བླ་བྲང་གདན་རབས་བཞི་བ་རྗེ་ངག་དབང་བསྟན་འཛིན།

ཡོང་ཁུངས།   དགེ་ལུགས་པའི་དྲ།     སྤེལ་དུས།  2018-05-20 16:55:56     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

  

img_2306.jpg


             

             ༄༅།གདན་རབས་བཞི་བ་འདུལ་འཛིན་ཆེན་པོ་ངག་དབང་བསྟན་འཛིན་པ་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱི་ལ་རྔ་བའི་ཡུལ་དུ་སྤྲོ་ཚིག་ཅེས་པའི་རུས་སུ་འཁྲུངས།ཆུང་ངུའི་དུས་ནས་ཁ་གྱའི་བླ་མ་འགྱང་རོ་ཟེར་བའི་སྐྱེ་བ་ཡིན་ཚུལ་མང་དུ་གླེང་ན་ཡང་སུས་ཀྱང་ཉན་འཇོག་མ་བྱས་པས།སྐབས་ཤིག་དབོན་པོ་བཙན་པོ་མ་དེ་ཕྱོགས་སུ་སོང་བར་བྱིས་པ་ཁོ་རང་གིས་འཕྲིན་བསྐུར་བ་ཡིན་ཡང་ཟེར་གང་ལྟར་འགྱང་རོའི་བླ་མ་གུར་དམར་གསེར་ཏོག་ཅན་གྱི་དབོན་པོ་རྣམས་ཀྱིས་ཉེར་སྤྱད་ཁ་ཤས་ཁྱེར་ནས་སོང་སྟེ་ངོས་འཛིན་བཅུག་པར་ཕྲེང་རྡོག་འགའ་ཞིག་བསལ་ཏེ་ངའི་མ་རེད་ཟེར་བ་སོགས་ཅུང་ཟད་ཀྱང་མ་འཁྲུལ་བ་བྱུང་བས་ཁ་གྱའི་སྒར་དུ་གདན་དྲངས།མ་ནི་པ་ཤེས་རབ་བཀྲ་ཤིས་དེ་ཕྱོགས་སུ་བྱོན་པའི་དྲུང་དུ་དགེ་ཚུལ་བསྒྲུབས།རེ་ཞིག་ཁ་གྱའི་སྒར་དུ་བཞུགས་ཀྱང་མཁས་མང་ཞིག་གི་ཁྲོད་དུ་ཐོས་བསམ་གཤའ་མ་ཞིག་བྱེད་འདོད་ཆེར་སྐྱེས་པ་དང་།འཇམ་མགོན་ཁྲི་རིན་པོ་ཆེས་ཀྱང་གསུང་ཕྲིན་བསྐུར་བས་རྐྱེན་བྱས།བྲོས་སྟབས་ཀྱིས་བཀྲ་ཤིས་འཁྱིལ་དུ་བྱོན།དགོན་པ་མཐོང་བ་དང་ཚོགས་དུང་འབུད་པ་དུས་མཉམ་དུ་བྱུང་།ཡུལ་མི་རྣམས་སླེབ་དོགས་ནས་ཐོག་མར་བླ་བྲང་དུ་ཕེབས་ཏེ་རྗེ་གོང་མར་མཇལ་བས་ཁྱོད་ལ་དེ་རིང་རྟེན་འབྲེལ་ག་འདྲ་བྱུང་གསུངས།དགོན་པ་མཐོང་དུས་ཚོགས་དུང་འབུད་ཀི་འདུག་ཞུས་པར།ངེད་འབྲས་སྤུངས་སུ་མཇལ་བའི་དུས་ཀྱི་རྟེན་འབྲེལ་དེ་རིང་ཁྱོད་ལ་འགྲིགས་པས་དགོན་པར་ཕན་ཐོགས་འོང་གསུངས།འདི་དེ་རིང་ཚོགས་སུ་གྲལ་མགོར་སྡོད་ཆུག་གསུངས་ནས་ཞབས་ཕྱི་ཞིག་གི་ཞྭ་ཟླམ་བསྒྲོན།གསོལ་དཔོན་ཤེས་རབ་དཔལ་ལྡན་ལ་ཁྱོད་ཀྱིས་ཁྲིད་གསུངས་པ་ལྟར།ཁོང་གིས་ཚོགས་སུ་ཁྲིད་ནས་བཀའ་ལྟར་གྲལ་མགོར་བཞུགས་སུ་བཅུགཆོས་གྲྭར་ཡང་དེ་ཉིན་ཞུགས་ཤིང་འཛིན་གྲྭའི་སྐྱོར་དཔོན་མཛད་དེ་བསྡུས་གྲྭ་ཡོངས་རྫོགས་གསན་པའི་ཟིན་བྲིས་ཀྱང་ཡོད་པར་གྲགས།དུས་རྒྱུན་ཁང་སྟེང་དུ་སྐྱོར་སྦྱངས་མཚན་འཕུད་དང་།ཆར་སོགས་ཀྱི་རྐྱེན་བྱུང་ཚེ་རྡོ་སོགས་འབར་འབུར་མང་པོས་བཞུགས་མལ་གཟིམས་མི་བྲོ་བ་ཞིག་བྱས་ནས་སྐྱོར་སྦྱངས་མཛད།དབུ་ཕར་གཉིས་བཤད་པ་དང་བཅས་ཡོངས་རྫོགས་དང་།འདུལ་མཛོད་གཉིས་ཀྱང་ཁྲི་ཆེན་ཉིད་ལ་གསན་ཞིང་ཕར་ཕྱིན་གྱི་སྐབས་དང་པོ་གསུམ་གྱི་གསུང་ཟིན་བྲིས་ཀྱང་མཛད་པ་བདག་གིས་ཀྱང་མཐོང་ལ།སྐབས་ལྷག་མའི་ཟིན་བྲིས་ཀྱང་ཡོད་པར་གྲགས།དབུ་མ་སྔ་ཕྱིར་ཚར་གཉིས་གསན་ཞིང་ལུང་རིགས་གཏེར་མཛོད་ཕྱིས་སུ་དགུང་ལོ་མཐོ་བའི་སྐབས་སུ་ཡང་སྐྱོར་རྒྱུ་ཡོད་ཅེས་དངོས་སློབ་རྣམས་གསུངས།དགུང་ལོ་ཞེ་གསུམ་གྱི་བར་དུ་ཁྲི་རིན་པོ་ཆེ་དེ་ཉིད་འབྲལ་མེད་དུ་བསྟེན་ནས་སྡེ་སྣོད་ཀྱི་བཤད་པ་གང་གནང་མ་ལུས་པར་གསན་པས་དགེ་བཤེས་ཆེན་པོར་གྱུར།གསང་སྔགས་བསྐྱེད་རྫོགས་དང་ཆོ་ག་ཕྱག་ལེན་ཞིབ་པར་མཁྱེན་ཅིང་།ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་དྲུང་དུ་མི་ཏྲ་བརྒྱ་རྩ་སོགས་ཆོས་མང་དུ་གསན།འཇམ་མགོན་ཁྲི་རིན་པོ་ཆེས་ཀྱང་དབང་རྗེས་གནང་སོགས་ཀྱི་སྐབས་མཆོད་གཡོག་བྱེད་དུ་བཅུག་སྟེ་ཅུང་ཟད་འཕྱུག་པ་ལ་ཡང་བཀའ་བཀྱོན་དང་ཕྱག་འབེཕས་སོགས་སློབ་མ་གཞན་ལས་ལྷག་པའི་གཅེས་སྤྲས་མཛད།རྗེ་གོང་མའི་མདུན་ནས་བསྙེན་པར་རྫོགས་པ་ནས་བཟུང་སྟེ་སྐུ་མ་འདས་ཀྱི་བར་དུ་ཕྱི་དྲོའི་ཁ་ཟས་ཏིལ་འབྲུ་ཙམ་ཡང་གསོལ་མ་མྱོང་ཞིང་།མཚན་མོ་ཙོག་བུའི་རྣལ་འབྱོར་ཁོ་ན་མཛད་པ་སོགས་མདོ་སྔགས་ཀྱི་མཁྱེན་རྒྱ་དང་ཞི་དུལ་གྱི་ཀུན་སྤྱོད་འཛོམས་པས་བགྲེས་གཞོན་ཀུན་ལ་རྩི་༼བརྩི༽འཇོག་དང་དག་སྣང་ཆེ་བར་བྱུང་།དཔོན་ཇུ་ནང་ཡབ་ཡུམ་གཉིས་ཀྱིས་མཐོང་དང་དད་གུས་ཤིན་ཏུ་ཆེ་ཞིང་།རྗེ་གོང་མས་ཀྱང་བྱུར་དཀར་གྱི་ཕྱག་ཕྲེང་ཞིག་བོར་སོང་བ་རྗེ་འདི་དང་རབ་འབྱམས་པ་ནམ་མཁའ་བསམ་གྲུབ་གཉིས་ཀྱིས་རྙེད་ནས་ཕུལ་བས་ཁྱེད་རང་གཉིས་ཀྱིས་བགོས་གསུངས།ཁོང་གཉིས་ནས་ཕྲེང་བ་ཆ་གཅིག་དང་།རྒྱན་ཆ་གཅིག་བྱས་ཏེ་རྒྱན་འཕངས་པས་རྗེ་འདིས་ཕྲེང་བ་ཐོབ་པར་ཁོ་རང་གིས་རྟེན་འབྲེལ་འཕྱུག་མི་ཡོང་གསུངས་པ་སོགས་ཐུགས་མཉེས་པའི་བཀའ་ཕེབས་ཡང་ཡང་འབྱོན་པར་དངོས་སློབ་དུ་མས་གསུངས།ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་པོའི་བར་དུ་འཐུལ་བས་རྒྱུས་མེད་རྣམས་ཀྱང་ཡིད་དབང་མེད་དུ་འཕྲོག་པ་ཞིག་ཡིན་འདུགསྨོན་ལམ་རབ་འབྱམས་པའི་མཚན་བཏགས་མཛད་ནས་ད་ཕྱིན་ཆད་གྲལ་མགོར་སྡོད་རྒྱུ་མིན།མིང་བཏགས་ཀྱི་གྲལ་མཚམས་སུ་བསྡད་ན་ཆོག་གསུངས་ནས་དེར་བཞུགས་པ་ནི་དམན་ཆ་ལ་དགྱེས་པའི་རྣམ་ཐར་དུ་སྣང་།དེ་ཕྱིན་ཆད་གྲྭ་རྐྱང་གི་དང་༼ངང་༽ཚུགས་ཁོ་ན་མཛད་ནས་འཇམ་མགོན་ཁྲི་རིན་པོ་ཆེའི་ཞབས་ཕྱིར་ཕེབས་སྐབས་སོགས་ཁྱེད་ཐུན་ལ་བཞུགས་མི་དགོས་ཞུས་ན་ཡང་ནན་གྱིས་བཞུགས་པ་དང་།ཕྱིས་སུ་བསྙུང་གཡོག་ཀྱང་མཛད་པ་སོགས་བླ་མའི་ཞབས་ཏོག་སྔོན་གྱི་དམ་པའི་རྣམ་ཐར་དང་མཐུན་པ་མཛད།ཚོགས་ཆེན་ཞལ་ངོ་དང་རྒྱུད་པ་བླ་ལ་དབུ་མཛད་པ་ཡང་བྱས་ཤིང་།དེ་སྐབས་སྡེ་ཁྲི་རིན་པོ་ཆེ་དགུང་ལོ་བདུན་ཅུར་ཕེབས་པ་དང་སྐུ་གཟུགས་ཧ་ཅང་ལྕི་བའི་སྟབས་རྗེ་འདིས་སློབ་ཆུང་བ་བྱས་ནས་ལོ་གཉིས་ཀྱི་རིང་ལ་མཚན་ཉིད་གྲྭ་ཚང་ལ་བརྩི་བཞག་གནང་ཞིང་སྐྱབས་མགོན་མཆོག་གི་ཡོངས་འཛིན་ཀྱང་མཛད།དེ་ནས་སྡེ་ཁྲི་རིན་པོ་ཆེ་ཟུར་བཞུགས་མཛད་སྐབས་སྐྱབས་མགོན་རྡོ་རྗེ་འཆང་དང་།ཆིང་དབང་༼ཝང༽བསྟན་འཛིན་དབང་ཕྱུགསྡེ་ཁྲི་རིན་པོ་ཆེ་ཐུན་མོང་ནས་ཚོགས་ཆེན་གྱི་ཁྲིར་བསྐོས།བསྡུས་གྲྭའི་བརྩི་བཞག་ཐུགས་ཐོག་ནས་གནང་ཞིང་འཆད་ཉན་དང་གཏོང་སྒོ་སྔར་རྒྱུན་མ་ཉམས་པ་མཛད།ས་འབྲུག་ལོ་ཁྲི་ཟུར་བཞུགས་གནང་སྟེ།ཡུན་རིང་པོའི་བར་དུ་ཐུགས་དམ་ཟབ་མོའི་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད།ལན་ཅིག་སྐུ་དྲང་བོར་བསྲང་།ཕྱག་མཉམ་བཞག་མཛད་དབུགས་ཀྱི་རྒྱུ་བ་ཆད་ནས་བཞུགས་འདུག་པར།གྲྭ་སློབ་རྣམས་ཀྱིས་མྱ་ངན་ལས་འདས་པར་ཐག་བཅད་དེ་ཆོས་གོས་ཕུལ་ཞིང་དབུ་རྒྱན་སྒྲོན།མཆོད་རྫས་བསྡུ་བཤམས་བྱས།སྐྱབས་མགོན་རྡོ་རྗེ་འཆང་གདན་འདྲེན་ཞུས་པར་སྤྱན་འདྲེན་ཁྲུས་གསོལ་དང་།སྨོན་ལམ་ཆོས་སྤྱོད་འགའ་ཞིག་གསུངས་ནས་ཕེབས་པས་ཐམས་ཅད་ཉམས་མཚར་བ་ཞིག་བྱུང་།ཉིན་ཞག་གསུམ་ནས་སླར་མནལ་སད་པ་ལྟ་བུ་ཞིག་མཛད་དེ་ཁྱེད་རང་ཚོས་ཅི་ཞིག་བྱས་པ་ཡིན་སོགས་རྒྱུས་མེད་ཀྱི་གཏམ་མང་པོ་གསུངས།ཁོང་ལ་ཅི་བྱུང་ཞུས་པས་ང་གཉིད་སོང་བ་ལྟ་བུ་ཞིག་བྱུང་བ་ལས་གཞན་ཅི་ཡང་མ་གསུངས་པས་འགའ་ཞིག་གིས་སེམས་དབེན་གྱི་འོད་གསལ་མངོན་དུ་མཛད་དམ་ཟེར་བ་བྱུང་།དེ་ནས་ཡང་ལོ་གཅིག་ཙམ་གྱི་རིང་ལ་ཐུགས་དམ་གོང་འཕེལ་གྱི་མུར་བཞུགས་པ་ལས་དགུང་ལོ་རེ་བདུན་པ་ཆུ་རྟ་ལ་གཤེགས་སོ།། །།  
                                            རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
            གསལ་འདེབས།                                                                             
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་          ཐག་གསལ་པོར་དགོད་པར་ཞུ།                                                                                 
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn                                


བརྒྱུད་འགོད།