམ་དབུས་སུ་མངགས་ཏེ།མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་དྲུང་དུ་སྔ་སོར་བླ་མ་འདི་གདན་འདྲེན་གྱི་ཆེད་གཞུང་སར་ཞུ་བ་ལན་གསུམ་ཕུལ་ཡང་མ་གནང་། ད་རེས་ཅིས་ཀྱང་གནང་དགོས་ཞེས་དཔོན་ཇུ་ནང་གི་སྐང་རའི་རྣམ་པའི་ཞལ་ཆེམས་དང་། དེ་མཚུངས་དཔོན་མོ་རྣམ་རྒྱལ་སྒྲོལ་མས་ཀྱང་ཞུ་ཡིག་དང་ངག་མ་ནན་ཅན་ཕུལ་བར་མི་དབང་ནས། དཔོན་དཱའི་ཆིང་ཧོ་ཤུའི་ཆི་ཡབ་ཡུམ་ཐུགས་བདེན་ཀྱང་སྔོན་ཆད་པཎ་ཆེན་རིན་པོ་ཆེའི་བརྟག་པ་མ་ཆུད། ད་རེས་པཎ་ཆེན་རིན་པོ་ཆེ་ནས་བརྟག་པ་ཆུད་ན་གང་གསུང་ལྟར་ལས་མེད་ཅེས་བཀའ་ཕེབས།པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ནས་གུང་ཐང་སྤྲུལ་སྐུ་ད་ལོ་ཕེབས་ན་མདོ་སྨད་དུ་བསྟན་འགྲོར་ཕན་ཐོགས་ཡོང་གསུངས་པས་མི་དབང་ནས་དགོངས་པ་ཁྲོལ།རྒྱལ་དབང་རིན་པོ་ཆེར་ཐོན་ཕྱག་ཞུས་པར་ཁྱེད་ཀྱི་སྐུ་གོང་མ་གཞན་དང་མི་འདྲ་ཞིང་།སྐུ་ཚེ་འདིར་ཡང་སྔོན་གྱི་ཐུགས་སྨོན་ཁྱད་པར་ཅན་ཡོད་པས་ད་ལམ་ལོ་གསུམ་ཙམ་ལ་མཚོ་སྔོན་གྱི་ཕྱོགས་སུ་འགྲོ་དོན་མཛོད།ལོ་གསུམ་ནས་ཡར་ཕེབས་ཏེ་ཐུགས་གཉེར་བསྟན་འགྲོ་ལ་ཕན་ངེས་ཤིག་མཛད་དགོས་སོགས་དགྱེས་པའི་བསླབ་བྱ་མང་པོ་མཛད།རྒྱལ་བ་ཉིད་ཀྱི་ཕྱག་གིས་ཚེ་དཔག་མེད་ཀྱི་སྐུ་བྱིན་ཅན་ཞིག་གནང་ཞིང་གཞན་ཡང་ཐོན་ཕྱག་སྤམ་མཐོ་བ་བསྩལ། དེ་མཚུངས་མི་དབང་ནས་ཀྱང་ཁོ་བོས་རྒྱལ་ས་འདི་ལེན་སྐབས་མི་མང་པོ་བསད་པའི་སྡིག་ཆེ་བས་ཁྱེད་ཀྱི་ཐུགས་ལ་འཛིན་དགོས།ཕྱོགས་གཞན་ལ་ཕེབས་འཇུག་རྩིས་མེད་ཀྱང་དཔོན་མོ་རྣམ་རྒྱལ་འདི་ངའི་མ་དང་འདྲ་ཞིང་ཡང་ཡང་བསྐྱར་བས་ད་ལན་ཕེབས་དགོས་བྱུང་ཡང་ལོ་གསུམ་ནས་ཅིས་ཀྱང་དབུས་སུ་འབྱོན་དགོས་གསུངས་ནས་ཐོན་ཕྱག་ཕོན་ཆེ་བ་ནས་བཀའ་ཤོག་ཀྱང་གནང་།ཁྲི་ཆེན་ནོ་མོན་ཧན་ནས་ཀྱང་སྐུ་གོང་མ་དེ་ཉིད་རང་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན་པས་གུས་པས་ཕུ་དུད་བྱ་བའི་གནས་སུ་བཟུང་སྟེ་མཇལ་ཁ་ཞུས་ནས་ཕེབས་རྫོང་༼རྫོངས༽རྒྱ་ཆེ་བ་བསྟར་ཞིང་མཆོད་ཡོན་ཟུང་གི་བཀའ་གནང་ལྟར་ང་རྒད་པོ་ཡོད་རིང་ལ་ཅིས་ཀྱང་ཕེབས་དགོས་ཞེས་ཐུགས་འཕྲངས་པའི་གསུང་དང་བསླབ་བྱ་མང་པོ་བསྩལ། འབྲས་སྤུངས་ནས་ཆིབས་བསྒྱུར་སྐབས་གྲྭ་ཚང་ནས་ཐལ་སྐད་དང་དར་ཡུག་སོགས་ཀྱི་རྟེན་འབྲེལ་བསྒྲིགས་ཤིང་ལྷ་སར་མཆོད་མཇལ་ཞིབ་རྒྱས་མཛད་དེ་རིམ་གྱིས་མདོ་སྨད་དུ་བྱོན་པར་འབྲི་ཆུ་ནས་བཟུང་སྟེ་དཔོན་ཚང་གི་བསུ་བ་སྔ་ཕྱི་དུ་མ་དང་རྨ་ཆུ་ནས་རིམ་གྱིས་གང་ཅིའི་ཡོ་བྱད་ནམ་མཁའ་མཛོད་ལྟ་བུས་ལེགས་པར་བསྙེན་བཀུར་བ་དང་བཅས་མེ་འབྲུག་གི་དབྱར་ཨུཪྒེར་ཕྱག་ཕེབས་ཤིང་དབྱར་ཐོག་དེར་བཞུགས། དཔོན་ཚང་ནས་སུ་རུག་དང་ལྷ་སྡེ་ཤྭ་བོ་ཆུ་ནག་གི་ས་ཆ་སོགས་ཕུལ་ཏེ་ཤངས་ལེན་ཀྱང་ཡང་དག་པར་བསྒྲུབས། དེ་སྐབས་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པ་སོག་ཡུལ་དུ་ཕེབས་པའི་ཞར་ལ་རྟ་བཅོ་ལྔ་སོགས་ཀྱི་ཕྱག་རྟེན་དང་བཅས་སྐུ་མདུན་དུ་མཇལ་ཏེ།ཁྱེད་ཀྱི་སྐུ་གོང་མས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་ལྷན་དུ་ཐུགས་སྨོན་དང་ཞལ་བཞེས་ཇི་ལྟར་གནང་བ་ལྟར་བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་ཞེས་ཞུ་བ་ཕུལ་བས་མཚམས་སྦྱར་ཏེ་ལོ་དེའི་སྟོན་ཀ་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།འཇམ་མགོན་ཁྲི་རིན་པོ་ཆེ་དང་གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་གཉིས་ནས་ཁྲི་ཆེན་སྐུ་གོང་མ་དེ་ངེད་རང་ཚོའི་བཀའ་དྲིན་འཁོར་མེད་ཀྱི་བླ་མ་ཡིན་གསུངས་ནས་བཀུར་གཟོས་ཆེ་བར་མཛད། ཁྲི་རིན་པོ་ཆེས་རྗེ་འདི་བའི་ཐུགས་གཉེར་གྱི་ཆེད་དུ་བསྡུས་གྲྭ་ཞིག་ཀྱང་ཆེད་གཉེར་གྱིས་བརྩམས་ཏེ་ད་ལྟ་བསྡུས་གྲྭ་རྒྱས་པ་ཞེས་གྲགས་པ་རྩོམ་འཕྲོ་ཅན་འདི་ཡིན་ནོ། །ས་རྟའི་ལོ་གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་ཁྲིར་ཕེབས་པའི་དྲུང་ནས་བསྡུས་གྲྭའི་འཕྲོ་དང་བློ་རྟགས་དབུ་ཕར་བཅས་གསན་ཏེ། དགུང་ལོ་ཉི་ཤུ་བ་མེ་སྟག་གི་བར་དུ་མདོ་སྔགས་ཀྱི་གསན་བསམ་རྒྱ་ཆེན་པོ་མཛད། སྐྱབས་མགོན་རྡོ་རྗེ་འཆང་གི་དྲུང་ནས་བྱམས་ཆོས་ལྔ། འཇུག་པ། རིགས་ཚོགས། མཛོད་དང་རྣམ་འགྲེལ་ཉི་རྩ་བ་སོགས་ཀྱི་ལུང་གསན་ཅིང་།དེ་དག་གི་འགྲེལ་བ་དང་འགྲེལ་བཤད་སྤྱི་ཐལ་སོགས་ལ་ཞིབ་ཏུ་གཟིགས་ནས་དཔྱད་པ་འབའ་ཞིག་མཛད་པས་ཚིག་སྤྱི་ཙམ་མ་ཡིན་པར་དོན་གྱི་གནད་ཐམས་ཅད་རྗེན་པར་ཤར་བས་ཐོས་བསམ་ཅི་ཙམ་མཛད་པ་ཐམས་ཅད་རྟོགས་པའི་བོགས་འདོན་དུ་འགྱུར་བ་ཞིག་ཡོད་པར་སྣང་སྟེ།གསུང་རབ་ཀྱི་དོན་ལ་དཔྱོད་པ་དང་བཅས་སྐྱོར་སྦྱངས་མཛད་པ་ན་སྤྱན་ཆབ་དབང་མེད་དུ་འཆོར་བ་ཞིག་ཡོད་པར་མཉམ་དུ་སྐྱོར་སྦྱངས་མཛད་པ་རྣམས་ཀྱིས་གླེང་བ་ཐོས་སོ། །ཚད་ལྡན་གྱི་རྡོ་རྗེ་སློབ་དཔོན་དུ་མ་བསྟེན་ཏེ་ཡི་དམ་དུ་མའི་དབང་དང་རྗེས་གནང་བསྐྱེད་རྫོགས་དུ་མའི་བཤད་པ་དང་ཁྲིད་མཐའ་ཡས་པ་གསན་ཅིང་།དེའི་ཡན་ལག་གར་ཐིག་དབྱངས་གསུམ་རོལ་མོ་རྡུང་ལུགས་ཚུན་ཆད་ཀྱང་ཞིབ་ཏུ་བསླབས་པས་གསང་སྔགས་ལ་མཁས་པའི་ཚད་དུ་ཕྱིན།དེ་ཡང་སྔགས་ཟ་ཆོས་སུ་ཁྱེར་བ་མ་ཡིན་པར་བསྟན་པ་ཐུགས་ལ་བཅང་ནས་བཀའ་དམ་དོག་ཆེ་ཞིང་།ཕྱག་ལེན་རེ་མཛད་པ་ན་ཡང་གང་ཞིབ་ཞིབ་གནང་བས་ཐ་ན་བུམ་པའི་ཁ་རྒྱན་འཇོག་ལུགས་དང་།བསང་ཆུ་འཐོར་ལུགས།བགེགས་གཏོར་ཙམ་བཤམས་ལུགས་ཀྱང་བྱེད་དཀའ་བ་ཞིག་ཡོད་ཅེས་དྲུང་དུ་བཏུད་པའི་གྲྭ་སློབ་རྣམས་ཀྱིས་མགྲིན་གཅིག་ཏུ་གླེང་ངོ་། །རོང་བོ་མེར་གན་ཆོས་རྗེ་ངག་དབང་རྒྱ་མཚོ་དང་འཚོ་བྱེད་ངག་དབང་ནོར་བུ་སོགས་ཐ་སྙད་རིག་པའི་སློབ་དཔོན་དུ་མ་བསྟེན་ཏེ།སྒྲ་དང་སྙན་ངགརྩིས་དཀར་ནགསྨན་དང་སྡེབ་སྦྱོར་སོགས་ཞིབ་ཏུ་སྦྱངས་པས་ཀུན་བཤད་ཀྱི་མཚན་ཚངས་སྲས་དགྱེས་པའི་རྡོ་རྗེ་ཞེས་ལྔ་རིག་སྨྲ་བ་ཡོངས་ཀྱི་དབུས་ན་མཁས་པའི་སྙན་པ་མངོན་པར་མཐོ་ཞིང་གསུང་རྩོམ་གྱི་རིམ་པ་ཡང་མང་དུ་སྣང་།ལར་སྐུ་གསུང་ཐུགས་ཀྱི་ཀུན་སྤྱོད་མཐའ་དག་སྔོན་གྱི་བཀའ་གདམས་གོང་མའི་རྣམ་ཐར་ལས་མི་འདའ་ཞིང་།རྟག་ཏུ་དམན་ཆ་ཁོ་ན་བཞེས་ཏེ་ཆེ་ཚུགས་དང་འགྱིག་བག་མི་མཛད་པར་ཚོགས་སུ་ཕེབས་སྐབས་སུ་ཡང་སྒོ་འཕྱོར་ནས་སྐྱོར་སྦྱངས་དང་།རྡོ་བཅལ་ནས་ཕྱག་སྦྱངས་མཛད་ནས་བཞུགས་པ་དང་།ཆོས་ཐོག་གི་དགུང་ཇ་ཙམ་ཡང་ཆག་མེད་དུ་འགྲིམས་པས།ལས་སྣེ་བརྩི་ཐལ་ཆེས་པ་ལྟ་བུས་དགུང་ཇ་གཅིག་གི་རྗེས་མ་ཟིན་པའི་དབང་གིས་དགེ་བསྐོས་ཀྱིས་ཀྱུག་པ་བཏང་བའི་ལོ་རྒྱུས་ཀྱང་སྣང་།གསུང་ངག་ཤིན་ཏུ་འཇམ་ཞིང་གསོང་བོར་སྨྲ་བ་ལས་ལོག་སྒྲུབ་ཇི་ལྟར་བྱས་ཀྱང་ཚིག་རྩུབ་ལྟ་ཞོག་ཞལ་འགྱུར་བ་ཙམ་ཡང་མི་མཛད་པར་སྤྱན་སྔར་ཉེ་བའི་སྐྱེ་བོ་ཐམས་ཅད་མགྲིན་གཅིག་ཏུ་གླེང་བ་ཐོས་ལ།ཐུགས་དྲན་ཤེས་ཀྱིས་རྒྱུན་དུ་བཅིངས་པས་གང་མཛད་བསྟན་འགྲོའི་དོན་མ་གཏོགས།ད་རེས་ཕྱོགས་ལྷུང་དང་རང་དོན་གྱི་འཁྲི་བ་ཅུང་ཟད་ཀྱིས་གོས་ཞེས་བྱ་བ་ཞིག་གང་གི་ཡང་དྲན་ལམ་དུ་འགྱུར་བ་ཙམ་ཡང་མེད་ལ་བསྟན་འགྲོའི་དོན་དུ་འགྱུར་ན་ལུས་སྲོག་ལ་ཡང་ལྟོས་པ་མེད་པའི་རྒྱལ་སྲས་སྙིང་སྟོབས་ཆེན་པོ་རྣམས་ཀྱི་རྣམ་ཐར་བདག་གིར་མཛད་པ་ཡིན་སྣང་སྟེ་མགོན་པོའི་གཏོར་སྒྲུབ་ཀྱི་སྨྲ་བཅད་ཞིག་གི་སྐཔས་ཡིད་གླུར་བླངས་པ་སླར་ཡི་གེར་བྲིས་པའི་གསུང་མགུར་ལས།ཐ་ཆད་ཀྱི་ཡུལ་དུས་འདི་ལྟ་བུར། །བསྟན་པ་དང་འགྲོ་ལ་ཕན་ཐོགས་ཤིང་། །བདག་འདྲ་ཡིསསྒྲུབ་པ་དཀའ་ན་ཡང་།།སྙིང་སྟོབས་དང་བརྩོན་འགྲུས་ཆེར་བསྐྱེད་ནས། །བཤད་སྒྲུབ་ཀྱི་བྱ་བ་ལ་འབད་ན། །བསྟན་འགྲོ་ལ་ཕན་པ་འབྱུང་སྲིད་ན། །སྒྱུ་མ་ཡི་ལུས་འདི་རིང་འཚོ་ཞིང་།རྣམ་དཀར་གྱི་བྱ་བ་ཡར་ཟླ་ལྟར། །འཕེལ་རྒྱས་སུ་འབྱུང་བར་མཛད་དུ་གསོལ། །གལ་ཏེ་ན་གཞན་ཕན་ནམ་མཁའ་ཡི། །པད་མོ་ཡི་མཆེད་ཟླར་ངེས་འགྱུར་ན། །ཚེ་འདི་ཡི་སྣང་བ་མྱུར་འགགས་ནས། །ཕན་པ་དང་བདེ་བའི་ལེགས་ཚོགས་སམ། །ཀུན་མཁྱེན་གྱི་བསྟན་པ་རིན་ཆེན་ལ། །རྒྱ་ཆེན་གྱི་ཕན་པ་སྒྲུབ་ནུས་པའི། །དལ་འབྱོར་གྱི་ལུས་རྟེན་གསར་བ་ཡི། །དགའ་སྟོན་ལ་མྱུར་དུ་སྤྱོད་པའི་གྲོགས། །མྱུར་མཛད་ཀྱི་མགོན་པོ་ཉིད་རང་མཁྱེན། །དེ་སྐད་ཀྱི་གསོལ་འདེབས་གླུ་ཆུང་འདི། །སྙིང་ཁོང་ནས་མིན་པར་ཁ་ཙམ་ཞིག ། ཡིན་ན་ནི་མཐུ་ལྡན་ཚོགས་རྣམས་ཀྱིས། །བདག་ཉིད་ཀྱི་མགོ་བོ་སྟོང་དུ་ཁོས། །ཞེས་གསུངས་སོ། །བསྟན་པའི་རྒྱུན་ལ་དགོངས་ནས་མཚན་ཉིད་ཀུན་ལྡན་གྱི་སློབ་དཔོན་དུ་མ་འབད་པས་བཙལ་ཏེ་དབང་ལུང་རྗེས་གནང་ཟབ་ཁྲིད་སོགས་མཐའ་ཡས་པ་ཞིག་གསན་སྣང་ཡང་བྲིར་མི་ལང་བས་གསན་ཡིག་ཏུ་ཤེས་སོ། །དེ་ལྟར་མང་ཐོས་ནམ་མཁའ་ལྟར་རྒྱ་ཆེན་པོ་མཛད་པ་ཡང་།གཅིག་ཏུ་རྒྱལ་བའི་བསྟན་པ་ཐུགས་ལ་བཅང་བའི་རྣམ་ཐར་ཡིན་ཏེ།ཉིད་ཀྱི་གསན་ཡིག་རིན་ཆེན་ཕྲེང་མཛེས་ལས།སྟོབས་བཅུ་མངའ་བའི་བསྟན་པའི་ཉིན་མོར་བྱེད། །ཆུ་ལྷའི་ཕྱོགས་ཀྱི་ས་འཛིན་རྩེ་མོར་གཞོལ། །ལྔ་ཕྲག་སྙིགས་མའི་གྲིབ་སོ་རིམ་གྱིས་འཕེལ། །ཕན་བདེའི་པད་ཚལ་ཉམས་པའི་དུས་མཐའ་འདིར། །ཐོས་དང་བསམ་པས་བསྟན་པའི་སྒོར་ཞུགས་ཀྱང་། །ཉམས་རྟོགས་འབྲས་བུ་སྨིན་དུ་རེ་བའི་ཚེ། །འདི་སྣང་རྙེད་བཀུར་སྙན་གྲགས་ཕུན་ཚོགས་ཀྱིས། །མགོ་བོ་བསྐོར་ནས་གཏན་འདུན་ཅི་ཡང་བརླག ། འདུ་བྱས་མི་རྟག་ཆོས་ཀུན་བདེན་མེད་ཅེས། །ལུང་རིགས་གད་རྒྱངས་སྨྲ་བོ་ཕལ་ཆེ་བ། །རྟག་པར་འཛིན་དང་བདག་ལྟ་ཨ་འཐས་སུ། །སོང་བར་མཐོང་ཚེ་ཤེས་ལྡན་གད་མོ་བྲོ། །ཡིད་འོང་རྒྱན་དང་ལྡན་པའི་བ་ལང་དང་། །ལོ་འདབ་མཛེས་པར་གཡོ་བའི་ཨེ་རཎྚ། །ཐོས་དང་བྲལ་བའི་དེང་དུས་སྒོམ་ཆེན་རྣམས། །ལྟ་ན་སྡུག་ཀྱང་དོན་གྱི་སྙིང་བོས་དབེན། །མི་གཙང་རྫས་སྣོད་ལུས་ཕྲར་ཆགས་གྱུར་ཅིང་། །ལས་འབྲས་ཁྱད་གསོད་དུག་གསུམ་གདོན་གྱིས་བརླམ། །གྲུབ་པ་ཐོབ་པར་ཁས་འཆེ་མང་པོ་ཞིག། །ནག་ཆང་སྤྱོད་འདིས་དང་ཁ་འགགས་སྙམ་བྱེད། །ཚེ་སྔོན་སྦྱངས་པའི་དམ་པའི་བག་ཆགས་བརྗེད། །བླང་དོར་འབྱེད་པའི་བློ་གྲོས་དཀོར་གྱིས་བསྒྲིབས། །འགྲོ་ཕན་ལྷག་བསམ་ཉམས་པའི་སྐུ་སྐྱེའི་ཚོགས། །ཟོག་རྫུ་རང་མཚང་སྟོན་ལ་འབད་པར་བྱེད། །ཆེས་ཆེར་རྨོངས་པའི་ན་ཀྲའི་ཀྲོང་ཁྱེར་དུ། །བསམ་ངན་དུག་གིས་ཐར་བའི་སྲོག་འཕྲོག་ཅིང་། །བླུན་གཏམ་འབྲེལ་མེད་ཕུད་སྒྲ་སྒྲོག་བྱེད་པའི། །དེང་དུས་བཤེས་གཉེན་ཕལ་ཆེར་སྦྲུལ་གདུག་འདྲ། །དབང་ལུང་ཟབ་ཁྲིད་རང་གིས་མ་མནོས་བཞིན། །ཟང་ཟིང་མཐོང་ཚེ་ལྷུག་པར་འདོམས་པ་རྣམས། །ཚེ་འདིར་ཁེ་དང་རྒྱལ་ཁ་བཞེས་མཛོད་ལ། །ཕྱི་མ་མནར་མེད་གནས་སུ་མི་འགྱོད་འཚལ། །དེ་ལྟར་ཆེར་སྙིགས་མི་ཟད་གཅོང་རོངས་སུ་༼རོང་དུ༽། །སྦྱོད་ངན་དུག་གི་ཚེར་མའི་ཚོགས་འཁྲིགས་པའི། །ཚུལ་འདིས་སྐྱེངས་ཏེ་དམ་པའི་སྐྱེས་བུ་རྣམས། །ཞི་བའི་དབྱིངས་སུ་གཟིམས་ནས་ཤུགས་རིང་འབྱིན། །ཞེས་བསྟན་འགྲོའི་བདེ་སྐྱིད་འགྲིབ་པ་ལ་ཐུགས་ཀྱི་གཏིང་ནས་མི་བཟོད་པའི་སྐྱོ་བ་འཁྲུངས་ཚུལ་དང་། །དེ་འདྲའི་དུས་སུ་རང་ཉིད་ཀྱིས་ཐུབ་བསྟན་འཛིན་སྐྱོང་ཁུར་དུ་བཞེས་པའི་ཚུལ་ཡང་།དེ་ཉིད་ལས།བསྲེགས་བཅད་བརྡར་བའི་ས་ལེ་སྦྲམ་བཞིན་དུ། །དཔྱད་གསུམ་དག་པའི་དམ་པའི་ཞིལ་ལུང་རྣམས། །ནམ་མཇུག་རྫོགས་པའི་དུས་ཀྱི་ཉལ་འགྲོ་བཞིན། །དུས་ཀྱི་དབང་གིས་རིམ་གྱིས་ཇེ་ཕྲར་གྱུར། །འོན་ཀྱང་སྔོན་བསགས་མི་དམན་སྐྱ་རེངས་ཀྱིས། །དྲངས་པའི་དལ་འབྱོར་མི་ལུས་རྟ་ལྗང་ཅན། །བསྟན་པའི་པད་ཚལ་རྒྱས་པར་བྱེད་པ་འདི། །ཐོས་བསམ་སྒོམ་པའི་རྟེན་དུ་ཁོ་བོས་ཐོབ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་དྲན་པ་ཙམ་གྱིས་སྲིད་ཞིའི་རྒུད་པ་ཀུན་སེལ་དམ་པ་དུ་མ་བསྟེན། །བསྟེན་པ་དོན་ལྡན་བགྱིད་ཕྱིར་ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་གནས་ཟབ་མོའི་ཆོས་ཚུལ་མང་ཞིག་ཐོས། །ཐོས་གྲངས་བསགས་ཙམ་མིན་པར་བསམ་དང་བསྒོམ་པས་དལ་འབྱོར་རིན་ཆེན་རྟེན་བཟང་དོན་ལྡན་བྱས། །བྱས་ཚུལ་དམ་པའི་རྣམ་ཐར་རྗེས་འགྲོ་དྲན་ཚེ་ཚངས་སྲས་དགྱེས་པའི་རྡོ་རྗེའི་སེམས་བག་གཅིག་ཏུ་དྲོ། །ཞེས་དང་། བདག་བློ་དད་པའི་ས་བོན་གྲུང་བོ་ལས། །རྒྱ་ཆེན་མང་ཐོས་མྱུ་གུ་ཅི་ཡང་འཕེལ། །གང་དེ་འཇམ་དབྱངས་བླ་མའི་ཉིན་བྱེད་ཀྱིས། །བླ་མེད་ཐུགས་རྗེའི་འོད་ཀྱིས་བསྐྱངས་པ་ལས།ཡང་དག་ལམ་གྱི་འདབ་བརྒྱ་བཞད་པའི་རྩེར། །སྐུ་གསུམ་རྡོ་རྗེ་འཆང་དེ་ཅིས་མི་འཁྲུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དགུང་ལོ་བཅུ་གཅིག་ནས་ཉི་ཤུའི་བར་དུ་ཕྱོགས་གཞན་དུ་ཆིབས་བསྐྱོད་ཆེར་མེད་པར་བཀྲ་ཤིས་འཁྱིལ་རང་དུ་མདོ་སྔགས་རིག་གནས་ཀྱི་གསན་སྦྱོང་འབའ་ཞིག་གཙོ་བོར་བྱས་ནས་སྔོན་བྱོན་དམ་པ་རྣམས་ཀྱིས་དམ་ཆོས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་རྣམ་ཐར་ཕྱག་ལེན་ལ་ཐེབས་པར་མཛད།དགུང་ལོ་ཉི་ཤུ་བ་ལ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་ཐུགས་སྲས་དམ་པ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་བ་ལས་ཐུགས་རྫོགས་བཞེས་པ་དང་།ཟབ་ཆོས་དུ་མ་གསན་པ་སོགས་ཀྱི་ཆེད་རྔ་ཡུལ་དུ་ཆིབས་བསྒྱུར།མཇལ་བ་ཙམ་གྱིས་དཔོན་སློབ་གཉིས་ཕ་དང་བུ་འཕྲད་པ་ལྟ་བུར་གྱུར་ཅིང་དམ་པའི་ཆོས་ཀྱི་གསུང་གླེང་དུས་འདའ་བར་མཛད།བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འདུལ་འཛིན་ཆེན་པོ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་གཞི་མ་སོ་སོར་ཐར་བའི་སྡོམ་པའི་ཡང་རྩེ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ནོད་དེ་ངེས་པ་དོན་གྱི་ཐུབ་པའི་གདུང་འཚོབ་ཏུ་གྱུར།གསང་བདེ་ཀུན་རིག་ཚེ་དཔག་སོགས་ཀྱི་དབང་དང་།སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་ཡང་མང་དུ་གསན།ཁྱད་པར་བདེ་མཆོག་གི་དབང་གི་སྐབས་ཁྲི་ཆེན་གྱིས་རང་ལ་གནང་བའི་རུས་རྒྱན་ཡོངས་རྫོགས་སྐུ་ལ་བསྒྲོན་ནས།སྔོན་ཁྲི་ཆེན་དེ་ཉིད་ཀྱིས་ཁོ་བོ་ལ་བདེ་མཆོག་གི་དབང་གནང་སྐབས་ཉིད་ཀྱི་སྐུ་ལ་བཞེས་པའི་རུས་རྒྱན་ཡོངས་རྫོགས་གནང་ནས།འདི་སླར་ཁྱོད་ཀྱིས་ང་ལ་གཏད་དགོས་པ་ཡོད་ཅེས་གསུངས་ཡོད་པ་ལྟར་ད་རེས་ཁྱེད་བདག་པོ་ལ་འཕྲོད་པ་ཡིན།ཞེས་གསུངས་ནས་དཀྱིལ་འཁོར་གྱི་བདག་པོར་མངའ་གསོལ་བར་མཛད།གཉན་རྩེ་དཔོན་སློབ་རིན་པོ་ཆེ་འདི་ཉིད་ཅུན་གར་གྱི་དུས་སུ་རྩོད་པའི་བ་དན་ཐོབ་པས་དགའ་ལྡན་ཤར་རྩེའི་གདན་ས་གཏད་ཀྱང་མཚན་མོ་གསང་ཐབས་ཀྱིས་བྲོས་ཏེ་མངའ་རིས་སྐོར་གསུམ་སོགས་འགྲིམས།རིམ་གྱིས་རང་ཡུལ་དུ་བྱོན་ནས་སྐུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་པ་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་དམ་པ་ཟླ་དང་བྲལ་བ་ཞིག་གོ །དེར་ཆོས་ཀྱི་བཞེད་དོན་ཐམས་ཅད་ལེགས་པར་གྲུབ་ནས་མ་འགྱངས་པར་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས།སྐྱབས་མགོན་མཆོག་གི་བཀའ་དང་གྲྭ་ཚང་ནས་ཀྱང་འདུན་པ་ཆིག་དྲིལ་གྱིས་གསོལ་བ་བཏབ་པ་ལྟར་རྒྱུད་པ་གྲྭ་ཚང་གི་ཁྲིར་ཕེབས་ཏེ་བདེ་གསང་འཇིགས་གསུམ་གྱི་འཆད་ཉན་སོགས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྒྱལ་མཚན་ཆེས་ཆེར་བསྒྲེང་བར་མཛད་ཅིང་།རྒྱུད་ཀྱི་འགྲིག་ལམ་དང་ཕྱག་ལེན་སོགས་དག་ཐེར་བླ་ན་མེད་པ་མཛད།སྔ་སོར་སྟོན་ཁྲིད་ཆེན་དྲུག་གི་ཁྲིད་སྐྱོང་སྲོལ་ཡོད་ཀྱང་།འཇམ་རྡོར་འཁོར་ཆེན་དུས་འཁོར་སོགས་ཆོ་ག་ཁྱབ་བདལ་མེད་སྟབས་ཡུན་རིང་དུ་གནས་དཀའ་བར་དགོངས་ཏེ་སྨད་རྒྱུད་ལྟར་རིམ་ལྔའི་དམར་ཁྲིད་གཅིག་དྲིལ་དུ་སྐྱོང་བའི་སྲོལ་ཚུགས་པ་ད་ལྟའི་བར་དུ་ཡར་རྒྱས་སུ་ཡོད།རྒྱུད་ཀྱི་ཁྲིར་བཞུགས་པ་འདི་ནས་མཛད་འཕྲིན་ཡང་རྒྱ་ཆེ་ཁྱབ་བདལ་དུ་བྱུང་སྟེ་ཟང་ཟིང་གི་འདུ་ལོང་དབྱར་གྱི་ཆར་སྤྲིན་འདུས་པ་བཞིན་དུ་གྱུར།དེ་ཡང་གདན་ས་འདི་ཉིད་དུ་སྨད་རྒྱུད་པའི་གདངས་དབྱངས་ཕྱག་ལེན་ཕལ་ཆེར་བླ་མ་ཁྲི་རྒན་ཚང་དང་ཕུན་ཚོགས་བསྟན་འཛིན་པ་གཉིས་ནས་བསླབས་པ་ཡིན་ཀྱང་བདེ་མཆོག་གི་གདངས་དབྱངས་ཞིབ་མོ་ཚུགས་མ་ཐུབ་པར་ཡོད་པས།འདི་སྐབས་ཕུན་ཚོགས་བསྟན་འཛིན་པ་དགུང་ལོ་བགྲེས་ཀྱང་སྔར་རྡོ་རེ་དགེ་སློང་ཟེར་བ་ལ་བསླབས་ཡོད་པ་རྗེ་འདི་ཉིད་ཀྱི་བཀས་སླར་ཡང་ཞུན་ཐར་བཅད་ནས་ཚོགས་མང་ལ་ཞིབ་རྒྱས་སུ་བསླབ་པར་ཕུན་ཚོགས་བསྟན་འཛིན་པས་ཀྱང་གསན།རྡོ་རེ་དགེ་སློང་དབྱངས་རྟ་མི་འཆོལ་བའི་ཆེད་དུ་རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་སྡོད་བཅུག་ནས་རི་ཁྲོད་དུ་བདེ་མཆོག་གདངས་དབྱངས་དང་བཅས་པ་ཚུགས།རི་ཁྲོད་ལ་རྡོ་རེ་དགེ་སློང་སྐུ་མ་གཤེགས་པར་དུ་བླ་མའི་བཀའ་ཡིན་ཟེར་ནས་བདེ་མཆོག་སྒྲུབ་མཆོད་ཀྱི་སྐབས་སུ་རྒྱུད་ཁང་གི་རྒྱ་མཐོང་༼མཐོངས༽ནས་དུས་རྒྱུན་དུ་ལྟ་རྟོག་བྱེད་པ་ཞིག་ཡོད་ཅེས་རྒྱུད་རྒན་རྣམས་གླེང་སྟེ་བླ་སློབ་ཚང་མའི་རྣམ་ཐར་རྨད་དུ་བྱུང་བའོ། །དགུང་ལོ་ཉེར་གཉིས་པ་ས་འབྲུག་ཧོར་ཟླ་དགུ་བའི་ལྷ་བབས་དུས་ཆེན་གྱི་ཉིན་ཆོས་གྲྭ་ཆེན་པོ་གང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་དེ་བློ་གསལ་འདུས་པ་རྒྱ་མཚོའི་མགོན་དུ་གྱུར།ལོ་སྔ་མར་བོད་དུ་མི་སྣ་མངགས་པ་ལོ་འདིར་ཕྱིར་འབྱོར་གདོང་རྒྱལ་བའི་དབང་པོ་བློ་བཟང་སྐལ་བཟང་རྒྱ་མཚོ་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པ་དེ་ཉིད་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟི་བྱིན་མངོན་པར་མཐོ་བར་མ་ཟད་ཁྲི་ཆེན་ནོ་མོན་ཧན་ངག་དབང་མཆོག་ལྡན་པའི་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་གཅིག་པུ་ཡིན་པའི་སྟབས་ཀྱིས་རྒྱལ་མཆོག་རང་ཉིད་ཀྱིས་ཀྱང་བླ་མ་དང་འདྲ་བར་བཀུར་གཟོས་འོས་ཚུལ་སོགས་ཀྱི་བསྔགས་བརྗོད་ཞིབ་འཁོད་ཀྱི་བཀའ་ཤོག་དང་ཤི་རེ་གེ་ཐུ་ནོ་མོན་ཧན་གྱི་ཆོ་ལོ་དང་མཁན་ཆས་སོགས་ཀྱི་གཟེངས་བསྟོད་མཛད་པས་ཆོས་ཀྱི་རྒྱལ་པོ་ཞེས་པའི་མིང་དོན་འཛོམས་པ་བྱུང་།གྲྭ་ཚང་རང་ལ་ཆོས་སྲིད་ཀྱི་སྲོལ་གང་ཡོད་ཤིང་རྟ་ཆེན་པོའི་སྲོལ་བཞིན་དུ་མཛད་ཅིང་། མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོ་གདན་དྲངས་ཏེ་ཚོགས་ཡོངས་ལ་མི་ཏྲ་བརྒྱ་རྩའི་དབང་གནང་བཅུག་པ་སོགས་བསྟན་ལ་དགོངས་པའི་ལྷག་བསམ་གྱིས་འཁོར་ལོ་གསུམ་གྱི་མཛད་སྒོ་ཡངས་པོར་ཕྱེ།ཁྱད་པར་སྔ་སོར་གྲྭ་ཚང་ཕྱོགས་གཉིས་སུ་གྱེས་པའི་འུར་ཟིང་ཞིག་ཡོད་པར་གཡས་ནས་རྟ་གྲིས་གཞོགས་པ་དང་།གཡོན་ནས་ཙན་དན་གྱི་ལྡེ་གུས་བྱུགས་པ་ལ་ཡང་ཉེ་རིང་ཆགས་སྡང་མི་མངའ་བའི་བཏང་སྙོམས་ཀྱི་རྒྱུ་མཐུན་གསལ་བར་ཤར་ཏེ་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་གིས་འཆད་ཉན་འཕེལ་བ་ཁོ་ན་བྱུང་།འདི་སྐབས་མགོན་པོའི་གཏོར་ཆེན་ཐུན་མོང་མ་ཡིན་པ་བསྟན་པ་སྤྱི་ལ་དགོངས་ནས་དྲག་པོའི་འཁྲུལ་འཁོར་གྱི་ཕྱག་ལེན་ཀྱང་མཛད།དགུང་ལོ་ཉེར་དྲུག་པ་ཆུ་སྤྲེལ་གྱི་དཔྱིད་ཁྲི་ཟུར་བཞུགས་མཛད་ཅིང་བཀའ་འགྱུར་བ་ངག་དབང་ཉི་མ་གདན་དྲངས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་དང་།རྗེའི་གསུང་འབུམ།བླ་མ་བྱམས་པ་རིན་པོ་ཆེའི་གསུང་འབུམ་ཕལ་ཆེར་སོ་༼སོགས༽གསན།གྲྭ་ཚོགས་ཆེ་བས་ཚོགས་ཆེན་འདུ་ཁང་ཅུང་ཟད་རྒྱ་བསྐྱེད་ན་དགོངས་བརྟག་པ་མཛད་པས་ད་དུང་རེ་ཞིག་དུས་ལ་མ་བབས་ཤིང་།སླར་རྒྱ་བསྐྱེད་དེ་སྒྲུབ་མཁན་གཞན་ཞིག་ཡོང་བར་འདུགདེ་དུས་ཀྱི་ལས་ཀ་དོ་དམ་བྱེད་མཁན་བླ་མ་སྨ་ར་དཀར་པོ་ཡོད་པ་ཞིག་ཡིན་འདུག་ཅེས་མ་འོངས་མངོན་སུམ་དུ་གཟིགས་པའི་གསུང་བྱོན་ཏེ།ཐེབས་དེ་ཉིད་ལས་བསྟན་འགྱུར་སྐྱ་པོཏ་སྤུས་གཙང་བ་ཞིག་དང་།བརྒྱད་སྟོང་བ་ཚར་བརྒྱ་དངུལ་གྱིས་བཞེངས།གཞན་ཡང་རྒྱལ་བའི་བཀའ་འགྱུར་སོགས་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་གསར་བཞེངས་མཛད།སྔ་སོར་རྒན་གྱའི་བྲག་དཀར་དགོན་དུ་མཚན་ཉིད་གྲྭ་ཚང་ཞིག་ཡོད་པ་ཆེར་མ་གནས་པའི་རྐྱེན་གྱིས་ལ་ཁ་ཏཱ་ལེ་ཧུ་ཐོག་ཐུ་དང་དེ་ཕྱོགས་སྐྱ་སེར་ཚང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལ་བརྟེན་ནས་དེར་ཕེབས།གནས་དེ་ཉིད་དུ་བདེ་གསང་འཇིགས་གསུམ་གྱི་དབང་བསྐུར་བ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ཤིས་བརྗོད་ཀྱི་མེ་ཏོག་ནམ་མཁའ་ལ་ཆགས་པ་ཀུན་གྱིས་མཐོང་སྟེ་དད་གུས་འཕེལ་བའི་བསྔགས་བརྗོད་ད་ལྟའི་བར་དུ་སྣང་།སྔར་གྱི་བཤད་གྲྭ་བ་རྣམས་ཀྱི་སྟེང་དུ་གྲྭ་རྒྱུན་གསར་
དུ་བསྡུས་ནས་སྨད་རྒྱུད་དང་ཆ་མཚུངས་པའི་རྒྱུད་གྲྭ་གསར་དུ་ཚུགས་ནས་ལོ་གསུམ་གྱི་བར་དུ་སྐྱོང་པར་མཛད་པས་ད་ལྟའི་བར་དུ་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་འགྲེལ་བ་བཞི་སྦྲགས་དང་ཊཱིཀྐ་བསྐྱེད་རྫོགས་ཀྱི་འཆད་ཉན་སོགས་བསྟན་པའི་ཞབས་འདེགས་སུ་འགྲོ་ངེས་ཡར་རྒྱས་ཀྱི་ཚུལ་དུ་ཡོད་དེ། ཇི་སྐད་དུ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།ཅེས་གསུངས་པ་ལྟར་གྱི་རྣམ་ཐར་རྨད་དུ་བྱུང་བའོ། །དགུང་ལོ་ཉེར་བརྒྱད་པ་ལ་བྲག་དཀར་དགོན་དུ་བཞུགས་ཡོད་སྐབས་དགོན་པའི་འཆད་ཉན་སློབ་དཔོན་བློ་བཟང་དོན་འགྲུབ་པ་ཨུརྒེ་ཁྲིར་ཕེབས་དགོས་བྱུང་བ་དང་།དེ་རྗེས་བླ་མ་གནས་བརྟན་པ་ཁྲིར་ཕེབས་པ་ཡང་ཆོས་ཐོག་ཁ་ཤས་ནས་སྐུ་ཚེ་མ་འཁྱོལ་བ་སོགས་ཀྱིས་གདན་ས་ལ་ཕྲ་ཉག་བྱུང་ཞིང་སྐྱབས་མགོན་མཆོག་ཡུལ་ཐག་རིང་ན་བཞུགས་པ་དང་།ཝང་རྡོ་རྗེ་ཕ་ལམ་སྐུ་ན་ཕྲ་ཞིང་གྲྭ་ཚང་ཡང་ཕྱོགས་གཉིས་སུ་གྱེས་པ་སོགས་ཀྱིས་བྱ་ཐབས་ཟད་དེ་བླ་གྲྭ་ཚང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལྟར་སླར་ཡང་ཚོགས་ཆེན་གྱི་ཁྲིར་ཕེཔས་ཏེ་འཆད་ཉན་གྱི་སྲོག་བཟུང་།ལོ་དེར་ཡུལ་དབུས་སུ་རྗེ་རང་གི་དབོན་པོ་ནང་སོ་མི་སྣར་ཆེད་མངགས་མཛད་དེ་སྐྱབས་མཆོག་ཉིད་མདོ་སྨད་དུ་མྱུར་དུ་འབྱོན་དགོས་ཚུལ་དང་། རྗེ་ཉིད་སྒྲུབ་པ་སྙིང་བོར་བྱེད་པ་ཐུགས་གཞོལ་བས་དགོན་སྡེའི་འཛིན་སྐྱོང་སོགས་བྱ་བ་མང་པོ་ལ་གང་ཅི་ནས་མི་སྤྲོ་བས་ཅིས་ཀྱང་འབྱོན་པ་མ་ཤར་ཚེ་གདན་ས་པ་ཡང་བསྐོ་བཞག་དགོས་ཚུལ་ཞུ་བ་གནང་།དགུང་ལོ་ཉེར་དགུ་བ་ལ་ཡང་འཆད་ཉན་དམར་བར་མཛད་ཅིང་རིགས་གྲྭ་སོགས་འཆར་ཅན་དང་འཕར་མའི་གཏོང་སྒོ་ཡང་མང་དུ་གནང་། སྐྱབས་མགོན་མཆོག་ནས་རྗེ་ཉིད་ཀྱིས་བསྟན་པའི་བྱ་བ་ཁུར་དུ་བཞེས་པ་ལ་བསྔགས་བརྗོད་དང་།སྐྱབས་མགོན་མཆོག་ཉིད་རེ་ཞིག་མདོ་སྨད་དུ་འབྱོན་པར་དགག་དགོས་ནང་འདོམས་ཤིང་ས་ཡོས་ལ་ཅིས་ཀྱང་ཕེབས་རྩིས་ཡིན་ཚུལ་སོགས་ཞིབ་མོར་འཁོད་པའི་ཆབ་ཤོག་སྙན་ཚིག་གིས་སྤྲས་པ་དང་།རེ་ཞིག་ཡང་བསྐྱར་ཁྲི་པ་བློ་བཟང་དོན་འགྲུབ་པས་ཁྲི་ཉིས་འཛིན་དགོས་ཚུལ་གྱི་ཕྱག་བྲིས་གནང་བ་དང་བཅས་མི་སྣ་རྣམས་ཕྱིར་འབྱོར་བ་དང་བསྟུན་ནས་ཁྲི་ཟུར་བཞུགས་མཛད།དེ་ནས་རྗེ་ཉིད་ཀྱི་གསུང་ལས།ད་ནི་ཁོར་ཡུག་སྣ་ཚོགས་མེ་ཏོག་བཀྲ། །རྐང་དྲུག་ལྡན་སོགས་འདབ་ཆགས་དབྱངས་སྙན་སྒྲོགས། །བག་ཕེབས་རི་དྭགས་རྒྱུ་ཞིང་དྭངས་བསིལ་ཆུ། །ལྷང་ལྷང་འབབ་པ་ས་འཛིན་མཐོན་པོའི་ངོས། །ལོ་འདབ་རབ་མཛེས་ལྗོན་ཤིང་ན་ཆུང་མ། །ཡིད་འོང་མེ་ཏོག་ཕྲེང་བས་ཐོད་མཛེས་རྣམས། །འདུ་འཛིས་གཡེང་བ་སྒྲིབ་ཕྱིར་ལག་སྦྲེལ་ཞིང་། །སྐབས་འགར་ཤུབ་བུའི་སྔགས་བཟླས་ལ་བརྩོན་དབུས། །ཀུན་གསལ་མཛེས་མས་ཉི་ཟླའི་སྒྲོན་འདེགས་ཤིང་། །བདེ་ལྡན་གནས་ལྟར་ཡིད་འོང་དབེན་གནས་སུ། །དམ་པའི་ཞལ་ལུང་ཐོས་དོན་སྨན་གྱི་མཆོག །རྩེ་གཅིག་བསམ་དང་བསྒོམ་ལ་བརྩོན་པར་སྨོན། །ཞེས་གསུངས་པ་ལྟར་དབེན་པའི་གནས་ཀྱི་དགའ་བདེས་ཐུགས་འཕྲོགས་ནས། རི་ཁྲོད་ཅིག་འདེབས་བཞེད་ཀྱིས་བདེ་མཆོག་ཀླད།བྱིའུ་རྒྱལ་མོ།བཀྲ་ཤིས་སྐ་རགས།མཎྜལ་ཀླད།དགོན་པའི་བྱང་ཕྱོགས་རྒྱབ་ཡོལ་སོགས་སུ་གནས་བཙལ་བས་ཕྱི་མ་ཐུགས་ལ་འབབ་པ་བྱུང་ཡང་ཆུ་མེད་པ་ལ་གྲོག་མོ་སྐམ་པོ་ཞིག་ཏུ་གནག་ཕྱུག་གི་རྨིག་རྗེས་མངོན་ཙམ་གྱི་རླན་ཞིག་ཡོད་པ་དེར་བརྐོས་གསུངས་ནས་ཆུ་མིག་ཅིག་རྡོལ་བར་མཛད།ཆུ་མིག་འདི་ལ་ཀླུ་ཁས་ཞན་པ་ཞིག་གིས་གནས་གཡར་སྣང་བས་ཆུ་བདག་གཞན་ཞིག་མེད་ན་ཁོའི་ལག་ནས་ཀླུ་དབང་ཆེ་བ་ཚོས་འཕྲོག་ལས་ཆེ་གསུངས་ནས་རྡོ་རྗེ་ལེགས་པའི་རྡོ་སྐུ་ཞིག་བཞེངས་ནས་དེར་བཞུགས་བཅུག་སྟེ་ཇི་སྲིད་སྒྲུབ་སྡེ་གནས་ཀྱི་བར་དུ་བསྟན་པ་སྐྱོང་བའི་བྲོ་དམ་མཛད།གསང་འདུས་ཀྱི་ལྷ་གྲང་དང་མཉམ་པའི་སྒྲུབ་པའི་རྒྱལ་མཚན་འཛིན་པ་སོ་གཉིས་ཀྱིས་ཀྱང་སྤྱིལ་ཆུང་རེ་བཏིང་།གཟིམས་སྤྱིལ་དང་འདུ་ཁང་ཡང་གསར་དུ་བསྐྲུན་ཏེ།སྡོམ་གསུམ་གྱི་ཕྱིར་བཅོས་རྒྱས་པ་སོགས་སྨད་རྒྱུད་ཀྱི་གསོ་སྦྱོང་ཆེན་མོ་ལྟ་བུ་དང་དབྱར་དགག་གཉིས་ཀྱི་ཕྱག་ལེན།ཆོགས་འདོན་ལ་བདེ་མཆོག་བདག་འཇུག་དང་བཅས་པ།གསང་འཇིགས་མི་འཁྲུགས་པ་བཅས་ཀྱི་ཆོ་ག།བདེ་ལམ་བླ་མཆོད་སྨན་བླ་གཏོར་མ་བརྒྱ་རྩ་བསྐང་གསོ།གནམ་ལོ་གསར་ཚེས་ལ་སྲིད་གསུམ་བདག་མོ་མཆོད་པའི་དུས་སྟོན།ལོ་རེ་ལ་ལོ་མཚམས་པ་བཞི་རེ་འཆར་ཅན་དང་དུས་རྒྱུན་ནང་༼ནངས༽ནུབ་ལ་ཤག་སོ་སོར་མདོ་སྔགས་ཀྱི་ཉམས་ཁྲིད་དམ་མ་མཐའ་བཟླས་བརྗོད་ཀྱི་ཐུན་གཉིས་རེ་ངེས་ཅན་དུ་སྐྱོང་དགོས་པ་དང་།གྲོང་ཆོག་སོགས་ལ་གཏན་སོང་མི་ཆོག་པ་དང་།རྗེ་ཉིད་ཀྱི་ཞབས་ཕྱི་ལྟ་བུར་འགྲོ་དགོས་བྱུང་ཚེ་རྙེད་པ་སྤྱི་སོར་སྤྲོད་རྒྱུ་དང་། ནད་པ་ལྟ་བུ་མ་གཏོགས་ཚོགས་སུ་མེད་ཕྱིན་ཇ་མར་གྱི་སྐལ་བ་ཙམ་ཡང་བླང་མི་ཆོག་པ་སོགས་སྙིགས་མའི་དུས་སུ་ཤིན་ཏུ་ལག་ལེན་ལ་ཐེབས་པར་དཀའ་བའི་བཀའ་གདམས་རྣམ་ཐར་གཙང་མའི་སྲོལ་བསྟན་པའི་རྒྱན་དུ་འགྲོ་ངེས་སུ་རྐང་ཚུགས་པར་མཛད་པས།ད་ལྟའི་བར་དུ་འདུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་སྟེ་མདོ་སྔགས་ཀྱི་རྣལ་འབྱོར་ལ་གཞོལ་བའི་མང་ཐོས་ཚུལ་ལྡན་གྱི་དྲང་སྲོང་སྤོང་བ་པའི་བསྟི་གནས་མཆོག་ཏུ་གྱུར་པ་འདི་བཞིན་སྣང་།དབེན་གནས་དེ་ཉིད་ལ་ཡིད་དགའ་ཆོས་འཛིན་ཞེས་མིང་འདོགས་གནང་བ་རྟེན་འབྲེལ་དང་དགོས་པ་ཆེ་བར་མངོན་ལ་གནས་དེར་དགུང་ལོ་སོ་གསུམ་གྱི་བར་དུ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཟབ་མོའི་ཉམས་བཞེས་ལྷུར་མཛད་པའི་ཞར་ལ་སྤོང་བ་པ་རྣམས་ཀྱིས་གཙོས་ཆོས་ཀྱི་བདུད་རྩི་དོན་དུ་གཉེར་བ་རྣམས་ལ་དབང་ལུང་རྗེས་གནང་སོགས་གང་མོས་ཀྱི་ཆོས་འཁོར་རྒྱ་ཆེར་སྐོར་བར་མཛད།ཁྱད་པར་ལོ་གཅིག་གི་རིང་མེ་ཏོག་བཅུད་ལེན་གྱི་དཀའ་ཐུབ་མཛད་པའི་ཁོང་ནས་ཐུགས་དམ་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད་པས་ཉམས་རྟོགས་ཀློང་རྡོལ་བ་ལྟ་བུར་གྱུར་ཏེ།མགུར་མ་ཅི་རིགས་ཉམས་དབྱངས་སུ་མཛད་པ་མང་དུ་སྣང་།ལོ་མཚམས་ཀྱི་སྐབས་ཤིག་སྙིགས་མའི་ངང་ཚུལ་ལ་ཐུགས་གཏིང་ནས་ཞེན་པ་ལོག་པའི་ཚུལ་གྱི་གསུང་མགུར་ཞིག་བསྩལ་བའི་ནང་དུ།ཞིང་ཁྱད་འཕགས་ཡིད་དགའ་ཆོས་འཛིན་དྲན། །ལྷ་རྒྱལ་ཚབ་མི་ཕམ་མགོན་པོ་དྲན། །གསུང་ཡན་ལག་དྲུག་ཅུའི་ཆོས་གསུང་དྲན། །མགོན་ཁྱད་འཕགས་ནམ་མཁའ་དྲི་མེད་དྲན། ངའི་བླ་མ་འཇམ་དཔལ་སྙིང་བོ་དྲན། །གྲོགས་ཐེག་གསུམ་འཕགས་མཆོག་དགེ་འདུན་དྲན། །ཆུ་ཡན་ལག་བརྒྱད་ལྡན་རྫིང་བུ་དྲན། །ཤིང་དཔག་བསམ་ཤིང་དང་ལྟ་གོས་དྲན། །རང་སྐྱེ་གནས་འདབ་སྟོང་པདྨོ་དྲན། །ཞིང་དེར་ཁྲིད་རྩ་བའི་བླ་མ་དྲན། །དེར་བགྲོད་པའི་ལམ་བཟང་འོད་སྦུག་དྲན། །ལམ་བར་ཆད་སྲུང་བའི་ཆོས་སྐྱོང་དྲན། །ངའི་དྲན་པ་བཅུ་གཉིས་གླུ་ཆུང་འདིར། །དོན་ཇི་བཞིན་འགྲུབ་པར་བླ་མ་དང་། །དཔལ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས། །ཐུགས་མ་གཡེལ་འཕྲིན་ལས་སྡོངས་གྲོགས་མཛོད། །ཅེས་དག་པའི་ཞིང་དུ་དགོངས་པ་གཏད་པའི་གསུང་བྱོན་པར་གྲྭ་སློབ་རྣམས་ཏབ་ཏབ་པོར་གྱུར་ཏེ་གྲྭ་ཚང་སྤྱི་བསྡུས་ཀྱིས་དངོས་འབུལ་དང་བཅས་ཡང་དང་ཡང་དུ་བརྟན་བཞུགས་ཀྱི་གསོལ་བ་ནན་ཅན་བཏབ་པར་ཞལ་བཞེས་བཟང་པོ་གནང་སྟེ།དེ་གོང་སྐུའི་ཉམས་ཞན་པས་མི་གཉིས་རེས་བརྟེན་དགོས་པ་ཡིན་ཀྱང་།དེ་ནུབ་ནས་བདེ་རུ་སོང་སྟེ་བཞེངས་བཞུགས་ཆིག་སྐྱ་ཕེར་བ་བྱུང་བ་ནི་སྐྱེ་འཆི་ལ་མངའ་བརྙེས་པའི་སར་གནས་འཕགས་པའི་རྣམ་ཐར་དུ་ཤེས་པར་བྱ་སྟེ། དེང་སང་གི་བརྟན་བཞུགས་ཕལ་ཆེར་ནི་ཇི་སྐད་དུ།སློབ་མ་ཁྲམ་པའི་ངོ་བསྟོད་གསོལ་འདེབས་དང་། །བླ་མ་ཟོག་པོའི་རྫུན་ཤོབ་ཞལ་བཞེས་ཀྱིས། །བླ་སློབ་གཅིག་མགོ་གཅིག་གིས་བསྐོར་བ་ཡི། །འཁོར་བའི་བརྟན་བཞུགས་སྤེལ་ལ་གད་མོ་བྲོ། །ཞེས་པ་ཁོ་ནར་སྣང་ངོ་། །དགུང་ལོ་སོ་གསུམ་པ་ས་ཡོས་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡེ་ཤེས་བསྟན་འི་སྒྲོན་མེ་དབུས་གཙང་དུ་བཞུགས་པ་ལ།གོང་མ་བདག་པོ་ཆེན་པོ་ནས་བཀའ་ཆེད་དུ་བབ་སྟེ་རྟ་ཚག་རྗེ་དྲུང་ཞི་བར་གཤེགས་པའི་ཚབ་ཏུ་རྒྱལ་བ་ཡབ་སྲས་ཀྱི་འོག་ནས་རྩེ་ཐོན་གྱི་བླ་མ་ཞིག་རྒྱ་ནག་ཏུ་ཕེབས་དགོས་ཚུལ་བྱུང་བར།རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་དང་།སྐྱབས་མགོན་རྡོ་རྗེ་འཆང་གཉིས་ལ་རིམ་བཞིན་བཀའ་ཕེབས་ཀྱང་སོ་སོ་ནས་དགོངས་པ་ནན་ཞུས་བྱས་པས་ཁྲོལ་ཆ་མི་གནང་ཐབས་མེད་བྱུང་སྟེ།རྗེ་འདི་བ་སྐུ་ཡོན་གོ་བབ་གང་ནས་ཀྱང་འོས་ཚུལ་གོང་གི་གསེར་སྙན་དུ་ཕུལ་བར་བརྟེན།གོང་ནས་རྒྱའི་མི་དྲག་ཆེད་མངགས་ཀྱིས་གསེར་ཡིག་བབས་པ་ལྟར་ལོ་དེའི་ཟླ་བ་བཞི་བའི་སྐོར་ལ་འཛམ་གླིང་གི་འཁོར་སྒྱུར་གཉིས་པའི་གསེར་ཞལ་མཇལ་ཕྱིར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར།ཟླ་བ་དྲུག་པ་ཉིས་བརྩེགས་ཡོད་པའི་དྲུག་པ་སྔ་མའི་ཚེས་བཙོ་བརྒྱད་ཀྱི་ཉིན་རྒྱལ་ཁབ་ཆེན་པོར་ཕྱག་བབས།ལོ་སྔ་མ་ཟླ་བ་བདུན་པ་ནས་བཟུང་སྟེ་ཆར་གཏན་ནས་མ་བབས་པར།གོང་མ་ཆེན་པོ་ནས་ཀྱང་ཆར་འབེབས་ཀྱི་ཐབས་སྣ་ཚོགས་མཛད་པས་ཀྱང་མ་བབས་པས།ཆེ་ཆུང་ཐམས་ཅད་འུ་ཐུག་ནས་རེ་ཐག་ཆད་པའི་སྐབས་སྣེ་ཤན་གྱི་མི་དྲག་རྣམས་ནས་བསྐུལ་བཏབ་པར་བརྟེན་ཆར་འབེབས་ཀྱི་སྤྱན་དམིགས་མཛད་པས་ཕོ་བྲང་དུ་འབྱོར་བའི་ཉིན་དེར་ཆར་རྒྱུན་བཟང་པོ་མངོན་པར་བབས་ནས་ཞིང་ལ་སོར་༼སོན༽བཏབ་ཆོག་པ་བྱུང་བའི་རྒྱུ་མཚན་གསེར་སྙན་དུ་སོན་པ་ལས་གོང་མ་ཆེན་པོ་ནས་དགྱེས་གཟིགས་བླ་ན་མེད་པ་མཛད་དེ།ཕོ་བྲང་དུ་འབྱོར་བའི་ཕྱི་ཉིན་དེར་གསེར་ཞལ་མཇལ་ཆོག་པ་གནང་ཞིང་འཚམས་ཞུས་ཀྱི་ཁ་དར་ཕུལ་བ་ཡང་ཕྱག་གིས་བཞེས།དགྱེས་ཉམས་ཀྱི་སྒོ་ནས་ལམ་གྱི་བདེ་དོག་སོགས་བཀའ་བཟང་པོ་དྲི་མེད་ཀྱང་མང་ཙམ་བསྩལ། བདག་པོ་ཆེན་པོ་ཉིད་ཀྱི་ཕྱག་གིས་ཁ་དར་དང་རིན་པོ་ཆེ་ཁྱད་མཚར་ལས་གྲུབ་པའི་ཅོད་པན་གནང་ཞིང་གོས་ཡུག་འགའི་གནང་སྦྱིན་ཀྱང་བསྩལ།མདུན་དུ་འཁོད་པའི་ལྷ་སྲས་གཞོན་ནུ་ཞིག་ལ་བཀའ་གནང་སྟེ་ཕྱག་གིས་བརྟེན་ནས་ཕེབས་པ་སོགས་གཞན་ལས་ཁྱད་དུ་ཐོན་པའི་བཀའ་དྲིན་རྨད་དུ་བྱུང་བ་གནང་།དྲུག་པ་ཕྱི་མའི་ཚེས་བཅུ་གསུམ་གྱི་ཉིན་འཇམ་དབྱངས་མི་རྗེའི་གར་མཁན་གནམ་སའི་དབང་ཕྱུག་མཆོག་ལ་ཞབས་བརྟན་ཕུལ་སྐབས། བདག་པོ་ཆེན་པོ་རང་གིས་བཞེས་པའི་བུ་ལ་ཧན་གྱི་དཱ་ཧུ། མང་ནོག་གི་ལྭ་བ། ལས་འཕྲེང་། གོས་ཡུག་ཆེན་མང་པོ་སོགས་དང་། སྤྱིར་གོང་མའི་ཕྱག་གཡོག་ཡུན་རིང་དུ་ཞུས་པའི་བླ་ཆེན་རེ་གཉིས་ཙམ་མ་གཏོགས་གདན་སེར་པོ་བཟུང་ཆོག་པའི་ཐོབ་གནང་སྲོལ་མེད་རུང་། དེ་ཉིན་གདན་སེར་པོ་བཟུང་ཆོག་པའི་ཐོབ་དང་། བཞུགས་གདན་སེར་པོ་རྒྱབ་ཡོལ་དང་བཅས་པ་གནང་ཞིང་གཞན་གྱིས་རྙེད་པར་དཀའ་བའི་བཀའ་དྲིན་གྱིས་མངོན་པར་བསྐྱངས།དེ་ནས་གོང་མ་ཆེན་པོ་རི་དྭགས་ཀྱི་སར་བྱོན་ནས་སླར་རྒྱལ་ཁབ་ཆེན་པོར་ཕེབས་སྐབས་ཆིབས་བསུར་བྱོན་པ་ལ།གོང་མ་ཆེན་པོས་གུང་ཐང་ཧུ་ཐོག་ཐུས་ངེད་ལ་བུས་མོ་འཛུགས་མི་དགོས་ཞེས་ཆེ་འདོན་གྱི་བདག་རྐྱེན་གཞལ་དུ་མེད་པ་གནང་།ཟླ་ཚེས་ལ་ཡུང་ཧྭ་གུང་གི་དགོན་པར་དུས་གསུམ་སངས་རྒྱས་གསར་བཞེངས་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་མཛད་པར་འདོན་པ་ཆོས་སྤྱོད་འགྲིག་པོ་བྱུང་ཞེས་གོང་ནས་བཀའ་བཟང་པོ་ཕེབས་པ་དང་སྔ་ཕྱིར་གསེར་ཞལ་ནམ་མཇལ་ལ་སྤྱན་བསྐྱང་གཞན་དང་མི་འདྲ་ཞིང་ཐུགས་དགྱེས་པའི་བཀུར་གཟོས་ཟླ་ཚེས་ཀྱི་འཕེལ་ཁ་ལྟ་བུར་གྱུར་ཏེ་ཁྲིམས་ཀྱི་ལུགས་སྲོལ་རྒྱུས་ཡོད་པ་རྣམས་ཧ་ལས་པ་བྱུང་བ་ནི།སྤྱོད་འཇུག་ལས།བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཛད་འཕྲིན་གྱིས་ཉི་མ་འཆར་ནུབ་ཀྱི་མཐའ་ཚུན་ཆད་ཁྱབ་པར་གྱུར་ཏེ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན།ཡོས་ལོ་དེ་ཀའི་དགུན་བསྙུན་ཚུལ་བསྟན་པར་གོང་མ་ཆེན་པོ་ནས་ཀྱང་འཚོ་བྱེད་གཞོན་ནུ་ལྟ་བུའི་བླ་སྨན་པ་དུ་མ་དང་ཁྱད་པར་ལྕང་སྐྱ་ཐམས་ཅད་མཁྱེན་པ་བོད་ནས་ཕྱིར་འབྱོར་མ་ཐག་གོང་ནས་ཆེད་དུ་བཀའ་བབས་པ་ལྟར་རང་ཉིད་དངོས་ཕེབས་ཀྱི་སྒོ་ནས་སྐུའི་རིམ་གྲོ་ཕུ་དུད་རྒྱུན་དུ་མཛད་ཅིང་ཁྱད་པར་ཕྱག་རྩ་གཟིགས་ཏེ་སྐུ་ལ་སྒོ་བསྙུན་ནད་རྩ་ཆུས་འཇལ་ནུས་པ་གང་ཡང་མི་འདུག་པས་ཐུགས་འདུན་གཙོ་ཆེ་བར་སྣང་ཞེས་ཡང་ཡང་གསུངས་པ་ལྟར་ཀུན་གྱིས་ཞབས་བརྟན་དང་བརྟན་བཞུཊ་ནན་ཅན་ཞུས་ཀྱང་ལན་གསལ་པོ་མ་གནང་བས་དགོངས་པ་གཞན་དུ་གཏད་པར་ཐག་ཆོད།ད་ནི་མཆོག་སྤྲུལ་ཞིག་གི་གསོལ་བ་གདབ་དགོས་པར་འདུག་ཅེས་བུ་སློབ་རྣམས་བགྲོས་ནས་དེ་དོན་སྙན་གསན་ཕུལ་བར་ཞལ་བཞེས་བཟང་པོ་གནང་སྟེ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ཞི་བར་གཤེགས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་འདི་ནི་ལུང་གི་ཡོན་ཏན་རིག་པའི་གནས་ལྔའི་ཕ་རོལ་ཏུ་སོན་པ།རྟོགས་པའི་ཡོན་ཏན་བསླབ་པ་གསུམ་གྱིས་ཐུགས་རྒྱུད་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པར་དུལ་བ་སྟེ་མཁས་པ་དང་བཙུན་པའི་ཡོན་ཏན། བསྟན་འགྲོའི་དོན་དུ་ལུས་དང་སྲོག་ལ་ཡང་མི་ལྟ་བའི་ལྷག་བསམ་གྱི་ཡོན་ཏན། ཐུན་མོང་བའི་ཏིང་ངེ་འཛིན་སྙོམས་འཇུག་གི་སྟོབས་ཀྱིས་འདས་མ་འོངས་མངོན་སུམ་དུ་གཟིགས་པའི་མངོན་ཤེས་ཀྱི་ཡོན་ཏན།ཐུན་མོང་མ་ཡིན་པ་བསྐྱེད་རིམ་གྱི་རྣལ་འབྱོར་མཐར་ཕྱིན་པས་དངོས་གྲུབ་བརྒྱད་སོགས་ཏིང་ངེ་འཛིན་ཙམ་གྱིས་གྲུབ་པའི་ཡོན་ཏན།རྫོགས་རིམ་ཉམས་འོག་ཏུ་ཆུད་པས་སྒྱུ་མའི་རྣམ་ཐར་གྱི་རྩལ་གྱིས་དག་པ་དང་མ་དག་པའི་ཞིང་ཁམས་མཐའ་ཡས་པ་གསལ་བར་གཟིགས་པ་སོགས་བློས་དཔག་པར་དཀའ་བའི་རྣམ་ཐར་དང་ལྡན་པ་ཞིག་ཡིན་ཏེ་དེ་དག་གི་ལོ་རྒྱུས་ཞིབ་པར་སྤྲོ་དགོས་མང་དུ་མཆིས་ཀྱང་ཚིག་ཚོགས་ཀྱིས་འཇིགས་ནས་རེ་ཞིག་བཞག་གོ །རྣམ་ཐར་འདི་ཉིད་ཀྱི་མདོ་སྨད་དུ་བྱོན་པ་ཡན་ཆད་རྗེ་རང་གིས་རྩོམ་བཞེད་ཀྱིས་གནང་བའི་ཟིན་བྲིས་དུམ་བུ་ཞིག་མཐོང་བ་དང་རྒྱ་ནག་ལ་ཕེབས་པའི་སྐོར་སྐྱབས་མགོན་རྡོ་རྗེ་འཆང་ལ་ནང་ཉམས་ཞིབ་ལྷུག་ཏུ་ཕུལ་བའི་ཕྱག་བྲིས་ངོ་མ་མཐོང་བ་ལ་གཞི་བྱས་ཤིང་།ལྷག་མའི་ལོརྒྱུས་ལོ་ཟླ་ཚེས་གྲངས་ཀྱི་ངེས་པ་དང་བཅས་གྲྭ་ཐོག་གཅིག་པའི་དགེ་བཤེས་དང་སློབ་མ་ཉེ་གནས་དུ་མ་དག་བསྡུར་ནས་བཀོད་པ་ཡིན་པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་ཡོད་དོ།། །

                                                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
        གསལ་འདེབས།                                                                             
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།                                                                                 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn                                


བརྒྱུད་འགོད།