བླ་བྲང་གདན་རབས་གསུམ་པ་སྡེ་ཁྲི་བློ་བཟང་དོན་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ།     སྤེལ་དུས།  2018-05-14 09:48:46     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

微信图片_20180504112106.jpg


གདན་རབས་གསུམ་པ་གསང་བདག་གྲུབ་པའི་དབང་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཅིག་པའི་ཆུ་གླང་གི་ལོ་ཁྲི་ཀའི་སའི་ཆ་ལན་ཀྱོ་ཞེས་པར་ལྟག་རིང་གི་རུས་ལས་ཡབ་དགེ་བསྙེན་ཟེར་བའི་སྲས་སུ་འཁྲུངས།ཆུང་ངུའི་དུས་ནས་གཞན་གྱིས་མ་བསྐུལ་བར་རྟེན་གྱི་དྲུང་དུ་མཆོད་འབུལ་ཕྱག་འཚལ་སོགས་རྣམ་དཀར་ལ་བརྩོན་པ་དང་།སྤྲང་པོ་མཐོང་ཚེ་སྤྱན་ཆབ་ཕྱུང་སྟེ་རང་གི་བཟའ་བཏུང་བགོ་བཤའ་བྱེད་པ་སོགས་དམ་པའི་སྤྱོད་པ་ལྷུན་གྱིས་གྲུབ་པ་ཞིག་ཡོད་པར་གྲགས།ལོ་ལྔ་དྲུག་གི་དུས་ཁུ་བོ་རབ་འབྱམས་པ་ཞིག་ཡོད་པའི་རྩར་ཀློག་སློབ་པར་ལ་མོ་བདེ་ཆེན་དགོན་དུ་ཕེབས།ཀློག་སོགས་བརྡ་སྦྱར་བ་ཙམ་གྱིས་མཁྱེན་ཅིང་།ཁྱད་པར་འཇིགས་བྱེད།ཆོས་རྒྱལ།གསང་བདགདམག་ཟོར་མ་རྣམས་ཀྱི་སྐུ་འདྲ་མཐོང་ན་ཡང་ལྷ་གཞན་མཐོང་བ་ལས་ལྷག་པའི་དགའ་ཚོར་སྐྱེ་བ་དང་སྒྲུབ་ཐབས་གཏོར་ཆོག་སོགས་ཀྱང་བཀླགས་པ་ཙམ་གྱིས་བློ་ལ་ཟིན་པ་སོགས་ཚེ་རབས་སྔ་མར་འབྲེལ་ཆེ་བའི་རྟགས་མཚན་ཆུང་ངུའི་དུས་ནས་མང་ལ།གསོལ་བ་བཏབ་ན་ཡང་བྱིན་རླབས་གཞན་ལས་མྱུར་བ་ཞིག་ཡོད་ཅེས་ཞལ་ནས་གསུངས།རབ་བྱུང་དང་དགེ་ཚུལ་གྱེ་མཁན་སློབ་གང་ཡིན་མ་ངེས་ཀྱང་བསྙེན་རྫོགས་ནི་ཀུན་མཁྱེན་རིན་པོ་ཆེར་ཞུས་པ་ཡིན་སྣང་སྟེ་བསྔོ་བའི་སྐབས་སུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ངག་དབང་བརྩོན་འགྲུས་པའི་ཞལ་སྔ་ནས་ཞེས་གསུང་གི་ཡོད་པར་དངོས་སློབ་རྣམས་གསུངས།བསླབ་ཁྲིམས་མིག་འབྲས་ལྟར་བསྲུང་ཞིང་རབ་བྱུང་དང་དགེ་ཚུལ་གཞན་ཉེས་སྤྱོད་ལ་ཞུགས་ན་ཁྱོད་ངོ་མི་ཚའམ་ཁྲེལ་བདས་བྱེད་པ་དང་།ཚངས་སྤྱོད་ཀྱི་བརྟུལ་ཞུགས་དོར་བའི་ཁྱིམ་པ་འགའ་ཞིག་གི་དྲི་ལ་འཛེམ་ནས་སྣ་བཀབ་པས་འགའ་ཞིག་གིས་ཁྲེལ་གཏམ་ཡང་བྱས་ཞེས་གྲགས།མནལ་ལམ་དུ་མི་དཀར་པོ་ཞིག་གིས་ཁྱོད་དབུས་གཙང་ལ་འགྲོ་ཞེས་ཁྲིད་ནས་འདི་ལྷ་སའི་གཙུག་ལག་ཁང་ཡིན་ཞེས་སོགས་མང་པོ་ཞིག་སྟོན་པར་མཛད་པས་ཕྱིས་སུ་བཀོད་པ་སོགས་དེ་དང་འདྲ་བར་འདུག་གསུངས་ཏེ་གནས་ཆུང་དགྲ་ལྷ་འོད་ལྡན་དཀར་པོས་བསྐུལ་བཏབ་པར་མངོན། དེ་ནས་བཟུང་སྟེ་མཐོང་ཚུལ་དེ་དག་རྒྱུན་དུ་འཆར་བ་དང་།མནལ་ལམ་དུ་སེར་འབྲས་དགེ་གསུམ་ཡང་ཡང་མཐོང་བ་སོགས་ཀྱི་རྐྱེན་བྱས་ནས་དབུས་སུ་འགྲོ་འདོད་ཤུགས་དྲག་པོ་སྐྱེས་ཀྱང་མཐུན་རྐྱེན་འགྲིག་དཀའ་ཙམ་བྱུང་བར་རྗེ་རང་ཉིད་ཀྱི་སྲིང་མོ་ཞིག་གིས་མཐུན་རྐྱེན་གང་དྲག་་བསྒྲུབས་ཏེ་དགུང་ལོ་བཅུ་དྲུག་གི་དུས་འཕགས་ཡུལ་གཉིས་པ་དབུས་གཙང་དག་པའི་ཞིང་དུ་བྱོན་ནས་མཁས་པ་གདེངས་ཅན་བྱེ་བའི་རོལ་མཚོ་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྨྲ་བའི་དབང་ཕྱུག་བྱ་བྲལ་དགེ་འདུན་ཕུན་ཚོགས་དགེ་རྒན་དུ་བསྟེན། རྒྱལ་སྲས་ཆེན་པོ་དོན་གྲུབ་རྒྱ་མཚོའི་དྲུང་དུ་བསྡུས་གྲྭའི་ཚིག་བཞག་ཐོག་མར་མནོས།ཕར་ཕྱིན་ཡང་བླ་མ་འདི་ལ་གསན་ཞིང་པོ་ཏི་ལྷག་མ་རྣམས་ཆོས་རྗེ་ཏཱ་དབོན་པ་ཀུན་དགའ་འོད་ཟེར་ལ་གསན་པས་བླ་མ་འདི་གཉིས་ཀྱི་མཚན་སྨོས་སྐབས་འཇམ་དབྱངས་བླ་མ་ཞེས་གུས་པ་ཆེན་པོ་མཛད་པར་དངོས་སློབ་རྣམས་གསུངས།བློ་འཛིན་སོགས་ཉིན་གཅིག་ལ་འདི་ཙམ་འཛིན་དགོས་སྙམ་པ་ཕལ་ཆེར་འཛིན་ཐུབ་པའི་ཐུགས་རབ་འགྲན་ཟླ་མེད་པར་གྲགས་ཆེ་ཞིང་།ཞལ་ནས་ཀྱང་ངེད་རང་འཛིན་བཟང་ཞིང་བརྗེད་ངས་ཆུང་བས་ཆོས་མཚམས་སྐབས་སུ་ཉི་མ་ཁ་ཤས་རེ་ལས་ཆོས་མཚམས་ཡོངས་རྫོགས་ལ་དཔེ་ཆ་འཛིན་མི་དགོས་ཤིང་སྐྱོར་སྦྱངས་ལ་ཧ་ཅང་སྡུག་རུས་བྱེད་དགོས་པ་མ་བྱུང་ཞེས་གསུངས།སྐབས་སྐབས་སུ་མདོ་སྨད་ནས་ཆར་གོས་སུ་བསྣམས་པའི་འཕྱིང་༼ཕྱིང༽སེར་ཞིག་ཡོད་པ་མནབས་དབུ་ཞྭ་ཞྭ་སྣམ་ཞིག་ཡོད་པ་ལེབ་འཇོག་བྱས་ཏེ་སྟེང་གཡོགས་མེད་ས་ཞིག་ཏུ་སྐྱོར་སྦྱངས་མཚན་ཕུད་རེ་མཛད།དེའི་ཚེ་མཚན་རིལ་བོར་ཆར་བབས་ཀྱང་ཇི་མི་སྙམ་པར་བཞུགས་པས་གྲོགས་མཆེད་ཅིག་གིས་ཁྱོད་ཀྱིས་རྒྱུན་དུ་སྐྱོར་སྦྱངས་མི་བྱེད་སྐྱོར་སྦྱངས་བྱེད་སྐབས་ཆར་ལ་ཡང་མི་འཛེམ་པ་ཅི་ཡིན་དྲིས་པས།བྱ་བ་གང་བརྩམས་མཐར་འདོན་པ་ཡ་རབས་ཀྱི་ལུགས་ཡིན་གསུངས།ཐུགས་འཛིན་དང་འཛིན་རྒྱ་གྲྭ་ཐོག་དེ་ན་རྗེ་འདི་དང་མཉམ་པ་མེད་པར་གྲགས་པ་དོན་ལ་ཡང་གནས་པ་ཡིན་འདུག་སྟེ།དབུ་མའི་ཡིག་ཆ་མི་འདྲ་བ་བདུན་ཙམ་བློ་ལ་བཟུང་ཡང་ཧ་ཅང་སེམས་ཚིམ་པ་ཞིག་མ་བྱུང་།ཕྱིས་སུ་དབུ་མ་ལུང་རིགས་གཏེར་མཛོད་བློ་ལ་བཟུང་བས་ཅུང་ཟད་གོ་བ་བྱུང་ཞེས་ཞལ་ན་གསུངས་པ་དང་།མཛོད་ཀྱང་མི་འདྲ་བ་དུ་མ་ཐུགས་འཛིན་དང་།ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཉི་མ་བདུན་ལ་ཐུགས་འཛིན་མཛད་པར་ཁོང་ཉིད་ཀྱིས་གསུངས་པར་སྐྱབས་མགོན་རྡོ་རྗེ་འཆང་གི་ཞལ་ནས་དངོས་སུ་ཐོས།དེ་ལྟར་མཁྱེན་དཔྱོད་འགྲན་ཟླ་མེད་པའི་གགས་སྙན་གྱི་དབྱར་རྔ་གང་གི་སྙན་དབང་རྨ་བྱ་དགྱེས་པའི་དུས་སྟོན་དུ་གྱུར་བ་ན་སྒོ་མང་དཔོན་སློབ་ཆོས་ཀྱི་རྗེ་ཀུན་དགའ་འོད་ཟེར་རམ་འོད་ཟེར་རྒྱ་མཚོར་གྲགས་པས་བཀའ་ནན་མཛད་པ་ལྟར་དགུང་ལོ་ཉེར་ལྔ་པ་ལ་ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་མཛད།དེའི་ཚེ་རྟོག་གེ་མགོ་མཁྲེགས་དུ་མས་ཀླན་ཀ་ཚོལ་བར་བློ་གྲོས་ཀྱི་རྩལ་སྤྲུགས་ཏེ་ནན་ཏར་འབད་ཀྱང་།དམ་བཅའ་རྡོ་རྗེ་རི་བོ་ལ་ལུང་རིགས་ཀྱི་ཉག་ཕྲན་ཁུ་ཚུར་བཞིན་དུ་གྱུར་ཅིང་།སྐྱེ་བས་ཐོབ་པའི་རྣམ་དཔྱོད་ཅང་ཤེས་ཀྱི་རྟ་མཆོག་ལ་འགྲན་བཟོད་ཀྱི་འོ་དོད་དབྱངས་སུ་གྱེར་བའི་རྨོངས་རྟུལ་མགྲིན་བཟང་གི་ཚོགས་རྣམས་རང་མཚང་མངོན་པར་གསལ་བའི་ཁང་བུར་དལ་གྱིས་ཡིབས་ཏེ།ཕྱོགས་ལས་རྣམ་པར་རྒྱལ་བའི་གདོང་ལྔའི་སྒྲ་དབྱངས་ཐུབ་བསྟན་གངས་རིའི་རྒྱན་དུ་ཆེ་བ་གཅིག་བྱུང་སྣང་ངོ་། །དེ་སྐབས་ཡུལ་མི་རྣམས་ནས་རང་ཡུལ་དུ་འབྱོན་དགོས་པའི་ཡི་གེ་ནན་ཅན་ཕུལ་ཀྱང་།ཉེ་དུ་དང་ཐག་བསྲིང་སྟེ་སྒྲུབ་པ་ཤ་སྟག་ཅིག་བྱེད་པར་དགོངས་ནས་ཕ་ཡུལ་དུ་མི་འབྱོན་པར་དམ་བཅའ་མཛད།ཕྱིས་སུ་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས་ཀྱང་ཡུལ་ནས་ཡང་ཡང་གདན་འདྲེན་ཞུས་ཀྱང་ཞལ་བཞེས་ཙམ་ཡང་མ་མཛད་པ་ལ།གྲྭ་རྒན་རྣམས་ནས་ཡུལ་དུ་མི་ཕེབས་པའི་རྒྱུ་མཚན་ཅི་ཡིན་ཞུས་པས།རྗེ་མི་ལས།ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའོ་མྱུར་དུ་བྲོས། །ཞེས་གསུངས་ཡོད་ཨང་འཆིང་བ་ཇེ་དམ་དུ་མ་བཏང་བ་ཡིན་གསུངས་ཏེ།ནོར་གྱི་དོན་དུ་ཆོས་གཏོང་ཞིང་།ཉེ་དུའི་དོན་དུ་སྲོག་གཏོང་བའི་དམ་པ་འགའ་ཞིག་གི་རྣམ་ཐར་དང་འགལ་བ་ལྟག་སྤྲོད་ཁོ་ནའོ། །དེ་ལྟར་དབེན་པའི་རི་ཁྲོད་ཅིག་ཏུ་གཞི་ཚུལ་ཁྲོམས་རྣམ་པར་དག་པ་ལ་གནས་ཏེ་ཚེ་དང་སྒྲུབ་པ་སྙོམས་པའི་ཐུགས་འདུན་ཡོད་ཀྱང་།དེ་དུས་གྲྭ་ས་གྲྭ་ཚང་སོ་སོར་སྐྱིད་སྡུག་གན་བུབ་ཀྱི་རེས་འཇོག་བར་འགྱང་མེད་པ་བྱུང་བ་དང་།ཁོང་ཆོས་སྲིད་གང་ནས་ཀྱང་མཁྱེན་རྒྱ་ཆེ་ཞིང་གཏིང་མི་དཔོག་པ།ངང་ཚུགས་བརྟན་ཅིང་བྱ་བ་ལ་མི་སྐྱོ་བ།ཀུན་དང་འགྲོགས་མཁས་ཤིང་བློ་གཏད་མི་བསླུ་བ་སོགས་རྒྱལ་པོ་ཆེན་པོའི་དགོངས་བློན་དུ་འོས་པའི་ཁ་ཐབས་ཅན་ཞིག་ཡིན་སྟབས་ཀླུ་འབུམ་ཁམ་ཚན་དང་སྒོ་མང་གྲྭ་ཚང་སྤྱིའི་བྱ་བ་ཐམས་ཅད་རང་ཉིད་གཅིག་བུའི་ཐོག་ཏུ་བབས་པ་འདྲ་བ་ཅིག་གིས་གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་པོར་མེད་པའི་ཚུལ་དུ་སོང་སྟེ་རི་ཁྲོད་ཀྱི་ཐུགས་དགོངས་ཐོག་ཏུ་མ་ཁེལ།དེ་དུས་འཇིག་རྟེན་གྱི་བྱ་བཞག་རླབས་ཆེ་ཞིང་ཕུགས་བརྟན་པ།བྱེད་ཚུལ་ཐབས་མཁས་ཤིང་གཞན་དབང་དུ་མི་འགྲོ་བ་སོགས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་ཐུགས་དགྱེས་པོ་མཛད་དེ་གཞུང་གི་ཚོགས་འདུའི་གྲས་སུ་ནན་གྱིས་འཇོག་པ་གནང་ཞིང་།རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་མདུན་པ་ཡང་བྱེད་དགོས་བྱུང་སྟེ།ཙ་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས།བྱ་བ་མ་ཡིན་མི་བྱེད་ཅིང་། །བཤམས་པ་མཁོས་ལ་ཕེབས་པ་དང་། །ཡུལ་གྱི་འདོང་པ་ཐག་བསྲིང་བའི། །སྐྱེས་བུ་མཁས་པ་སུས་མི་བཀུར། །ཞེས་གསུངས་པ་ལྟར་རོ། །བཀྲ་ཤིས་སྒོ་མང་གི་སྡེ་བ་ཡང་རྒྱུན་རིང་དུ་མཛད་ཅིང་།དེ་དུས་བོད་སྐྱོང་ལྷ་བཟང་ཧན་གྱིས་རྗེ་གོང་མ་རིགས་ཀྱི་ཅོད་པན་དུ་བཀུར་བཞིན་པ་དང་།རྗེ་འདི་བ་ལྷ་བཟང་གི་བློན་པོ་གནང་ཆེན་ལྟ་བུར་ཐུགས་གཙིགས་ཆེ་བ་བཅས་རྗེ་འཇམ་དབྱངས་བཞད་པའི་ཐུགས་རྗེ་དང་།རྗེ་འདིའི་ཐབས་མཁས་ཟུང་འབྲེལ་ལ་བརྟེན་ནས་སྒོ་མང་ལ་མཆོད་གཞི་༼གཞིས༽མང་པོ་བྱུང་བར་གྲགས་ཆེ་སྟེ།དམ་པ་དཔོན་དུ་བསྐོས་གྱུར་ན།དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ཅེས་པའི་དམ་པའི་རྣམ་ཐར་རོ། །སྒོ་མང་གི་མཆོད་གཞིས་མི་སེར་ལ་ལྟ་རྟོག་བྱེད་སྐབས་ངོ་འཚབ་མངགས་བཞིན་པ་ཡིན་ཀྱང་།སྐབས་ཤིག་གས་པོ་རྟ་ཞང་གཉིས་ལ་རང་ཉིད་ཕེབས་འདོད་སྐྱེས་ནས་ཕེབས་པས།རྟ་ཞང་ཆོས་རྗེའི་གཟིམས་ཁང་ཞིག་སོང་བར་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང་།ཚུར་ཕེབས་ནས་རྗེ་གོང་མའི་དྲུང་དུ་མཇལ་བས།ཁྱོད་ཀྱི་ཁང་བ་ག་འདྲ་འདུག་གསུངས།ངེད་ཀྱི་ཁང་བ་གང་ཡིན་ཞུས་པས།རྟ་ཞང་ཆོས་རྗེའི་ཁང་བ་དེ་ཡིན་མོད་གསུངས།དེ་ངས་མི་ཤེས་ཞུས་པས།རྟ་ཞང་ཆོས་རྗེ་ནི་འཇམ་དབྱངས་ཆོས་རྗེའི་བུ་ཆེན་ཆོས་རྗེ་རང་གི་སྐུ་ཚབ་ཏུ་རྒྱ་ནག་ལ་ཕེབས་ནས་གོང་མའི་ལུང་དང་ལས་ཀས་མཐོ་བ་ཞིག་ཡིན།ཁྱོད་དེའི་སྐྱེ་བ་ཡིན་པར་འདུག་ཆེས་གསུངས།རྟ་ཞང་ཆོས་རྗེའི་ཁང་བའི་ཉེ་འཁོར་ན་མནན་པ་ཞིག་ཡོད་པས་བདག་ལ་གནོད་པའི་ཉམས་གཟིགས་ནས་རྟ་ཞང་དུ་སྡོད་པའི་མཚན་མོ་དེར་ཀུན་མཁྱེན་མཆོག་ནས་ཕྱིར་བཟློག་མཛད་སྣང་ཞེས་སྡེ་ཁྲི་རིན་བོ་ཆེ་ཉིད་ནས་བདག་གི་ཁུ་བོ་ཡོན་ཏན་སེང་གེ་ལ་གསུངས་འདུག་ཅེས་དུས་འཁོར་དཔོན་སློབ་ངག་དབང་དོན་འགྲུབ་པའི་ཞལ་ནས་ཐོས་སོ། །སྡེ་བར་བཞུགས་སྐབས་སུ་ཡང་ཆོས་མིན་གྱི་གཡེང་བའི་འཁོར་ལོ་མ་བསྐོར་བར་རྒྱལ་པོའེ་བཀའ་འགྱུར་རིན་པོ་ཆེ་ཚར་བཞི་ལྗགས་ཀློག་དང་།དབུ་མ་ལུང་རིགས་གཏེར་མཛོད་ཐུགས་ལ་བཟུང་ནས་བསགས་སྦྱངས་དང་དཔྱད་པ་མཛད་པས་བློ་སྐྱེད་ཆེ་བར་བྱུང་ཞེས་དངོས་སློབ་མང་པོར་ཞལ་ནས་གསུངས།དགུང་ལོ་ཉེར་བརྒྱད་པ་ལ་རྗེ་གོང་མ་སྒོ་མང་གི་ཁྲིར་བཞུགས་པའི་ཕྱག་མཛོད་བྱེད་དགོས་བྱུང་སྟེ།སྒོ་མང་གི་སྡེ་བ་དང་ཟུང་འབྲེལ་མཛད།དེ་སྐབས་ད་ཕྱིན་ཆད་དཔོན་སློབ་འདི་འདྲ་དཀའ་བས་ཁྱེད་རང་ཚོས་གྲྭ་ཚང་རང་ལ་པོ་ཏི་ཡོངས་རྫོགས་ཀྱི་ཡིག་ཆ་རྩོམ་རྒྱུའི་ཞུ་འབུལ་གྱིས་ཞེས་དཀའ་རབ་འབྱམས་སྤྱི་ལ་སྒྲོན་བཏང་སྟེ་དེ་དག་གིས་ཞུས་པའི་རྟིང་མར་རང་ཉིད་ནས་སྙན་བསྐུལ་ནར་མར་ཞུས་པར་བརྟེན་ཀུན་མཁྱེན་རིན་པོ་ཆེས་མཛོད་འདུལ་ཕར་ཕྱིན་གྱི་ཡིག་ཆ་འདི་དག་གསུང་རྩོམ་གནང་བས་ཡིག་ཆ་འདིའི་སྒོ་ནས་ང་ཡང་ཁྱོད་རང་ཚོར་དྲིན་ཆེ་ཞེས་གསུངས་ཏེ་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅང་བའི་རྣམ་ཐར་དུ་ཤེས་སོ། །དགུང་ལོ་སོ་བཞི་བ་མེ་ཁྱིའི་ལོ་ཀུན་མཁྱེན་རིན་པོ་ཆེའི་ཞལ་ནས་ད་ལྟ་མི་ཚོ་ཚབ་ཚུབ་ཆེ་བར་འདུག་པས་ཁྱོད་ཀྱིས་དགེ་བསྐོས་གཉེར་བ་ཟུང་འབྲེལ་བྱེད་དགོས།དེར་མ་ཟད་རྗེས་སོར་ང་རང་ཚོ་གང་ལ་འགྲོ་དགོས་ཀྱི་ཚོད་ཡང་མི་ཐིག་པས་ངའི་བསམ་དོན་ཐམས་ཅད་ཁྱོད་ཀྱིས་སྒྲུབ་དགོས་པ་ཞིག་ཡོང་ཞེས་བཀའ་ཕེབས་པས་སུམ་སྦྲེལ་བྱེད་དགོས་པ་བྱུང་།གསུང་དང་མཛད་སྤྱོད་འདི་དག་ལ་དཔགས་ཟིང་ཆ་ཆེ་བའི་སྐབས་དེ་དག་ཏུ་རྗེ་གོང་མ་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་བསྟན་སྲུང་དུ་མའི་གཟིགས་སྣང་རྒྱུན་མི་འཆད་པར་བྱུང་འདུག་པས་དེ་དག་གིས་དེ་ལྟར་ལུང་བསྟན་པ་ཡིན་ནམ་སྙམ།དེ་སྐབས་རྒྱ་ནག་ནས་སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་གདན་འདྲེནདུ་འོངས་པར་རྗེ་གོང་མས་ནི།ནམ་མཁའི་ཉི་ཟླ་བཟང་པོ་དང་མཐུན་ན།གླིང་བཞིའི་དབུས་ན་མངོན་པར་མཐོ་ལ་བརྗིད། །བཟློག་ན་དུས་མཐའིམེ་ཡིས་རྒྱལ་ཁམས་འཚིག།རི་རབ་སྲིད་པར་བཅས་པ་ཆགས་འཇིགས་༼ཆག་འཇིག༽ཡོང་། །ཞེས་འཇམ་དབྱངས་གོང་མ་ཆེན་པོའི་གསུང་དང་མ་བསྟུན་ན་དགའ་ལྡོན་ཕོ་བྲང་གི་བསྟན་སྲིད་ལ་ཆག་འཇིག་འོང་བའི་ལུང་བསྟན་དང་།གཞན་ཡང་དབུས་སུ་མཚོན་གྱི་བསྐལ་བ་འཆར་བ་དང་།ས་ལ་ཁྲག་གི་ཆར་བ་འབབ་པ་སོགས་ཀྱིས་ལུང་བསྟན་མང་པོའི་དུས་ལ་བབས་འགྲོ་བར་འདུག་པས་རྒྱ་ནག་རྒྱལ་པོའི་དགོངས་བཞེད་དང་བསྟུན་ན་ལེགས་ཚུལ་གསུངས་ཀྱང་།སེ་འབྲས་སོ་སོའི་ལས་སྣེ་གྲོས་མཐུན་གྱིས་སྐུ་ཞབས་རྒྱ་ནག་ཏུ་བྱོན་ན་བོད་སུ་ལ་བརྟེན་ཟེར་ནས་རྒྱལ་བ་རིན་པོ་ཆེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ཏེ་གྲྭ་མང་གིས་སྲུང་རེས་བྱས་པའི་གྲས་སུ་སྒོ་མང་གྲྭ་ཚང་མ་ཕེབས་པས་ཉིན་གཅིག་རྗེ་འདི་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་སེ་འབྲས་ཀྱི་ཆེ་གྲགས་རྣམས་འཚོགས་ཡོད་པའི་སར་བོས་ནས།ཁྱོད་སྒོ་མང་གི་མཐོ་དམན་བར་གསུམ་གྱི་སེམས་ན་ཅི་ཡོད་འཚོགས་པའི་དབུས་སུ་ཤོད་ཅེས་སྒྱུར་སྦྱངས་བཏང་བར།ངེད་ཚོས་སེམས་ལ་ཅི་ཡོད་ཁྱེད་རང་ཚོས་འཚོགས་ཐོག་ནས་ཐག་བཅད་པ་དེ་ཡིན་མོད།ངས་བཤད་དགོས་དོན་མི་འདུག་ཅེས་སྙེམས་ཚུལ་གྱིས་བཞུགས་པ་ལ།འོ་ན་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་འཇུག་རྒྱུ་ཡིན་མིན་གྱི་ལན་གསལ་བོ་དགོས་ཟེར་བར།ངས་འཕགས་པ་སྤྱན་རས་གཟིགས་འདི་ལ་ཕེབས་ཆོགའདི་ལ་ཕེབས་མི་ཆོག་ཅེས་བཀག་འགོག་བྱེད་མི་ཐུབ་བྱས་པས།ཁྱོད་ཀྱིས་དེ་ལྟར་བཀག་འགོག་མི་ཐུབ་ན་སེ་འབྲས་དགེ་གསུམ་གྲོས་མཐུན་གྱིས་ཐག་བཅད་ན་དེའི་གྲས་སུ་འདུག་རྒྱུ་ཨེ་ཡིན་ཟེར་བར།རྒྱ་ནག་གོང་མ་བདག་པོ་ཆེན་པོ་དང་།བོད་ཀྱི་རྒྱལ་པོ་ལྷ་བཟང་ཧན་གཉིས་ཀྱི་དགོངས་པར་མི་འབབ་པའི་གྲོས་ཅིག་༼ཤིག༽བྱེད་ན་དེའི་གྲབས་ནས་མི་འདུགདེ་མིན་པའི་གྲོས་གང་བྱེད་ཀྱང་གྲོས་གྲབས་གཅིག་ཡིན་གསུངས་ནས་ཧར་གྱིས་བཞེངས་ཏེ་ཕེབས་ཡོང་བར་ཟིལ་སྟོན་པར་སུས་ཀྱང་རྔོ་མ་ཐོགས་སྣང་སྟེ།ཤེས་རབ་སྡོང་བུ་ལས།ཇི་སྲིད་འཇིགས་པ་མ་བྱུང་པ། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། །འཇིགས་པ་མངོན་དུ་བྱུང་བའི་ཚེ། །འཇིགས་མེད་ལྟ་བུར་གནས་པར་བྱ། །ཞེས་གསུངས་པ་ལྟར་སྙིང་སྟོབས་རྨད་དུ་བྱུང་བའི་རྣམ་ཐར་ཡིན་ནོ། །དེ་ནས་དེར་འཚོགས་ཐམས་ཅད་ཀྱིས་སྒོ་མང་བས་དཀྲུག་ཤིང་བྱས་ཟེར་ནས་དམག་རྒྱག་པར་ཐག་བཅད་དེ་ཁོང་ཚོའི་གྲས་སུ་སོང་བའི་སྒོ་མང་གི་གྲྭ་བ་བསམ་བློ་དཀར་དིང་ཟེར་བ་དང་།ཧལ་ཁ་དགེ་འཕེལ་ཟེར་བ་གཉིས་ཀྱིས་དམག་དཔོན་པྱས་པའི་གྲྭ་དམག་གིས་བདེ་ཡངས་གྲྭ་ཁང་སྟེང་ནས་མེ་མདའ་སོགས་འཕངས་ཏེ་སྦྱོར་བ་ལོག་པ་ལ་ཞུགས་པ་དང་།རྗེ་འདིས་ཀུན་མཁྱེན་གོང་མའི་དྲུང་དུ་ཞུས་པར།སྐྱོན་མེད།ང་ཟླ་བ་གྲགས་པ་ལས་ཇེ་ངན་དུ་སོང་བ་མེད་གསུངས་ཞལ་རྩེད་མཛད།ཁྱོད་ཀྱིས་འདམ་ཀ་མ་བྱེད་པར་སྙན་དར་ཞིག་ལོངས་གསུངས་པ་བླངས་པས་རྣམ་བཅུ་དབང་ལྡན་ཅན་ཞིག་བྱུང་།ཆོས་རྒྱལ་གྱི་ཞལ་ཐང་ལ་འཐེན་གསུངས་པ་ལྟར་འཐེན་པས་ཕ་རོལ་པོ་རྣམས་དུས་ཀྱི་འཐོར་རླུང་ལྟ་བུའི་རླུང་ནག་འཚུབ་མའི་ཕོ་བྲང་དུ་ཚུད་དེ་ལག་པ་བརྐྱང་བསྐུམས་ཙམ་ཡང་མི་མཐོང་བ་བཞིན་དུ་གྱུར་ཏེ་ཤོད་དུ་རང་བབས་སུ་སོང་།དེ་མ་ཐག་དམག་དཔོན་གཉིས་སྨྱོས་ནས་གཅིག་གིས་ཁོ་ཆོས་རྒྱལ་ཡིན་རྭ་འདི་མིན་ནམ་ཟེར་མགོ་སྟོན།གཅིག་ཁྱི་སྨྱོན་ཞིག་དང་ཐུག་སྟེ་ཁོ་རང་དང་ཁྱི་སྨྱོན་གཉིས་ཕན་ཚུན་ཁྱི་འཛིང་བལྟར་བྱས་གཉིས་ཀ་ཆེར་མ་འགྱངས་པར་ཤི་བས་དཔོན་སློབ་ཐམས་ཅད་མི་མཐུན་པའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཏོ། །དེ་སྐབས་མཆོག་དམན་ཚང་མས་ཀུན་མཁྱེན་ཆེན་པོའ་ིགསུང་དང་དུ་བླངས་ན་ལེགས་ཚོགས་ཆེ་བར་ཡོང་རིགས་སུ་འདུག་ཀྱང་།གེགས་ཆག་གི་དབང་གིས་གོང་བཀོད་རི་རབ་ཉི་ཟླ་ཟུང་དུ་འབྲེལ་ན་ལེགས་པའི་ལུང་བསྟན་གྱི་ཟློག་ཕྱོགས་ཐོག་ཏུ་བབས་ནས་རྒྱ་བོད་དམག་འཁྲུག་བྱུང་སྟེ་བློ་གསལ་གླིང་གི་རྡོ་བཅལ་མཚོན་ཁྲག་གིས་དམར་པོར་གྱུར་པ་སོགས་གྲྭ་ས་གྲྭ་ཚང་དང་བསྟན་སྲིད་སྤྱི་སྒེར་ལ་ཉམས་ཆག་ཆེ་བར་བྱུང་ན་ཡང་།སྒོ་མང་གྲྭ་ཚང་མཚོལ་དར་ཆགས་པ་བཞིན་དཀར་འཇམ་ཡུག་གཅིག་ཏུ་གནས་པ་ནི།རྒྱུད་བརྟག་གཉིས་ལས།འཆད་པ་བོ་ང་ཆོས་ཀྱང་ང་།རང་གི་ཚོགས་ལྡན་ཉན་པོ་ང་། །ཞེས་གསུངས་པ་ལྟར།གསང་བའི་བདག་པོ་ལག་ན་རྡོ་རྗེའི་ཡེ་ཤེས་ཀྱི་ཟླ་བ་གཅིག་ཉིད་གཟུགས་སྐུའི་རྫིང་བུ་དུ་མར་རོལ་བའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རྗེ་འདི་བ་རྣམ་གཉིས་ཀྱི་བྱིན་རླབས་ཀྱི་འཇུག་པ་དང་ཐབས་མཁས་ཀྱི་བྱེད་པ་ཟུང་དུ་འབྲེལ་བའི་མཐུ་ཡིན་ནོ། །དེ་ཡང་ཀུན་མཁྱེན་རིན་པོ་ཆེ་གསང་བདག་གི་སྤྲུལ་པར་གོང་དུ་བཀོད་པའི་ལུང་བསྟན་གྱིས་འགྲུབ་ལ།རྗེ་འདི་བ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྐུའི་སྐྱེ་བར་ཀུན་མཁྱེན་རིན་པོ་ཆེའི་གསུང་རྒྱུན་ཀྱང་ཐོས་ལ།མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོས་རྗེ་འདི་ཉིད་ཀྱི་མཆོག་སྤྲུལ་འཇིགས་མེད་ལུང་རིགས་རྒྱ་མཚོ་དཔལ་བཟང་པོར་བསྟོད་པ་མཛད་པ་ལས་ཀྱང་།གསང་འཛིན་ལས་རྡོར་ལ་སོགས་མཁས་གྲུབ་ཀྱི། །སྐྱེ་འཕྲེང་རིམ་བརྒྱུད་ལུང་རྟོགས་ཡོན་ཏན་དང་། །མཛད་འཕྲིན་དབྱར་གྱི་ཆུ་མཚོ་ལྟར་རྒྱས་པའི། །མཚུངས་བྲལ་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །ཞེས་གསུངས་སོ། །སྐབས་ཤིག་ཀུན་མཁྱེན་མཆོག་ནས་གཏམ་གསར་བ་ཞིག་ཐོས་པར་འདུག་པས་ང་རང་ཚོ་ལྷ་སར་འགྲོ་གསུངས་ནས་དཔོན་སློབ་རྣམས་ཕེབས་ཏེ་ལྷ་སར་མཆོད་མཇལ་མཛད་པས།ཀུན་མཁྱེན་རིན་པོ་ཆེ་ལ་རྒྱན་དྲུག་མཆོག་གཉིས་སོགས་དང་གཞན་ཡང་ལྷ་དུ་མས་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་གནང་བ་རྗེ་འདིས་གསན་ཀྱང་མ་གསན་པ་ལྟར་མཛད།ཡང་ཀུན་མཁྱེན་རིན་པོ་ཆེ་ལྟ་ཁང་གཞན་ཞིག་ལ་ཕེབས་པར།ཆོས་རྒྱལ་སྲོང་བཙན་སྒམ་པོའ་ིསྐུ་བརྙན་ཞིག་གིས་སྔོན་ཀླུ་མེས་ཀྱི་དུས་སུ་ཟེར་ནས་གསུང་མང་པོ་ཞིག་གནང་བྱུང་བར་རྗེ་འདིས་ཀུན་མཁྱེན་རིན་པོ་ཆེ་ལ་མང་པོ་ཞིག་བཤད་གི་འདུག་པ་དེ་སུ་རེད་ཅེས་མ་མཁྱེན་པ་ལྟར་ཞུས་པས་སྲོང་བཙན་གྱི་སྐུ་འདི་ད་རེས་གཅིག་བུ་མ་ཡིན་པར་ནམ་མཇལ་དུས་གསུང་གླེང་གནང་གི་ཡོད་གསུངས།དེ་ནས་ཆེར་མ་འགྱངས་པར་དཔོན་ཇུ་ནང་ཡབ་ཡུམ་ཡུལ་དབུས་སུ་བྱོན་ནས་ཀུན་མཁྱེན་རིན་པོ་ཆེ་མདོ་སྨད་དུ་འབྱོན་པའི་གསོལ་བ་བཏབ་པ་ཡིན་འདུགདེར་མ་ཟད་རྗེ་གོང་མས་མདོ་སྨད་རྩེ་མདོར་བྱམས་པའི་ཞལ་གཟིགས་སྐབས་རྗེ་འདི་བས་ཀྱང་གཟིགས་པ་དང་སྟོད་ལུང་རྩ་སྒྱེ་མོར་འབྲོམ་སྟོན་གྱི་ཞལ་གཟིགས་པའི་རྣམ་ཐར་གསུང་སྐབས་ཁྱེད་རང་ཡང་ས་དེར་སོང་དང་ཞལ་གཟིགས་འོང་ཞེས་གསུངས་པ་ལྟར་འདི་བས་ཀྱང་ས་དེར་འབྲོམ་གྱི་ཞལ་གཟིགས་པ་སོགས་རྗེ་འདི་ལ་ཀུན་མཁྱེན་མཆོག་ནས་གསང་བའི་རྣམ་ཐར་ཅུང་ཟད་ཀྱང་སྦ་གསང་མི་མཛད་ཅིང་།བཀོད་མ་ཐག་པ་ལྟ་བུའི་ཞལ་གཟིགས་ཐུན་མོང་པ་ཡང་ཆེས་མང་བར་བུ་སློབ་རྣམས་གསུང་ངོ་། །དགུང་ལོ་སོ་བདུན་པ་ས་གླང་གི་ལོ་རྗེ་གོང་མས་ངེད་རང་གི་ཞབས་ཕྱིར་མདོ་སྨད་དུ་འགྲོ་དགོས་གསུངས་པ་ལ་ཡུལ་དུ་མི་འགྲོ་བའི་དམ་བཅའ་ཡོད་པས་གནང་བ་གནང་དགོས་ཞུས་ཀྱང་ཕ་ཡུལ་དུ་འགྲོ་མི་དགོས།ངེད་རང་ཚོས་མདོ་སྨད་དུ་དགོན་པ་བཏབ་ན་བསྟན་འགྲོ་ལ་ཕན་པ་འོང་གསུངས་པས་སྔོན་མ་ཅིག་ཡུམ་སྲས་ཀྱི་ཐུགས་བསྐྱེད་དཔག་བསམ་གྱི་ལྗོན་ཤིང་ལ་གཞན་ཕན་གྱི་འབྲས་བུ་གཡུར་དུ་ཟ་བའི་དུས་ལ་བབས་པར་དགོངས་ནས་མདོ་སྨད་དུ་བྱོན།དེ་སྐབས་རྗེ་གོང་མའི་ཕྱག་མཛོད་རབ་འབྱམས་པ་ངག་དབང་གཤེགས་པའི་ཚབ་ཏུ་སླར་ཡང་ཕྱག་མཛོད་བྱེད་དགོས་བྱུང་སྟེ་གང་ཅིའི་ལས་དོན་ཐམས་ཅད་མཁྱེན་པར་མཛད།སྤྱིར་ཀུན་མཁྱེན་རིན་པོ་ཆེའི་སྐུ་དོན་འགངས་ཆེ་བའི་རིགས་རྗེ་འདི་ལ་གྲོས་ཕུགས་གཏད་པ་ཞིག་སྔར་ནས་ཡོད་ལ།ཁྱད་པར་མདོ་སྨད་དུ་ཆིབས་བསྒྱུར་བ་ནས་བཟུང་སྟེ་རྗེ་འདིས་ལས་དོན་ཆེ་ཕྲ་གང་བསྒྲུབ་ལ་བཅོས་བསྒྱུར་ཅུང་ཟད་ཀྱང་མི་མཛད་ཅིང་བསྙེན་རྫོགས་ཀྱི་སྐབས་ཕལ་ཆེར་ལ་རྗེ་འདི་བར་ལས་སློབ་བྱེད་འཇུག་པ་དང་།ས་མོ་གླང་གི་ལོ་གཉན་རྗེའི་རི་ཞོལ་དུ་གྲྭ་རྒན་རྣམས་ས་བརྟག་བསླང་དང་བཀྲ་ཤིས་ཀྱི་གསོ་སྦྱོང་དུ་མངགས་པའི་ཚེ་ཡང་སྡེ་པ་བློ་བཟང་གིས་མདོ་ཐོན་གསུངས་པ་སོགས་གཞན་ལས་ཁྱད་པར་དུ་འཕགས་པའི་གཟེངས་བསྟོད་རྒྱུན་དུ་མཛད་པ་དང་།ཞབས་ཕྱི་བ་གཞན་རྣམས་ལ་བཞུགས་སྒར་ཟུར་དུ་མེད་ཀྱང་རྗེ་འདིས་བོད་པ་ཁ་ཤས་ཞབས་ཕྱིར་སྒེར་དུ་ཁྲིད།བཞུགས་སྒར་ཡང་ཟུར་དུ་ཕྱེ་ནས་ཕེབས་པས་སྡེ་བ་ཚང་ཟེར་ནས་དྲག་ཞན་ཀུན་གྱིས་བརྩི་མཐོང་ཆེ་ཞིང་ཆོས་སྲིད་ཀྱི་མཁྱེན་རྒྱ་དང་།སྟོབས་འབྱོར་ཞལ་དབང་གོ་བབ་གང་ནས་ཀྱང་ལུགས་གཉིས་ཀྱི་འགྱིང་བག་གིས་རྣམ་པར་བརྗིད་པའི་༼པས༽ཞབས་ཕྱི་ཐམས་ཅད་ཀྱི་དབུས་ན་མངོན་པར་མཐོ་བ་ཡིན་སྣང་སྟེ།ཇི་སྐད་དུ།ཤེས་རབ་སྡོང་བུ་ལས།བདོག་པ་རིགས་པས་ཉེར་བསྒྲུབས་ཤིང་། །འཇིག་རྟེན་ཀུན་ལ་ཕན་འདོགས་གང་། །དེ་ནི་འཇིག་རྟེན་ཐམས་ཅད་ཀྱིས། །སྤྱེ་ལ་མེ་ཏོག་ཕྲེང་བཞིན་བཀུར། །ཞེས་གསུངས་པ་ལྟར་རོ། །དགོན་པ་གསར་འདེབས་ཀྱི་སྐབས་སུ་རྗེ་གོང་མའིབཀའ་ལྟར་འཇམ་མགོན་ཁྲི་རིན་པོ་ཆེས་འཆད་ཉན་གྱི་སྲོག་བཟུང་།རྗེ་འདི་བས་འདུ་ཁང་དང་གྲྭ་ཁང་།སྐུ་ཞབས་བླ་བྲང་སོགས་དགོན་པའི་གཞི་གསར་བསྐྲུན།གྲྭ་ཚང་གི་གཏོང་སྒོ་རིང་ཐུང་།ཡུལ་དུས་བབས་༼བབ༽བསྟུན་གྱི་ཆོས་སྲིད་ཀྱི་ཁྲིམས་སོགས་མདོར་ན་དགོན་སྡེ་གསར་བསྐྲུན་དང་འབྲེལ་བའི་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་འཕར་བརྒྱ་ཕྲག་ཕྱེ་སྟེ་བསྟན་འགྲོའི་ཕན་བདེ་རྫོགས་ལྡན་ལ་འགོད་པའི་ཆོས་དང་སྲིད་ཀྱི་འཕྲིན་ལས་གསེར་གྱི་གདུང་ཆེན་གོང་དུ་འདེགས་པའི་ཀ་བ་ལྟ་བུ་མཛད་དེ་སྐུ་དྲིན་ཤིན་ཏུ་ཆེ་བས་བླ་མ་ཁྲི་རྒན་སྡེ་རྒན་གཉིས་ཞེས་གྲྭ་རྒན་རྣམས་ཀྱིས་དད་གུས་བཅོས་མིན་གྱི་བསྔགས་བརྗོད་རྒྱུས་མེད་ཀྱི་བློར་མི་ཤོང་བ་གནང་བ་ནི་དོན་ལ་གནས་པ་ཁོ་ནའོ། །དགོན་པའི་འདུ་ཁང་སོགས་གྲུབ་སྟེ་གཞི་ལེགས་པར་ཐིང་བ་ན་སྐུ་གཟུགས་མི་བདེ་བའི་སྙད་ཀྱིས་དགོན་པའི་རྒྱབ་རིའི་རྩེ་མོ་བདེ་མཆོག་ཀླད་དང་།བྱིའུ་རྒྱལ་མོ་སོགས་གནས་དབེན་པ་མང་པོ་དང་དགོན་པར་བཞུགས་སྐབས་སུ་ཡང་ལོ་འཁོར་ཟླ་འཁོར་གྱི་བཅད་རྒྱ་འབའ་ཞིག་གི་ཁོང་ནས་ཉིན་མཚན་གཉིས་ཀར་ཐུགས་དམ་བར་མ་ཆད་པ་མཛད་ཅིང་།ཕྱིས་སུ་གྲྭ་རྒན་མང་པོས་རྗེ་ཉིད་ཀྱི་ཞལ་འདོན་གང་ལ་མཛད་ཀྱིན་ཡོད་ཞུས་པར།ནད་ལ་འཇིགས་ནས་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་པ་དུང་ཕྱུར་རེ་མ་མཐའ་སོང་ཡོད་ཚོད་ཡིན།ཉམས་ལེན་གཞན་མི་ཤེས་གསུངས་ཏེ་རྒྱལ་དབང་གསུམ་པའི་རྣམ་ཐར་དུ་སྔགས་གྲངས་མང་པོ་སོང་བར་གསུངས་པ་དང་ཆ་མཚུངས་པའི་རྣམ་ཐར་དུ་སྣང་།སྐུ་མ་འདས་ཀྱི་བར་དུ་མཚན་མོ་མི་འཁྲུགས་པའི་གཟུངས་དང་གསང་བདག་གི་སྔགས།རྡོ་རྗེ་འཇིགས་བྱེད་ཀྱི་རྩ་སྔགས་སོགས་ཞལ་འདོན་མཛད་ཀྱིན་ཙོག་བུའི་རྣལ་འབྱོར་ལ་བཞུགས་པ་ཀུན་ལ་མཐུན་གྲུབ་ཀྱི་རྣམ་པར་ཐར་བ་སྟེ།ལུས་ཀྱི་འཁྲི་ཤིང་རྒས་པས་ནོན་གྱུར་ཀྱང་། །ཆོས་ཀྱི་འཁར་བ་སེམས་ཀྱིས་ཡོངས་མ་བཏང་། །ཞེས་པ་ལྟར་རོ། །གསང་སྔགས་གྲུབ་པའི་སྙན་པ་ཡང་ཤིན་ཏུ་ཆེ་ཞིང་ཁྱད་པར་གྲྭ་བ་ནད་པ་ཞིག་མི་འཚོ་བར་ཐག་བཅད་དེ་རྗེ་འདི་ཚོགས་དབུར་གདན་དྲངས་ནས་ཁྲུས་དབང་དང་མཇལ་ཁ་ཞུས་པར་ཕུ་ཞིག་བཏབ་སྟེ་ཁྱོད་ཚེ་ཕ་རོལ་ཏུ་བཏང་ན་ང་མི་མིན་གསུངས་པས་དེ་ནུབ་ནས་ཐིམ་པ་ལུགས་ཟློག་ལྟ་བུར་ངག་ཀྱང་གྲོལ་ཏེ་བདེ་བར་བྱུང་བ་སོགས་མོ་རྩིས་མཁན་དང་སྨན་དཔྱད་པ་ཐམས་ཅད་ཀྱིས་འཆི་བར་ཐག་བཅད་པ་མང་པོར་བྱབས་ཁྲུས་དང་བཀའ་བསྒོ་སྲུང་མདུད་བུམ་ཆུ་རེ་གནང་བ་ཙམ་གྱིས་ཚེའི་བར་ཆད་ལས་གྲོལ་ཏེ་གདོན་བགེགས་ཀྱི་གནོད་པས་མི་བརྫི་བའི་མཆོག་སྦྱིན་བསྩལ་པའི་ལོ་རྒྱུས་ཤིན་ཏུ་མང་ངོ་། །ཞལ་ནས་ཀྱང་རྒྱལ་ནད་ཀྱིས་ཐེབས་པ་ཡིན་ན་དེའི་གཉེན་པོ་ང་ཡིན་ཞེས་གསུངས་པར་བུ་སློབ་རྣམས་ཀྱིས་གསུངས།བཅད་རྒྱའི་སྐབས་སུ་ཡང་དགོན་པའི་ཆོས་སྲིད་ཀྱི་ལས་དོན་ལ་ཕྱག་བྲིས་ཚུན་ཆད་ཀྱི་སྒོ་ནས་བཀས་ཁྱབ་པར་མཛད་པ་དང་།འཇམ་མགོན་ཁྲི་རིན་པོ་ཆེས་ཀྱང་སྤྱི་སྒེར་གྱི་ལས་དོན་ཐམས་ཅད་རྗེ་འདི་བར་དགོངས་བསྟུན་མ་ཞུས་པར་ཕྱག་ལེན་མི་གནང་བ་ཞིག་ཡོད་ཅེས་ཉམས་རྒྱུས་ཆེ་བའི་གྲྭ་རྒན་རྣམས་གླེང་།ཁོང་རྣམ་གཉིས་ཐུགས་ནང་གཙང་བས་ཐ་ན་གསུང་གླེང་གི་ཆེད་དུ་ཞལ་འཛོམ་མཛད་ལོང་མེད་སྐབས་འགར་ཚོགས་སུ་འདུ་ཁང་ཕུག་གི་ས་སྟེགས་ཀྱི་ཁར་ལྷན་རྒྱས་ཀྱིས་གསུང་གླེང་མཛད་པ་ཡིན་སྣང་བས་གླེང་བརྗོད་ཕལ་ཆེར་ཆུ་ཤིང་གི་སྙིང་བོར་གོ།སྐབས་ཤིག་རྒན་གྱ་པཎྜི་ཏས་རྒྱའི་མི་དྲག་ཁ་ཤས་ཁྲིད་འོངས་ཏེ་དགོན་གནས་ཀྱི་ས་ཆའི་སྐོར་ལ་སྨྲ་མཆུ་བསླངས་པར།ཉིན་དང་བོར་ཁོ་རང་གིས་ལབ་པ་ཕལ་ཆེར་བདེན་ཙམ་ལས་རྗེ་འདིས་གང་ཡང་མ་གསུངས།ཉིན་གཉིས་པར་དཔོན་ཇུ་ནང་གིས་རྗེ་འཇམ་དབྱངས་བཞད་པ་གདན་དྲངས་ཚུལ་དང་།ཡོན་མཆོད་གཉིས་ཀས་མཚོ་སྔོན་གྱི་དཔོན་ཁག་སོ་སོར་དགོན་གནས་གང་རྙེད་དུ་དགོན་པ་བཏབ་ཨེ་ཆོག་དྲིས་པས་ཀུན་གྱིས་དང་བླང་བྱས་ཚུལ།ཨ་ཁུ་བཱ་ཐུར་ཐའི་ཇི་མཚོ་སྔོན་གྱི་སྤྱི་དཔོན་ཡིན་སྟབས་གཅིག་འཐུས་ཀྱི་བཀའ་ཤོག་ཞུས་ཚུལ་སོགས་ཞུས་པར་པཎྜི་ཏས་ཀྱང་བདེན་བྱས་པས།རྒྱ་དཔོན་ཁྲོས་ཏེ་འོ་ན་ང་འདིར་འོང་དོན་ཅི་ཡིན་ཞེས་པཎྜི་ཏ་ཚར་བཅད་པས་ཁོ་རང་མི་སྨྲ་བའི་བརྟུལ་ཞུགས་ལ་དབང་མེད་དུ་གནས་དགོས་བྱུང་སྟེ།དེ་ནི་ལུགས་ཀྱི་བསྟན་བཅོས་ལས།ནགས་ཀྱི་གླང་ཆེན་ཞགས་པ་ཡིས། །བཅིངས་ནས་དབང་དུ་བྱེད་པ་ཡང་། །ཐབས་མཁས་ཚུལ་ལ་གནས་པ་ཡི། །ཡོན་ཏན་རྣམས་ཀྱི་མཐུ་སྟོབས་ཡིན། །ཞེས་གསུངས་པ་ལྟར་གདུལ་དཀའ་འདུལ་པའི་ཐབས་མཁས་ཀྱི་ཡོན་ཏན་བླ་ན་མེད་པའོ། །ཆུ་ཡོས་ལོ་མཚོ་སྔོན་དུས་འཁྲུགས་ཀྱི་དབང་གིས་ཕྱོགས་འདིའི་སྡེ་དགོན་ཕལ་ཆེར་རླུང་གིས་བསྐྱོད་པའི་ཆུ་ནང་གི་གྲུ་ལྟ་བུར་གྱུར་སྐབས་བཀྲ་ཤིས་འཁྱིལ་གྱི་གྲྭ་སློབ་ཆེ་བགྲེས་རྣམས་བསྟན་འཛིན་ཝང་ལ་མཇལ་འཛོམ་དུ་ཕེབས་པར་དཱའི་ཆིང་ཁོ་ཤུའི་ཆི་དང་ཡོན་མཆོད་ཡིན་སྟབས་བསྟན་འཛིན་ཝང་ནས་ཁོང་རྣམས་ཀྱི་སྙིང་གི་ཁྱེའུ་ལ་འཇིགས་པའི་རྨ་སྐྱེད་པའི་ཚིག་གི་མཚོན་ཆར་ཕབ་ཀྱང་རྗེ་འདིའི་སྙིང་སྟོབས་ཀྱི་གོ་ཆ་གཞིག་པའི་གོ་སྐབས་ག་ལ་ཞིག་ཏེ་ལན་གྱིས་ཟློག་པར་མི་ནུས་པའི་བདེན་ཚིག་རྡོ་བསྒྲིགས་པ་ལྟ་བུ་གཅིག་ལན་གཉིས་བརྩེགས་ཀྱི་ཚུལ་དུ་བྱུང་བས་ཝང་རང་ཉིད་ཅུང་ཟད་འཇིགས་ཤིང་།ནུབ་དེར་ཝང་ལ་ཤངས་ཁྲག་རྡོལ་བ་དང་།བཀྲ་ཤིས་འཁྱིལ་དུ་དམག་གི་གྲབས་བྱེད་པའི་མི་བཟང་ཁ་ཤས་ལ་གཟེར་ཐུང་བྱུང་བ་སོགས་ཀྱིས་ལྷག་པར་སྐྲག་སྟེ་དབལ་མང་དང་མགོ་རྟ་ཚང་སོགས་དགོན་པའི་ཡིན་ཟེར་ཚད་ཀྱི་མི་སེར་ཐམས་ཅད་བདེ་འཇགས་སུ་ཕུལ་ཞིང་སླར་ཡོན་མཆོད་བྱེད་དགོས་སོགས་ཚིག་གི་གཟེངས་བསྟོད་ཚད་མེད་པ་བྱུང་བས་གྲྭ་རྒན་གཞན་རྣམས་ཀྱིས་བསྟན་འཛིན་ཝང་ལ་གང་ཅིའི་རྒྱབ་བརྟེན་གྱི་བཀའ་ཤོག་ཞུ་གྲབས་བྱས་པར་རྗེ་འདིས་ཁོ་རང་གར་འགྲོའི་ཚོད་ཁྱེད་ཚོས་ཨེ་ཐིག་གསུངས་ཏེ་ཐོག་ཏུ་ཁེལ་མ་བཅུག་པས་ཕྱིས་སུ་མཚོ་སྔོན་དང་ཡོན་མཆོད་དུ་འབྲེལ་བའི་མདོ་སྨད་ཀྱི་དགོན་པ་ཕལ་ཆེར་ལ་བསྟན་པ་སྤྱིའི་གེགས་སུ་ཆེ་བའི་ཉམས་ཆག་བཟོད་དཀའ་བ་བྱུང་སྐབས་བཀྲ་ཤིས་འཁྱིལ་གྲྭ་ཟུར་ཅུང་ཟད་ཀྱང་མ་ཉམས་པ་བྱུང་བ་དང་།རྗེས་སོར་དཱའི་ཆིང་ཁོ་ཤུའི་ཆི་ལ་ཆིང་ལྦང་བྱུང་སྐབས་དམག་དངུལ་དང་།ནས་མཛོད་རྒྱ་བྲེ་ཆིག་ཁྲི་སོགས་དགོན་པར་འབྱོར་བས་ལྟོགས་སླ་མེ་འབར་རྣམས་ཀྱིས་དགོན་པའི་ལྷ་སྡེ་གྲྭ་མང་བཅས་ནས་སྐལ་བ་ལེན་རྩིས་བྱས་ཀྱང་དགོས་པ་མེད་གསུངས་ནས་གྲྭ་ཚང་ལ་ནས་ཕོག་གི་ཆེད་དུ་རྟ་རྒོད་མ་བཅུ་བདུན་ཙམ་གྱིས་ནས་བྲེ་ལྔ་བརྒྱ་ཉོ་ཚོང་བྱས་པའི་གནས་ཚུལ་གྱི་ཡིག་གནོན་མཛད་པས་ད་ལྟ་བཀྲ་ཤིས་འཁྱིལ་གྱིས་ཟོས་པ་སླར་སྐྱུགས་མི་དགོས་ཤིང་སྣ་ཐག་བསིག་བལྡབ་བྱེད་མཁན་མེད་པ་འདི་རྗེ་འདིའི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་བར་ཀུན་གྱིས་ཤེས་དགོས་སོ། །ལྕགས་ཕག་ལོར་རྒྱུད་པ་བླ་མ་ཚོ་འདུ་དགེ་འདུན་རྒྱལ་མཚན་པ་སྐུ་གཤེགས་ནས་རྒྱུད་པར་བླ་མ་བསྐོ་བཞག་བྱེད་དགོས་སྐབས།འཇམ་མགོན་ཁྲི་རིན་པོ་ཆེས་རྒྱུད་པ་གྲྭ་ཚང་ལ་ཁྱེད་ཚོས་ད་རེས་སྡེ་པ་ཚང་ལ་གསོལ་པ་ཐོབ་དང་མཆོད་ཡོན་ཐམས་ཅད་ལ་ཕན་པ་ཡོང་གསུངས།དེར་ཐམས་ཅད་ཀྱིས་ཁོང་དགུང་ལོ་ཡང་མཐོ།སྐུ་གཟུགས་ཀྱང་མི་བདེ་ཟེར་ནས་མཇལ་ཁ་རེ་ཡང་མི་གནང་ན་རྒྱུད་པའི་བླ་མ་ག་ནས་འོང་ཞུས་པར།སྐྱེས་བུ་དམ་པ་སྐུ་གཟུགས་དང་ན་ཚོད་ལ་ལྟོས་པ་མེད།བསྟན་དོན་ཐུགས་ལ་བཞག་ན་ལོ་ཁ་ཤས་ལ་རྒྱུད་པའི་བླ་མ་ལས་སླ་གསུངས་པ་ལྟར་གྲྭ་སློབ་ཐུགས་འདུན་གཅིག་དྲིལ་གྱིས་རྒྱུད་པའི་ཁྲིའི་སྙན་གསན་ཕུལ་བས།ཁོང་གི་ཞལ་ནས་བླ་མ་ཆོས་གྲྭར་སོང་ནས་ཆོས་བཤད་དགོས་པ་ཡིན་ཙ་ན།ད་འགྲོ་བསྡད་ཀྱང་མི་ཐུབ།མིག་ཀྱང་མི་གསལ་བ་ཁྱེད་ཚོས་ཤེས་པ་དེ་ཀ་རེད་གསུངས།རེ་ཞིག་ཞལ་གྱིས་མ་བཞེས་ཀྱང་གྲྭ་ཚང་ནས་ཆོས་གྲྭར་ཕེབས་མི་ཐུབ་ན་གསུང་ཆོས་ཉན་པར་གཟིམས་ཁང་དུ་འོང་ཆོགད་ལན་བླ་མ་མ་མཛད་ན་ངེད་ཚོ་ཐུགས་ནས་དོར་བ་ཡིན་ཞེས་མགྲིན་གཅིག་ཏུ་ནན་ཞུས་བྱས་པས་ཞལ་བཞེས་གནང་དགོས་བྱུང་སྟེ་གཟའ་སྐར་འཕྲོད་སྦྱོར་བཟང་པོའ་ིཉིན་གསང་ཆེན་ཆོས་ཀྱི་ཁྲི་ལ་ཞབས་པད་རྣམ་པར་བཀོད།དེ་ཉིན་ཡིད་དུ་འོང་བའི་ཆར་གྱི་རྒྱུན་བཟང་པོས་ས་གཞི་རྣམ་པར་བརླན་པ་དང་ཆབ་༼ཆབས༽གཅིག་པར་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པའི་དབྱར་རྔ་དལ་གྱིས་སྒྲོགས་པ་སོགས་རྟེན་འབྲེལ་ལེགས་ཚོགས་ཆེ་བར་བྱུང་།ཞལ་ནས་ན་ཚོད་མཐོན་པོ་ཡིན་ཟེར་ནས་མིག་ལྟོས་ངན་པ་མི་འཇོག་ཆོས་གྲྭ་ལ་ཡང་འགྲོ།འཆད་ཉན་ཡང་གང་ལྕོགས་བྱེད་དགོས་གསུངས་ནས་ཞབས་སྟེགས་ཀྱི་ཁར་ངལ་གསོ་ལན་བཞི་རེ་ཙམ་མཛད་མུ་ནས་ཆོས་གྲྭ་ཆག་མེད་ལྟ་བུ་གནང་།འགྲེལ་བ་བཞི་སྦྲགས་ཀྱི་ལུང་མ་ཐོབ་ཅིང་བསྟན་པ་བཤིག་མི་རུང་བས་སྐུ་ཕྱོགས་བླ་མ་ཚང་ལ་ཞུ་དགོས་གསུངས་ནས་ཁྲི་རིན་པོ་ཆེར་འགྲེལ་བའི་བཤད་ལུང་ཞུས་ནས་སྨད་རྒྱུད་ལྟར་ལོ་རེ་བཞིན་རྫོགས་པར་གནང་སྟེ་རྒྱུད་སྡེ་ཀུན་གྱི་རྩེ་མོ་དཔལ་ལྡན་གསང་བ་འདུས་པའི་བཤད་སྐྲུབ་དུས་ཀྱི་མཐར་ཡང་མི་ཉམས་པའི་བཀའ་དྲིན་མཛད།སྔར་རྒྱུད་པར་གསང་འདུས་ཀྱི་བདག་འཇུག་ཙམ་ཞིག་ལས་སྒྲུབ་མཆོད་ཚུགས་རྒྱུ་མ་གྲུབ་འདུག་པར་སྟོན་བདུན་ཕྲག་གཉིས་ཀྱི་རིང་ལ་འཇིགས་གསང་གཉིས་ཀའི་སྒྲུབ་མཆོད་ཀྱི་རྒྱུན་གསར་འཛུགས་མཛད།སྔ་སོར་འཇམ་མགོན་ཁྲི་རིན་པོ་ཆེས་གྲྭ་བ་བདུན་བརྒྱད་ཅིག་ལ་བདེ་མཆོག་གི་རྒྱུགས་བཞག་སྟེ་ཁོང་གིས་སྦྱིན་བདག་མཛད་ནས་ཞལ་རས་ལྷ་ཁང་དུ་དུས་བཟང་ལྟ་བུ་བྱས་ནས་གསུང་བ་མ་གཏོགས་རྒྱུད་པ་རང་ལ་བདེ་མཆོག་ཚོགས་འདོན་དུ་མ་ཚུགས་འདུག་པར།གླིང་བསྲེ་ཞིག་གི་སྐབས་སུ་བདེ་མཆོག་རྩ་རྒྱུད་ལ་བཤད་པ་མཛད་ཅིང་།ཁྱད་པར་དུ་བདེ་མཆོག་གི་གནས་ཕོ་བྲང་།ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་དང་འགྱིང་སྟབས་ཀྱི་ཁྱད་པར།ལུས་ཀྱི་ཆ་ཤས་ལྷ་སོ་སོ་དང་ངོ་བོ་དབྱེར་མེད་ལུགས།མཆོད་པའི་ཁྱད་པར།རྡོ་རྗེ་གླུའི་འཐེན་ལུགས་ཀྱི་གནད་སོགས་བསྐྱེད་རིམ་གྱི་བཤད་པ་རྒྱས་པར་གནང་བས་བློ་གྲོས་དང་ལྡན་པ་ཀུན་གྱིས་ཧེ་རུ་ཀ་དངོས་སུ་བྱོན་ཡང་འདི་ལས་ལྷག་པ་གསུང་རྒྱུ་མེད་ཅེས་བསྔགས་བརྗོད་ཀྱི་རོལ་མོ་སྒྲོག་པར་གྱུར།དེ་སྐབས་དུས་ཀྱི་མཐའ་འདིར་བྱིན་རླབས་གཞན་ལས་མྱུར་བ་སོགས་འཁོར་ལོ་བདེ་མཆོག་གི་ཆེ་བརྗོད་རྒྱ་ཆེར་གནང་བས་ནང་གསང་སྔགས་ལ་དགའ་བའི་གདུལ་བྱ་རྣམས་རྣལ་འབྱོར་གསང་མཐའི་ལམ་ལ་མོས་པའི་དད་གུས་ཀྱིས་རྒྱུད་བརླན་པ་དང་།ཕྱི་ནོར་འཛིན་གྱི་གཞི་ཀུན་དུས་ཀྱི་ཆར་རྒྱུན་བཟང་པོས་བརླན་པར་བྱས་པ་སོགས་ཕྱི་ནང་གི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་པ་ལྟར་མ་འགྱངས་པར་ཚོགས་འདོན་དུ་བདེ་མཆོག་ཚུགས་ཐུབ་པ་བྱུང་།དེ་ནས་བཟུང་སྟེ་དཔྱིད་ཆོས་གཉིས་པ་ཡོངས་རྫོགས་ལ་ཆོས་གྲྭའི་ཤིས་བརྗོད་ཀྱང་བདེ་མཆོག་གིས་བྱེད་དགོས་པའི་སྲོལ་བཙུགས་པས་ཆོས་ཐོག་དེ་ལ་བདེ་མཆོག་ཆོས་ཐོག་ཅེས་གྲགས།ཡར་ངོ་མར་ངོལིཚེས་བཅུ་དང་བདེ་མཆོག་བསྐྱེད་རིམ་བརྩི་བཞག་ལ་གཏོང་བའི་སྲོལ་ཡང་ཚུགས་པར་མཛད་པ་དང་།རྒྱུད་ཁང་སྟེང་དུ་ཆོག་གྲྭ་སོ་སོར་དུས་འཁོར་འཇམ་རྡོར་འཁོར་ཆེན་སོགས་ཀྱི་ཆོ་ག་ཕྱག་ལེན་དང་བཅས་ཚུགས་ཤིང་།སྐྱབས་མགོན་རྡོ་རྗེ་འཆང་ལ་སླར་དུས་འཁོར་གྲྭ་ཚང་ཚུགས་དགོས་པ་དང་།དབེན་ས་ལུགས་ཀྱི་ལྕགས་མཁར་འཆམ་དང་བཅས་པ་ཚུགས་དགོས་ཀྱི་ཞལ་ཆེམས་ཕུལ་བ་སོགས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསང་སྔགས་ཀྱི་བཀའ་སྲོལ་ཡོངས་སུ་རྫོགས་པ་ཕྱག་ལེན་དུ་བཏབ།སྔར་རྒྱུད་ཁང་བཟང་པོ་ཞིག་མེད་སྟབས་གྲྭ་ཁང་གསར་རྒྱག་གནང་ན་དགོངས་ཀྱང་ཕྱག་རྫས་ཀྱི་ཕུ་ཐུང་ནས་གཏོང་བའི་ཕྱག་སྐྱོང་༼རྐྱོང༽བདེ་བོ་མིན་པས་རེ་ཞིག་ཐུགས་ཐག་ཆོད་པ་ཞིག་མ་བྱུང་།ལན་ཅིག་སྔོན་གྱི་སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་ལྟར་དཀོན་མཆོག་ལ་བློ་གཏད་ནས་སྙིང་སྟོབས་བསྐྱེད་ན་སྐྱོན་མི་ཡོང་བས་སྐར་བཟང་ཞིག་ལ་མགོ་ཚུགས་དགོས་དགོངས་མ་ཐག་ནམ་མཁའ་ནས།གྲྭ་ཚང་གི་སྐུ་བསོད་ཀྱིས་འདུ་ཁང་གྲུབ་འོང་།ད་གཞི་ཚུགས་དང་གཟུགས་ཅན་གཟུགས་མེད་ཀྱིས་མཐུན་རྐྱེན་བསྒྲུབ་འོང་ཞེས་པས་སྒྲ་ཞིག་གསལ་བར་གྲགས་པ་བྱུང་།

དེ་ནས་ཧོར་ཟླ་བཞི་པའི་ཚེས་བཅུ་གཅིག་གི་ཉིན་ཐིག་འདེབས་པར་བྱོན།དེར་ཚོགས་ཆེན་དགེ་བསྐོས་རབ་འབྱམས་པ་ཀུན་དགའ་བཀྲ་ཤིས་དང་།སྨོན་ལམ་དོན་བཟང་གཉིས་མཇལ་དུ་འོང་བས་རྟེན་འབྲེལ་ལེགས།ཁྱེད་གཉིས་མིང་བཟང་དོན་བཟང་ཡིན་པས་ཐིག་སྙུད་འཐེན་རོགས་གྱིས་གསུངས་ནས་ཐིག་བཏབ།རྒྱུད་པའི་གྲྭ་རྒན་ཁ་ཤས་ཀྱིས་རྒྱུད་ཁང་འབུབ་སར་ཏེའུ་འབུར་ཡོད་པ་ལ་བལྟས་ནས་རྒྱུད་ཁང་འཕུག་པ་བཀའ་དྲིན་ཆེ་མོད་ཀྱང་ཏེའུ་མགོ་འདི་དཀའ་མོ་རེད་ཨང་ཞུས་པས།ང་བླ་རྒན་ལ་ཏེའུ་མགོ་འདི་མིན་པའི་བློ་རྩེ་གཏོད་ས་ཅང་མེད་གསུངས།ཏེའུ་མགོ་དེའི་ཕྱོགས་བཞི་ནས་འདུ་ཁང་གི་གྲུ་བཞི་བཟུང་བས་ས་ཐམས་ཅད་དེ་ཀས་ལག་མ་ཐོགས་པར་འདུ་ཁང་དང་ཁ་འགྲིག་སོ་འགྲིག་ཏུ་སོང་ཞིང་།གྲུ་རྡོ་རྣམས་ཀྱང་ས་ཏེའུ་དེ་ཀའི་ནང་ནས་བྱུང་བས་ཐམས་ཅད་ཡ་མཚན་པ་བྱུང་།གྲྭ་བ་ཁ་ཤས་ཀྱིས་ཕ་བོང་ཆེན་པོ་ཞིག་བཅོམ་པའི་ནང་ནས་སྦལ་བ་མི་སྡུག་ཆེས་པ་ཞིག་ཐོན་པར་སྐྲག་ནས་ཞུས་པས།དེ་ལ་སྐྲག་མི་དགོས།དེ་འདྲ་ལ་ཕན་ཐོགས་པ་ཙམ་ལས་ཀ་འདི་ཚོའི་ཞར་བྱུང་ཙམ་ཡིན་གསུངས།དེ་སྐབས་འགའ་ཞིག་གི་རྨི་ལམ་དུ་ཞོན་པ་སྣ་ཆོགས་ཞོན་པའི་མི་མང་པོ་ག་ཤེད་དུ་འགྲོ་བསུ་ཡིན་དྲིས་པས།ཕྱོགས་འདིའི་གཞི་བདག་རྣམས་སྡེ་བ་རིན་པོ་ཆེས་རྒྱུད་ཁང་འཕུག་པ་ལ་རོགས་བྱེད་པར་འགྲོ་བ་ཡིན་ཞེས་རྨིས་པའང་བྱུང་ཞིང་དེ་དང་དོན་མཐུན་པར་རྒྱུད་པའི་གྲྭ་བ་རྣམས་རྡོ་ལེན་པར་ཕེབས་སྐབས་ཤུལ་འདིར་སང་རྡོ་ལེན་རྒྱུ་མི་འདུག་སྙམ་ན་ཡང་ཕྱི་ཉིན་ཤུལ་དེར་སྔ་ཉིན་ལས་ལྷག་པའི་རྡོ་ཞིག་བྱུང་འདུག་ཅེས་གྲྭ་རྒན་རྣམས་མགྲིན་གཅིག་ཏུ་གླེང་ཞིང་།ཕྱོགས་འདིའི་གྲོང་མི་རྣམས་ཀྱིས་སྡོང་བོ་མང་པོ་བསྐུལ་མ་དགོས་པར་ཞལ་འདེབས་སུ་ཕུལ་བས་ཀ་གདུང་ལྕམ་གསེག་ཕལ་ཆེར་རང་ཤུགས་ཀྱིས་འགྲིག་པ་སོགས་བྱུང་།བར་སྐབས་སུ་ཇ་མར་སོགས་ལག་འཐོག་༼ཐོགས༽པས་ལས་བྱེད་ཀྱི་དོ་དམ་པ་སྦྱིན་པ་ཟེར་བས་ཐམས་ཅད་ཀྱི་ཕྱག་རྫས་ཀྱིས་གཏོང་འདི་ཡིན་མེད་པར་ལས་ཀ་འདི་འདྲ་རྩོམ་མི་ཉན་ཞེས་ཞུས་ཀྱང་མ་གསན་པས་ནོམ་པ་ཞིག་ཡོད་ན་ད་ཁྱེར་ཤོག་ཅེས་ཞུས་སྐད།ཆེར་མ་འགྱངས་པར་སོག་ཡུལ་གྱི་མི་ཁྱིམ་ཕྱུག་པོ་ཞིག་བྱི་ཚད་ཀྱིས་སྟོངས་སོང་བ་དེར་དེའི་ཉེ་དུ་རྣམས་ཀྱིས་གདན་དྲངས་པ་ལྟར་ཆིབས་ཁ་བསྒྱུར།གེ་སར་རྡོ་རྟགས་ནས་རྗེ་གོང་མའི་སྐུ་ཚ་དབོན་པོ་བཙན་པོ་མ་དགོན་པར་འོང་བའི་ལམ་ནས་མཇལ་ཏེ།གྲྭ་བ་འདི་ཚོ་སྙིང་མི་རྗེ་བ་ཨེ་ཡིན།བྱི་ཚད་ཀྱི་ནང་དུ་ཕེབས་ལུགས་ཡོད་དམ་ཞེས་ཆིབས་མཐུར་ལ་འཇུས་པས།གྲྭ་བ་འདི་ཚོའི་མགོ་མི་ཐོན་ན་ང་ཐལ་བ་འགམ་པར་འགྲོ་རྒྱུ་ཨེ་རེད།གླེན་རྟགས་མ་སྟོན་གསུངས་ཏེ་ལས་ཀྱི་དབང་གིས་དམྱལ་བར་སྐྱེས་པ་ཡང་བཙན་ཐབས་ཀྱིས་འདྲེན་ནུས་ན་འཕྲལ་གྱི་ཉེར་འཚེ་ཕྲན་བུ་ལས་སྐྱོབ་པ་ལྟ་ཅི་སྨོས་པའི་གསུང་དུ་སེམས།དེར་ཕེབས་པ་ན་ཐམས་ཅད་ཀྱིས་དད་གུས་ཆེན་པོས་ཁྱིམ་དེའི་ཕྱི་ནང་གི་ཡོ་བྱད་གང་ཡོད་ཕུལ་བ་སོགས་མཐུན་རྐྱེན་འབད་མེད་ལྷུན་གྲུབ་ལྟ་བུ་བྱུང་།དེ་སྐབས་སྤེན་པད་ཀྱི་འོག་ནས་འདུ་ཁང་གི་རྐེད་ཀྱི་བར་དུ་གྱང་ལ་སེར་ག་བྱུང་བས་ཐམས་ཅད་སྐྲག་སྟེ་ཞུས་པར།ཕྱག་གིས་གས་སྲུབ་ལ་རེག་ནས་སྐྱོན་མེད་ཁ་འདམ་གྱིས་ཆོད་ལ་ཞོག་གསུངས།འཕྲལ་དུ་མི་ཞིག་འཇིམ་པ་བཟུང་ནས་སོང་བས་སེར་ག་ཇེ་ཆུང་ལ་སོང་འདུག་ཅེས་གླེང་།དེ་ནས་བཟུང་སྟེ་དུས་ཕྱིས་ཤིང་ཡོས་ལོ་གཙང་ཁང་མ་བསྐྱོད་བར་དུ་ལོ་བདུན་ཅུ་སྐོར་ཅིག་སོང་ཡང་སེར་ག་ཇེ་ཆེར་མ་སོང་བ་ཡང་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་ཆེ་བར་སྣང་།དེ་ཀའི་རྐྱེན་གྱིས་ཡིན་ཡང་ཟེར་གང་ལྟར་ཉིན་གཅིག་གློ་བུར་དུ་ཐུགས་ཁྲོས་ནས་དགོན་པའི་བྱང་ཤར་གྱི་མཚམས་ན་སྤྲེའུ་ཟེར་བའི་བྲག་ཅིག་ཡོད་པ་དེར་བྱོན།བྲག་ལ་ཕྱག་གིས་སྟ་རེ་ལན་ཁ་ཤས་བསྣུན།འདི་བཤིག་གསུང་ནས་བཤིག་ཅི་ཐུབ་ཅིག་བྱས་པ་རྒྱུ་མཚན་ཤེས་དཀའ་ཡང་།སྤྲེའུ་འདིས་དགོན་པ་ལ་གནོད་པའི་ལུང་བསྟན་ཞིག་ཀྱང་མཐོང་ལ།ལྕང་སྐྱ་ཐམས་ཅད་མཁྱེན་པའི་གསུང་ཞིག་ཀྱང་ཐོས་ཏེ་འོག་ཏུ་འབྲི་བར་འགྱུར་རོ། །འགྲན་ཟླ་མེད་པའི་རྗེ་བཙུན་དམ་པ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས་ཀྱང་སྤྲེའུ་འདི་གཉན་ཆེན་སྔོ་ལ་གཡུ་རྩེའི་ས་སྲུང་ཞིག་ཡིན་སྟབས་གཉན་ཆེན་འཁོར་མང་པོའི་དབུས་ཞིག་ན་ཟིལ་བསྐྱེད་ནས་ཡོད་པའི་མདུན་དུ་སྤྲེའུ་ཁོ་རང་ཀླད་པ་དམར་ཙ་རེ་སོང་ནས་ང་ལ་བླ་བྲང་སྡེ་བས་འདི་ལྟར་བྱས་སོང་བྱས་པས།གཉན་ཆེན་གྱིས་དེ་ལ་ངས་ཀྱང་གླགས་རྙེད་ཤས་མི་འདུག་ཅེས་ཟེར་གྱིན་ཡོད་པ་མིག་མཐོང་ཅན་ཞིག་གི་སྣང་བར་འོང་བའི་གཏམ་རྒྱུད་ཀྱང་ཡོད་གསུངས།ཕྱིས་སུ་ཡང་ཀྱ་སྒར་བས་རྒྱུད་པ་གདན་དྲངས་ཏེ་མ་ཎི་ཚུགས་སྐབས་སྔོ་ལ་གཡུ་རྩེས་རྗེ་འདི་བར་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་གླགས་མ་རྙེད་པར་རང་གི་མདོག་ཆ་ལུགས་བཞོན་པ་སོགས་ཀྱི་རྣམ་འགྱུར་གསལ་བར་བསྟན་ཏེ་གུས་པར་བྱས་པས་གསོལ་མཆོད་བརྩམས་པ་ཡང་ཡོད་དོ། །གཞན་ཡང་འཇམ་མགོན་ཁྲི་རིནོཔོ་ཆེ་རྩེ་གཞུང་དུ་ཕེབས་སྐབས་གཞི་བདག་གཏོར་མ་རེ་ཆག་མེད་གནང་རྒྱུན་ཡོད་པར་རྗེ་འདི་ཆིང་ཝང་གི་ཨུཪྒེར་ཕེབས་དུས་ཤིག་མ་མཛད་པས་གྲྭ་བ་རྣམས་ཐེ་ཚོམ་དུ་གྱུར་ཀྱང་ཞུ་མ་ནུས།ཚུར་ཕེབས་ཉིན་ཙཎྚ་མ་དུང་ཕྱུར་སོང་ཟེར་བའི་སྔགས་པ་ཞིག་མཇལ་དུ་འོང་བར་སྔགས་ཆུ་ཞིག་དགོས་གསུངས་ཏེ་གྲྭ་བ་རྣམས་ས་ལ་ནན་གྱིས་འཛིན་བཅུག་སྟེ་ཕེབས་པའི་ལམ་ནས་དྲེའུ་ཞིག་གློ་བུར་དུ་བརྒྱལ་སོང་བར་སྔགས་ཆུ་བླུད་གསུངས་པ་ལྟར་སྔགས་ཆུ་ཁར་བླུགས་མ་ཐག་ཏུ་དྲེའུ་ཡར་ལངས་ནས་ཁལ་ཁུར་ཏེ་མགྱོགས་པར་རྒྱུགས་སོང་བས་མི་མ་ཡིན་འདི་ཚོས་སྔགས་ཆུ་རེ་ཙམ་ཡང་མི་བཟོད་ཅིང་བཟོ་རྟ་གང་ཡང་མེད་པར་གནོད་འཚེ་ལ་དགའ་བ་འདི་གད་མོ་འཆོར་བ་འདུགའདི་ཚོ་ལང་ཤོར་ལ་གཏོང་མི་ཉན་གསུངས་པ་སོགས་འདི་འདྲའི་རིགས་མང་ཡང་ཡི་གེས་འཇིགས་ནས་བཞག་གོ །དེ་ལྟར་གྲྭ་ཁང་ཀ་བ་ཉི་ཤུ་ཤིང་རྩི་ལོགས་རིས་དང་བཅས་པ།ཕུགས་སུ་དྲི་གཙང་ཁང་བཞི་ཐོག་ཤིང་རྩི་ལོགས་རིས་དང་པཅས་པ།ལྷ་ཁང་གཡོན་མར་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་དང་།མགོན་ཆོས་གཉིས་བཅས་ཀྱི་འབག་ཐོག་ཚད་དང་མཉམ་པ།ལྷ་ཁང་གཡས་སུ་ཐུབ་དབང་གི་འབག་སྐུ་ཐོག་ཚད་དང་མཉམ་པ།རིགས་ལྔ་ཡུམ་བཞི་འབག་དེའི་ཕྱེད་ཙམ་རེ་བཞེངས་ཤིང་ཐོག་ཤོད་གཉིས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་སྐུ་གསུང་ཐུགས་རྟེན་མཆོད་རྫས་ཐབ་ཆ་སོགས་དགོས་ཆས་ཐམས་ཅད་གསར་འཇོག་གནང་སྟེ་དཔོན་སློབ་བླ་བྲང་གི་གཞི་ཡང་ཚུགས་པར་མཛད་པ་དང་།འཆད་ཉན་འགྲིག་ལམ།གཏོང་སྒོ་སོགས་གང་ཅི་ཇེ་རྒྱས་སུ་བཏང་སྟེ་ཆོས་སྲིད་ཀྱི་སྲོལ་རྣམས་འཆར་ཅན་གྱི་ཚུལ་དུ་ཉམས་པ་མེད་པར་གནང་བ་སོགས་གདན་རབས་ཐམས་ཅད་ཀྱི་ནང་ན་རྒྱུད་གྲྭར་རྗེ་འདི་ལས་བཀའ་དྲིན་ཆེ་བ་མེད་ཅེས་གྲྭ་རྒན་རྣམས་ཞལ་འཆམ་པར་སྣང་སྟེ་དོན་ལ་གནས་པ་ཁོ་ནའོ། །ཉིན་གཅིག་རྒྱུད་ཁང་དུ་སྙན་དར་འབུལ་བར་འགྲོ་གསུངས་ནས་ཕེབས་ཏེ་རྟེན་སོ་སོར་སྙན་ཤལ་འབུལ་བར་མཛད་ཅིང་།ལྷ་མོ་རེ་མ་ཏིའི་སྐུ་ལོགས་རིས་ཤིག་ཡོད་པ་དེ་ལ་ཡང་སྙན་དར་ཞིག་ཕུལ་གསུངས།འདོག་ས་མི་འདུག་ཞུས་པས།འཕོངས་ལ་ཐོངས་གསུངས་པ་ལྟར་འཕངས་པ་ན་སྙན་ཤལ་མངོན་སུམ་དུ་བཞེས་པ་བྱུང་བས་ལྷ་མོ་དེ་ལ་ལྷ་མོ་དར་ལེན་མ་ཞེས་གྲགས།ཕྱིས་སུ་དཀོན་གཉེར་ཞིག་གིས་ཐེ་ཚོམ་གྱི་དབང་གིས་ལག་པས་འཐེན་ཀྱང་མ་ལྷུང་བས་བཟོད་གསོལ་ཞུ་དགོས་བྱུང་ཞིང་།དུས་ཕྱིས་ཤིང་ཡོས་ལོ་གཙང་ཁང་བསྐྱོད་སྐབས་སྙན་དར་ཐམས་ཅད་བསལ་བའི་འོག་ན་སྔོན་གྱི་སྙན་ཤལ་དེ་ཀ་མདོག་ཙམ་ཡང་མ་ཉམས་པར་ཐོད་ཁྲག་འཛིན་པའི་ཕྱག་ཏུ་ཡོད་པ་རྒྱུད་བླའི་ཁུར་འཛིན་ཁོ་བོ་ཅག་སོགས་དེར་འཁོད་ཀུན་གྱི་མིག་ལམ་དུ་གྱུར་ཅིང་།ལག་པའི་འདུ་བྱེད་ཀྱིས་ལེན་པའི་སྦྱོར་བ་བརྩམས་ཀྱང་མ་ལོན་པར་འཕྲིན་བཅོལ་སོགས་ཞུས་པས་རང་ཤུགས་ཀྱིས་ནམ་ཡོང་ཆ་མེད་པར་མཆོད་སྟེགས་ཀྱི་སྟེང་དུ་བྱུང་བས་རྗེ་འདིས་དམ་ཅན་བྲན་དུ་བཀོལ་བའི་མཐུ་སྟོབས་དང་།དཔལ་ལྡན་ལྷ་མོས་དམ་ལྡན་བུ་བཞིན་སྐྱོང་བའི་ཐུགས་རྗེ་ལ་དད་པ་མཆོག་ཏུ་འཕེལ་བར་གྱུར།སྐབས་ཤིག་མགོན་ཁང་དུ་རྒྱུན་གྱི་བསྐང་གསོ་པ་མི་བཞི་ཡོད་པའི་མིག་ལམ་དུ་ཆོས་རྒྱལ་གྱི་འབག་སྐུ་ཅུང་ཟད་སྒུར་ཡོད་པ་ལྟ་བུ་ཞིག་བྱུང་།ཞིབ་ཏུ་བལྟས་པས་རིམ་གྱིས་རིམ་གྱིས་སྒུར་འགྲོ་བར་མགོན་ཁང་བ་རྣམས་སྐྲག་ནས་སྐུ་མདུན་དུ་ཞུས་པར།མྱུར་དུ་ང་ཡོང་བས་ཁྱེད་རང་ཚོ་སྐྲག་མི་དགོས་གསུངས།ཕེབས་ནས་སྙན་དར་ཅིག་ཕུལ།མགར་བ་ཤཱཀྱ་ཟེར་བ་བོས་ནས་ཁྱོད་ཀྱི་ལྕགས་ཐག་གཅིག་དང་ལྕགས་ཕུར་གཅིག་རྡུང་དགོས་གསུངས་ནས་ཕྲ་སྦོམ་རིང་ཐུང་སོགས་བཀོད་ཁྱད་གསལ་བར་གནང་།དེས་ཀྱང་མ་འགྱངས་པར་བརྡུངས་ནས་ཕུལ་བས།ཆོས་རྒྱལ་གྱི་སྐུ་ལ་ཁ་དར་སེ་རལ་ཁར་བཏང་།ལྕགས་ཕུར་གྱང་ལ་བརྡབས་ཏེ་སྐུ་ལྕགས་ཐག་གིས་བཏགས་ནས་བཞག་སྟེ།འཆི་བདག་མ་ཚར་གཅིག་གིས་འཕྲིན་བཅོལ་གནང་།ངས་རྒྱུད་ཁང་གི་ཆོས་རྒྱལ་འདི་ལ་དགའ་ལྡན་གྱི་ཆོས་རྒྱལ་ལྕགས་ཐག་མ་འདྲ་བ་ཅིག་ཡོད་ན་སྙམ་ཡོད་དེ།ད་བསམ་པ་ལྟར་བྱུང་བ་ཡིན།ཁྱེད་རང་ཚོས་དགའ་བ་སྒོམ་༼སྒོམས༽ལ་བསྐང་གསོ་སོགས་འབད་འབད་གྱིས་གསུངས་ཏེ་འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་ལ་གནས་པའི་གཡར་དམ་བཀའ་སྡོད་ཆོས་ཀྱི་རྒྱལ་པོས་དབུ་དུད་པ་དང་བཅས་ཏེ་གུས་པས་ནོད་པའི་འབྲས་རྟགས་སུ་སེམས།རྒྱུད་པའི་ཁྲིར་བཞུགས་སྐབས་ཚོགས་ཆེན་དུས་བཟང་རིགས་གྲྭའི་སྐབས་སོགས་སུ་ཚོགས་ལ་ཆག་མེད་དུ་ཕེབས།ཆོགས་སུ་བཞུགས་སྐབས་ཚོགས་ཆེན་ཞལ་ངོ་ཉེ་འཁོར་དུ་སླེབས་པ་ན་ན་བཟའ་སོགས་ལྷག་པར་ཚུལ་མཐུན་གྱིས་བཞེས་ནས་དབུ་དུད་དེ་བཞུགས་པ་ཡིན་ཞེས་གླེང་སྟེ་དགེ་འདུན་གྱི་སྤྱན་ལྟོས་ལ་དགོངས་པར་མངོན།སྐབས་དེ་དག་ཏུ་ཡང་ཁྲི་རིན་པོ་ཆེ་ཐུགས་བྲེལ་བ་དང་།ཕྱིས་སྐུ་བསྙུང་སྐབས་སོགས་སུ་དགེ་འདུན་གྱི་གསོ་སྦྱོང་གསུང་ཆོས་སྨོན་ལམ་གྱི་ཚོགས་དབུ་ལས་དུ་མའི་རྡོ་རྗེ་སློབ་དཔོན་སོགས་མཚན་ཉིད་གྲྭ་ཚང་གི་བརྩི་བཞག་མ་གཏོགས་པའི་ཚོགས་ཆེན་ཁྲི་བའི་བྱེད་སྒོ་ཐམས་ཅད་ཀྱང་མཛད་དགོས་བྱུང་སྟེ་རང་ཤུགས་ཀྱིས་ཁྲི་ལས་ཐོག་པ་ལྟ་བུར་སོང་།དེ་ནས་འཇམ་མགོན་ཁྲི་རིན་པོ་ཆེ་སྐུ་འདའ་ཁ་རྗེ་འདི་བར་ཁྱེད་ཀྱི་སྐུའི་ལྕོགས་རིང་ལ་རྒྱས་པའི་གཏོར་སྒྲུབ་དང་ལྕགས་མཁར་གཉིས་མ་ཆག་པ་གྱིས་གསུངས་པས་དོན་གྱིས་བསྐོ་བཞག་གནང་འདུག་ཀྱང་།གྲྭ་བ་ཚོས་ཁྱེད་ཀྱི་འཕྲོར་བླ་མ་སུ་ཡིན་བསྐོ་བཞག་གནང་དགོས་ཞུས་པར།ངེད་ལས་ལྷག་པ་ཨ་ལགས་བླ་མ་ཚང་ཡིན་མོད།ཁོང་ལ་གསོལ་བ་བཏབ་ན་ཁྱེད་ཚོ་ཐམས་ཅད་ལ་ལེགས་པོ་འོང་གསུངས།དེར་རྗེ་འདི་ལ་མི་དད་པ་ཞིག་གིས་འོ་ན་ང་ཡང་ཚོགས་ཆེན་ཁྲིར་བསྡད་ཆོག་སོགས་འཁྱལ་གཏམ་སྣ་ཚོགས་ཞུས་པས།ཁྲི་རིན་པོ་ཆེས་འོ་ན་ཁྱེད་རང་ཚོའི་སུ་འདུག་ནའང་སྡོད།ང་ལ་སྐུ་ཕྱོགས་ནས་ཁྱོད་ཀྱིས་ཚེགང་བོར་འཆད་ཉན་གྱིས་གསུངས་པ་མ་གཏོགས།བླ་མ་འདི་བསྐོས་གསུངས་པ་མེད་གསུངས།དེ་ནས་བཟུང་སྟེ་དེ་སྐོར་ལ་གསུང་ཟུར་ཙམ་ཡང་མ་ཐོན།ཞལ་ནས་ཀྱང་ཁོ་བོས་གྲྭ་བ་འདི་དག་ལོ་འདི་ཙམ་གྱི་རིད་ལ་ཆོས་འཇིག་རྟེན་གྱིས་བསྐྱངས་ནས།ང་ལ་ཆོས་ཀྱི་དྲིན་གཟོ་མེད་ན་ཡང་་དགོན་པར་འཁྲུག་ལོང་བྱེད་རྒྱུའི་གཏམ་རྣ་བར་བསྐྱལ་བ་འདི་ཡི་མུག་པ་ཞིག་འདུག་གསུངས།ཐུགས་སྐྱོ་བཞིན་དུ་གཤེགས་པ་ནི་འབྱུང་འགྱུར་ལྟར་བདུད་རིགས་རེ་གཉིས་ཀྱི་ལོག་སྨོན་གྱི་མཐུ་བརྟས་པ་ཡིན་པར་སྣང་།ཁྲི་རིན་པོ་ཆེ་ཞི་བར་གཤེགས་པ་ས་རྟའི་ལོ་དེའི་ཟླ་བ་བཞི་བའི་ནང་དུ་མིའི་དབང་མོ་རྣམ་རྒྱལ་སྒྲོལ་མ་དགོན་གནས་སུ་ཕེབས།རྗེ་འདི་ལ་བླ་མར་བཞུགས་དགོས་ཀྱི་སྙན་གསན་ཞུས་ཤིང་།གྲྭ་མང་གིས་ཀྱང་འཇམ་མགོན་ཁྲི་རིན་པོ་ཆེ་ནས་ཞལ་ཆེམས་ཁྱེད་ལ་ཕོག་པས་དོན་གྱིས་བླ་མར་བསྐོས་པ་དང་།དཔོན་མོ་རྣམ་རྒྱལ་དགུང་ལོ་བདུན་ཅུར་ཕེབས་པ་འདི་ཡང་ཆེད་དུ་གཉེར་ནས་ཕེབས་པ་ཐམས་ཅད་ལ་ཐུགས་བསམ་བཏང་ནས་གྲྭ་ཚང་ཐུགས་ནས་མ་འདོར་ཞེས་ཕུར་ཚུགས་སུ་ཞུས་པར།ང་ལོ་མཐོན་པོར་སོང་བས་ཕུང་པོས་མི་ལྕོགས་སྙམ་པ་མ་གཏོགས་གྲྭ་ཚང་འདི་འདྲ་ཞིག་ལ་པོ་ཏི་ལྔའི་བརྩི་བཞག་ཅིག་འཆད་རྒྱུ་བྱུང་ན་སྐལ་བ་དང་ལྡན་པར་འདུག་གསུངས་ནས་ཞལ་བཞེས་མཛད་དེ་འདུས་པ་རྒྱ་མཚོའི་གཙུག་གི་རྒྱན་དུ་གྱུར།ཆོས་སྲིད་གང་ནས་ཀྱང་སྔར་སྲོལ་གང་ཡོད་མ་ཉམས་པར་མཛད་པས་གྲྭ་ཚང་ལ་འཕེལ་རྒྱས་ཆེ་བར་བྱུང་སྟེ་མ་འགྱངས་པར་གྲྭ་བ་སྟོང་ལྷག་ཙམ་འདུས་པས་མ་དད་པ་རྣམས་ཀྱང་ཐེ་ཚོམ་གྱི་འཕྱང་མོ་ཉུག་ཏུ་གྱུར།དགེ་བཤེས་ཀྱང་ཐོན་ཆེ་བ་བྱུང་སྟེ།འཆད་འགྱུར་ལྟར་གྱི་གདན་རབས་དུ་མ་དང་།གཤེན་ཡང་སེ་འབྲས་དགེ་གསུམ་ལ་ཉི་ཟླ་ལྟར་གྲགས་ཤིང་སྐུ་ཚེས་ཟིན་ན་དགའ་ལྡན་ཁྲི་བ་ཡོང་ངེས་པའི་རྩོད་མེད་ཀྱི་དགེ་བཤེས་ཨ་བར་དཀའ་བཅུ་དཀོན་མཆོག་རྒྱ་མཚོ་དང་།ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་དེང་སང་འདི་འདྲ་ཡོད་དཀའ་ཞེས་བསྔགས་པའི་དགེ་བཤེས་ཨ་བར་བཟོད་པ་སོགས་ཀྱང་རྗེ་འདི་བའི་དུས་ཀྱི་གྲྭ་རྒྱུན་ཡིན་ནོ། །སྔ་སོར་འཇམ་མགོན་ཁྲི་རིན་པོ་ཆེའི་དུས་སུ་དབུ་ཕར་གྱི་ཟུར་བཀོལ་རྣམས་ཀྱང་བརྩི་བཞག་ལ་གནང་རྒྱུན་ཡོད་པ་རྗེ་འདིས་མ་མཛད་པས་འགའ་ཞིག་གིས་ཁ་ཟེར་གྱིན་ཡོད་པ་གསན་ནས།དཔྱིད་ཆོས་ཆེན་མོ་ཞིག་ལ་བརྩི་བཞག་རིང་པོ་གནང་ནས་འཛིན་གྲྭ་རེ་རེར་ཡང་ཤོག་གུ་མདའ་ཚད་བཞི་བཅུ་མ་ལོང་ཙམ་རེ་སོང་བས་ཕལ་ཆེར་གྱིས་བརྩི་བཞག་གི་རྗེས་ཟིན་དཀའ་བ་བྱུང་།ཆོས་ཐོག་གི་མཇུག་ཏུ་ཚོགས་གཏམ་གྱི་ཞར་ལ་ཧ་ཅང་བརྩི་བཞག་མང་པོ་བཏང་ན་ཁྱེད་རང་ཚོས་རྒྱུགས་སྤྲོད་རྒྱུ་སོགས་ལ་དཀའ་སྙམ་ནས་ཡང་ཆ་བྱས་པ་མ་གཏོགས་གྲྭ་ས་སེ་འབྲས་དགེ་གསུམ་ལ་བརྩི་བཞག་གཏོང་དགོས་ན་ཡང་ལག་ཐོགས་མི་ཡོང་ཞེས་ཞལ་ཕོ་ཡང་གསུངས།སྔར་རྒྱུད་ཀྱི་ཁྲིར་བཞུགས་སྐབས་སུ་ཆོས་གྲྭར་ཕེབས་དུས་ཞབས་སྟེགས་ཀྱི་ཁར་ངལ་གསོ་བ་ལན་བཞི་རེ་ཙམ་མཛད་དགོས་པ་ཡིན་ཀྱང་།ཚོགས་ཆེན་གྱི་ཁྲིར་བཞུགས་པ་ན་སྐུ་གཟུགས་ཡང་ཟོར་ཆེ་བར་སོང་སྟེ་ཆོས་གྲྭ་ཆག་མེད་མཛད་པ་ལ་དཀའ་ཚེགས་མེད་པ་བྱུང་བས་ཀུན་གྱིས་ངོ་མཚར་ཆེ་བར་གླེང་།གཤིན་ཆོག་སོགས་ལ་ཡང་དཀའ་ཚེགས་མི་གནང་བར་ཉེ་འཁོར་འདི་ན་སྨོན་ལམ་ཞིག་བཏབ་ནས་གསེར་སྲང་སྟོང་ལེན་རྒྱུ་ཡོད་ཀྱང་ང་རང་གི་སྐལ་བ་ཡིན།ཁབ་སྐུད་གཅིག་ལེན་རྒྱུ་མེད་ཀྱང་སྨོན་ལམ་ཞིག་འདེབས་དགོས་པ་ང་རང་གི་ཁུར་ཡིན་གསུངས།གསུང་བཤད་གང་རྒྱས་གནང་དགོས་ཞེས་འགའ་ཞིག་གིས་ཞུས་པར།མ་བཤད་ལོག་བཤད་ཧ་ཅང་བཤད་པའི་སྐྱོན་གསུམ་སྤངས་ནས་འཆད་དགོས་པ་ཡིན།ཧ་ཅང་མང་མི་དགོས་གསུངས་ཤིང་གང་གསུང་གནད་འདྲིལ་བ་ཅིག་ཡོད་པར་བུ་སློབ་རྣམས་གསུངས།ཡིག་ཆ་འདྲ་གསུང་རྩོམ་གནང་དགོས་ཞུས་པར།ཚད་མར་གྱུར་པ་རེ་རེས་བརྩམ་ན་ལེགས།མཁས་པ་མང་ན་ཡུལ་འཇིག་ཟེར་གསུངས་ཏེ་བླུན་པོ་མཁས་པར་རློམ་པ་རྣམས་སྨྲ་བ་ཉུང་ན་བསྟན་པ་ལ་ཕན་པའི་གསུང་དུ་སྣང་།རྒྱ་བོད་ཀྱི་ལོ་རྒྱུས་ལ་ཤིན་ཏུ་མཁས་པས་ཞལ་ནས།དེང་སང་ང་འདྲ་བའི་ལོ་རྒྱུས་ཤེས་མཁན་དཀོན་བསམ་པ་ཡོད་ཅེས་ཡང་ཡང་གསུང་སྟེ་ཆོས་འབྱུང་ཞིག་རྩོམ་བཞེད་ཡོད་ཀྱང་སྐུལ་མཁན་གྱི་ལྷན་ཅིག་བྱེད་རྐྱེན་མ་བྱུང་བས་ཉེར་ལེན་ཙམ་གྱིས་རྔོ་ག་ལ་ཐོགས།འཇམ་མགོན་ཁྲི་རིན་པོ་ཆེའི་རྣམ་ཐར་ཞིག་མགོ་བརྩམས་ཡོད་ཀྱང་།ཕྱོགས་ལྷུང་གིས་འཐེན་ཁྱེར་དུ་སོང་ནས་རྟིང་བསྐུལ་མ་ཞུས་པས་རྩོམ་འཕྲོ་ལུས་སྣང་སྟེ།རྩོམ་པ་སྦྱངས་པ་ཞིག་མིན་ཀྱང་ཐུགས་རབ་ཀྱི་ཤུགས་ཀྱིས་ཚིག་སྦྱོར་ལེགས་ཤིང་རྣོ་བ་དང་ངོས་གཙང་བ་ཞིག་སྣང་ཞེས་སྐྱབས་མགོན་རྡོ་རྗེ་འཆང་གི་ཞལ་ནས་དངོས་སུ་ཐོས།རབ་བྱུང་བསྙེན་རྫོགས་དང་།ལུང་རྗེས་གནང་གང་ཞུས་ཅི་འདོད་དུ་སྩོལ་པ་དང་།རྗེ་གོང་མ་ནས་བརྒྱུད་པའི་འཇམ་དབྱངས་ཆོས་སྐོར་གྱི་ཁྲིད་དང་རྗེས་གནང་།འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་རྗེས་གནང་སོགས་རྒྱུན་དཀོན་པ་འགའ་ཞིག་གཞན་གྱིས་མ་ཞུས་ཀྱང་ཆེད་དུ་གཉེར་ནས་གནང་བར་མཛད་པ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྒོ་དུ་མ་ནས་སྐྱོང་བར་མཛད་ཅིང་།ཁྱད་པར་དུ་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་གཅིག་སྐྱབས་མགོན་རྡོ་རྗེ་འཆང་བཀའ་དྲིན་འཁོར་མཐའ་མ་མཆིས་པ་དེ་ཉིད་རང་གི་བཞུགས་གདན་གསེར་ཁྲུར་ཞབས་ཟུང་བཀོད་དེ་མཛད་པ་འཕྲིན་ལས་ཀྱིས་ནོར་འཛིན་ཡོངས་སུ་འགེངས་པའི་དགའ་སྟོན་ལ་རང་ཅག་གིས་ཅི་དགར་ལོངས་སྤྱོད་རྒྱུ་བྱུང་བ་འདི་ནིརྗེ་བླ་མ་འདི་ཉིད་ཀྱི་བཀའ་དྲིན་ཡིན་པས་འབྲས་བུ་ཕུན་སུམ་ཚོགས་པ་ལ་གུས་པ་རྣམས་ཀྱིས་རྒྱུ་ཕུན་སུམ་ཚོགས་པ་ལ་ཡང་གུས་པར་བྱ་དགོས་པ་ཉིད་དོ། །དེའི་དོན་གྱིས་འདི་བའི་མཆོག་སྤྲུལ་རིན་པོ་ཆེར་སྐྱབས་མགོན་རྡོ་རྗེ་འཆང་ནས་གཟེངས་བསྟོད་ཀྱི་བཀའ་ཤོག་བསྩལ་བའི་ནང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱིས་མདོ་དབུས་གཉིས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུ་མཛད་ཅིང་།དེ་ལྟ་བུའི་རྗེ་བཙུན་ཆེན་པོ་དེ་ཉིད་ལ་བསྟན་པ་འཛིན་ཞིང་སྤེལ་བའི་གྲོགས་བྱེད་དུ་བསམ་བཞིན་སྐུའི་སྐྱེ་བ་བཞེས་པའི་ཐུགས་སྲས་དུ་མ་ཡོད་པའི་ནང་ནས་མ་ཅིག་ལུང་བསྟན་ལས།གྲོལ་སྡེ་རྒྱལ་བའི་འབྱུང་གནས་ནི། །ཁྲི་ཞེས་བྱ་བའི་ཡུལ་དུ་འབྱུང་། །ངུར་སྨྲིག་ཚུལ་འཛིན་དགེ་འདུན་སྐྱོང་། །ཞེས་ལུང་གིས་བསྟན་པའི་མཁས་པ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་དཔོན་སློབ་བློ་བཟང་དོན་གྲུབ་པ་དེ་ཉིད་ཀྱིས།ཐོག་མར་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་གསུང་རབ་ཀྱི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་མཁས་པའི་དབང་བོར་གྱུར།ཐོས་པའི་དོན་དེ་ཉིད་བསྒོམ་པ་དང་བསྒྲུབས་པས་རྟོགས་པ་མཆོག་བརྙེས།དེ་ནས་བར་སྐབས་སུ་ཀུན་མཁྱེན་ཆེན་པོ་སྒོ་མང་གི་ཆོས་ཁྲི་མཛད་རིང་ལ་སྐུ་ཞབས་སུ་རྒྱུན་འཐུད་ནས་བཞུགས་ཏེ་ཀུན་དགའ་བོ་དང་འབྲོམ་སྟོན་པའི་རྣམ་ཐར་གྱི་རྗེས་སུ་འགྲོ་བའི་ཞབས་ཏོག་ཟླ་མེད་པ་སྒྲུབ་ཅིང་།ཆོས་གྲྭ་ཆེན་པོ་འདི་ཉིད་གསར་འཛུགས་ཀྱི་སྐབས་སུ་གང་ཅིའི་སྐོར་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་དང་།གྲྭ་ཚང་ཕན་ཚུན་གཉིས་ཀྱི་ཁྲི་མཛད་སྐབས་སུ་སྐུ་ཚེ་ལ་མ་བལྟོས་པར་འཆད་ཉན་དམར་པོ་མཛད་པས་དགེ་འདུན་གྱི་སྡེ་ཡང་དབྱར་མཚོ་ལྟར་འཕེལ།རྒྱུད་པར་འདུ་ཁང་གསར་ཕུབ་སོགས་མཛད་པ་ཕྱག་རྗེས་རྒྱ་ཆེ་བ་དང་ལྷག་དོན་ཆོས་གྲྭ་ཆེན་པོ་འདིའི་ཆོས་སྲིད་བྱ་བ་བླ་མ་བཟང་བོའི་སྐྱོང་འཕྲོ་ཉམས་སུ་མ་བཅུག་པར་མ་ཟད་གོང་འཕེལ་དུ་གཏོང་བཞིན་པའི་ངང་ནས་ཁོ་བོ་ཅག་ལ་གཏད་པ་སོགས་གང་ས་ནས་གཞན་དང་ཟླ་མེད་པ་བྱུང་ཞེས་བཀའ་དྲིན་ཆེ་བའི་བསྔགས་བརྗོད་མཛད་སྣང་ངོ་། །འདི་སྐོར་ལ་རྗེ་འདིའི་འཕྲིན་ལས་ཀྱི་གདུགས་དཀར་པོ་གྱེན་དུ་འདེགས་པའི་ཡུ་བ་ལྟ་བུ་ནི།མིའི་དབང་མོ་རྣམ་རྒྱལ་སྒྲོལ་མ་ཞེས་རང་སྲིད་དུ་གཏོགས་པ་རྣམས་ཀྱིས་མ་ལྟ་བུར་འཛིན་པ་དེ་ཉིད་ཡིན་ཀྱང་མཆོག་སྤྲུལ་གདན་སར་ཕེབས་རྒྱུར་ཐག་བཅད་འཕྲལ་གློ་བུར་དུ་སྐུ་མ་འཚོབ་ནི།ཨ་མ་ལབ་སྒྲོན་གྱི་ལུང་བསྟན་ལྟར་བདུད་རིགས་ཞིག་གིས་ཟས་སྐྱོན་ཕུལ་བ་ཡིན་ཞེས་གླེང་།ལར་ས་དབང་དམ་པ་དགའ་ལྡན་ཨེཪྟི་ནི་ཇུ་ནང་དང་།མིའི་དངང་མོ་འདི་གཉིས་སྐུ་ཚེ་སྔ་མ་དུ་མ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཐུགས་བསྐྱེད་དང་སྨོན་ལམ་ལྷན་གཅིག་པ་ཡིན་ཚུལ་དང་།མ་འོངས་པ་ན་ཡང་ཡང་ཞལ་འཛོམ་པར་འགྱུར་བ་དང་།སྐུ་ཚེ་འདིར་ཡང་ཀུན་མཁྱེན་བླ་མ་ཡབ་སྲས་རྣམས་ཀྱིས་འཁྲུངས་རབས་སོགས་ལས་བརྩམས་པའི་བསྔགས་བརྗོད་གཞན་གྱིས་བློར་མི་ཤོང་བ་མཛད་ཚུལ་དང་།ལྷག་པར་མིའི་དབང་པོ་འདི་ཉིད་འཇིགས་མཛད་རྡོ་རྗེའི་རིམ་གཉིས་ཀྱི་རྣལ་འབྱོར་ཤིན་ཏུ་བརྟན་ཅིང་།ཤའི་མིག་གིས་རི་རྒྱལ་ལྷུན་པོ་ཡང་གཟིགས་པ་སོགས་ངོ་མཚར་བའི་ཡོན་ཏན་གྱི་ཕུང་པོར་གྱུར་ཚུལ་དང་།ཆོས་སྡེ་ཆེན་པོ་འདི་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པས།དཔོན་ཡབ་ཡུམ་འདི་གཉིས་དགོན་པར་ཕེབས་སྐབས་རང་གི་ཕ་མ་རྒྱངས༼རྒྱང་༽རིང་པོ་ནས་འོང་བ་དང་ཁྱད་པར་མེད་པའི་སྤྲོ་དགའ་རྒྱས་པ་ཞིག་ཡོད་ཅེས་གྲྭ་རྒན་རྣམས་ཞལ་འཆམ་པ་སོགས་ངོ་མཚར་བའི་གཏམ་གྲེ་བར་བསྐྱིལ་མི་བཟོད་པ་མང་དུ་མཆིས་ཀྱང་།རང་ཉིད་ན་རེ།ཧ་ཅང་རང་བཞིན་དྲང་བོའི་གཏམ། །སྨྲ་བའང་སྐྱོན་དུ་འགྱུར་བ་སྟེ། །སྨྲ་མཁས་ནེ་ཙོ་དབང་མེད་དུ། །སྒྲོག་གིས་བཅིངས་པའི་རྒྱུ་རྐྱེན་ཅི། །ཞེས་རེ་ཞིག་དགག་བྱར་བྱས་སོ། །འདི་སྐབས་མི་བསྲུན་པའི་སྐྱེ་བོ་དུ་མས་བརླང་སྤྱོད་སྣ་ཆོགས་བྱས་ཀྱང་།རྗེ་འདིས་མཐུ་སྟོབས་དང་ཐུགས་རྗེའི་དཔུང་བསྐྱེད་དེ་གཞན་དབང་དུ་ཅུང་ཟད་ཀྱང་མ་ཤོར་བ་མཛད།ཚོགས་གཏམ་ལ་ཡང་།ཁྱེད་རང་ཚོ་ཡང་སྐབས་འདིར་སྨོན་ལམ་བཏབ་ནས་འོངས་པ་རེད་དེ།ང་ཡང་ཁྱེད་ཚོའི་གཉེན་པོར་སྨོན་ལམ་བཏབ་ནས་འོངས་པ་ཡིན་ཞེས་དང་།སྔོན་ནས་ད་ལྟའི་བར་དུ་སྡིག་པ་མི་དགེ་བ་ལ་གོམས་པའི་བདུད་རིགས་ཁྱེད་ཚོས་དགོན་པ་འདི་བཤིག་ཐུབ་མི་ཡོང་།རིང་བོར་མི་ཐོགས་པར་ཆོས་སྐྱོང་སྲུང་མ་ཚོས་ཁྱོད་ཚོ་ལ་རྟགས་བསྟན་ཡོང་།ཁྱེད་ཚོས་ང་རྒས་འདུག་པས་མྱུར་དུ་ཤི་ཡོང་ཟེར་ནས་བཤད་ཀྱིན་འདུག་སྟེ།བསྟན་པ་ཐབས་ཅད་ཀྱི་འབྱུང་ཁུངས་དགོན་པ་འདིའི་མདོ་སྔགས་ཀྱི་བསྟན་པའི་སྲོལ་བཟང་པོ་འདི་བསྟན་པའི་བདག་པོ་ཅིག་ལ་མ་སྤྲད་པར་ཤི་ན་ངས་ཁྱེད་ཚོའི་དྲི་ཆུ་འཐུང་བ་དང་ཁྱད་མེད་ཅེས་པ་དང་།ཁྱེད་ཚོའི་སྐེ་ལ་རྡོ་བཏགས་ནས་བསང་ཆུའི་ནང་དུ་འཕངས་ཀྱང་ཚེ་འདིར་འོང་རྒྱུ་མེད་པ་གཞིར་བཞག་སྟེ།ཕྱི་མ་ལ་ཡང་འོང་རྒྱུ་ཡོད་མེད་མི་ཤེས་ཞེས་གསུངས་པ་འདི་དག་མ་མཐའ་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་ཞིག་བརྙེས་པའི་གསུང་དུ་ལུང་རིགས་ལ་སྦྱངས་པ་རྣམས་ཀྱིས་དཔྱད་ན་ཤེས་སླའོ། །ཡང་ཁྱེད་ཚོས་གྲོས་ཅི་བྱེད་གི་ཡོད་པ་ངས་ཤེས།ང་ལ་ཉིན་པར་མིས་བཤད་གི་ཡོད།མཚན་མོ་འདྲེས་བཤད་གི་ཡོད་གསུངས་པ་ནི་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པའི་གསུང་དུ་སྣང་ལ།ཁོང་ཚོའི་རྨི་ལམ་དུ་ཡང་བུད་མེད་དྲེའུ་ཞོན་པ་དང་།ཚོགས་ཆེན་ཞལ་ངོ་སོགས་ཀྱིས་བརྡུང་བསྡིགས་བྱེད་པ་དང་།གླང་དང་གཡག་གིས་བདས་པ་སོགས་རྨིས་ན་ཕྱི་ཉིན་རྗེ་འདིས་ཚོགས་གཏམ་ཞིག་མཛད་རྒྱུའི་ལྟས་འཁྲུལ་བ་མེད་པར་མི་བསྲུན་པའི་སྐྱེ་བོ་དེ་དག་གིས་གླེང་བའང་ཐོས་སོ། །དེར་མ་ཟད་བླ་ཆེན་དཔོནཆེན་འགའ་ཞིག་གི་ཁྱིམ་དུ་ཞག་ཏུ་བསྡད་ཕྱིན་ནད་ཀྱིས་ཐེབས་པ་དང་།ཐུག་ཆོམ་གྱི་སྒྲ་སྒྲོགས་པ།ཡོ་བྱད་ཅི་རིགས་མི་སྣང་བར་འགྲོ་བ་སོགས་རྒྱལ་འགོང་མངོན་སུམ་དུ་ཡོད་པ་ལྟ་བུ་བྱུང་བར་རྗེ་འདི་ཞག་བཞུགས་རེ་མཛད་པས་ཐུལ་སོང་བ་ཤིན་ཏུ་མང་ཞིང་།གཟའ་གདོན་གཟུགསདངོས་སུ་བསྟན་ནས་སྐུའི་ཉེ་འཁོར་དུ་མཚན་མོ་གཅིག་འདའ་བར་བྱས་ཀྱང་གླགས་མ་རྙེད་པའི་རྒྱུས་གྲགས་ཆེ་ལ།སྦྱིན་བདགཅིག་ལ་ཀླུ་གདོན་གྱི་གནོད་པས་ཚེ་མཐར་མི་འཁྱོལ་བའི་དར་སྲི་མི་རབས་གསུམ་བཞིའི་བར་དུ་བྱུང་བར།རིམ་གྲོ་ཞིག་མཛད་པས་སྦྲུལ་འདྲ་བའི་སྲོག་ཆགས་དམར་ནག་མཐོ་གསུམ་ཙམ་ཡོད་པ་ཞིག་དངོས་སུ་བྱུང་སྟེ་རྣམ་འགྱུར་སྣ་ཚོགས་བསྟན་ནས་མཐར་ཁྲིའི་འོག་ཏུ་ཞུགས་ཏེ་མི་སྣང་བར་གྱུར་བ་ཞབས་ཕྱི་ཐམས་ཅད་ཀྱིས་མཐོང་བ་དང་།དགོན་པའི་གླིང་དུ་འབྲུམ་ནད་མཆེད་པའི་ལོ་གཅིག་ལྔ་མཆོད་ཀྱི་དགུ་གཏོར་ལ་ཕེབས་སྐབས་མེ་བཀྲ་ཤིན་ཏུ་འཚུབས་ཤིང་།མེ་ལྕེ་ཕྱིར་འཁྱིལ་ནས་སྐུ་ལུས་མགོ་མཇུག་གང་ཡང་མི་མཐོང་བར་དཀྲིས་པས་ཐམས་ཅད་འཇིགས་ཞུམ་པ་ཞིག་བྱུང་ཡང་གཏོར་མ་འཕངས་པ་དང་མེ་ཡང་རང་ཞི་ལ་སོང་ཞིང་སྐུའི་ཆ་ཤས་གཞན་ལྟ་ཞོགཞྭ་སྒྲོ་ལ་ཡང་མེ་སྟག་ཙམ་གྱི་སྐྱོན་མ་བྱུང་ཞིང་ཐག་རིང་གི་དངོས་པོ་དུ་མ་མེ་ལྕེས་གནོད་པ་མཐོང་ནས་གྲྭ་རྒན་རྣམས་ཀྱིས་ཡ་མཚན་གྱི་གཏམ་ད་ལྟའི་བར་དུ་གླེང་བ་སོགས་མཐུ་སྟོབས་ནུས་པའི་དབང་པོར་གྲུབ་པའི་ལོ་རྒྱུས་ཤིན་ཏུ་མང་ངོ་། །དེས་ན་རྗེ་བླ་མ་འདི་ཉིད་ལུགས་གཉིས་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་སྒོ་ནས་ཀུན་མཁྱེན་མཆོག་གི་འཕྲིན་ལས་ཀྱི་གདུགས་དཀར་པོ་མ་ཉམས་པར་བཟུང་བའི་བཀའ་དྲིན་ཟླ་མེད་པ་ཞིག་ཡིན་པར་མ་ཟད་མ་ཅིག་ལབ་ཀྱི་སྒྲོན་མ་དང་།ལྷ་དང་ཆོས་སྐྱོང་དུ་མས་ལུང་བསྟན་གྱི་མེ་ཏོག་གིས་མངོན་པར་བསྔགས་པ་ཞིག་ཡིན་སྣང་སྟེ།ཀུན་མཁྱེན་སྤྲུལ་པའི་སྐུ་རིན་པོ་ཆེ་གདན་སར་བཀོད་པའི་རྗེས་ཙམ་དུ་བུ་སློབ་རྣམས་ཀྱིས་གསོལ་འདེབས་ཤིག་གནང་དགོས་ཞུས་པར།འཇམ་དཔལ་ཞི་ཁྲོ་དགྱེས་བཞད་རྡོརྗེ་ཡི། །བཞེད་དོན་སྒྲུབ་པར་མྱུར་མཛད་མགོན་པོ་སོགས། །བསྟན་སྲུང་དུ་མས་ལུང་བསྟན་ཆོས་ཀྱི་རྗེ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་བསྩལ་པས་ཀྱང་ཤེས་སོ། །འདིའི་ལུང་བསྟན་ཚུལ་ཇི་ལྟར་ཡིན་ཞུས་པས།སྒྲོ་སྐུར་དུ་མ་སོང་ཙམ་ཡོད་ཅེས་གསུངས་པར་བུ་སློབ་ཆེ་བགྲེས་རྣམས་ཀྱི་ཞལ་ནས་ཐོས་ལ་རང་གི་རྣམ་རྟོག་ལ་ཤར་བའི་གཏམ་གོང་དུ་བཀོད་ཟིན་པ་ལྟར་རོ། །དགུང་ལོ་དོན་གཉིས་པ་ལ་ཁྲི་ཟུར་བཞུགས་མཛད་ཅིང་དེ་སྐབས་ཞལ་ནས་ད་དགོན་པ་འདིའི་ཆོས་སྲིད་གཉིས་ཀ་བདག་པོ་ལ་འཕྲོད་པས་བསམ་དོན་ཐམས་ཅད་གྲུབ་པ་ཡིན།ལོ་ཁ་ཤས་ལ་སོས་བདེ་མོར་བསྡད་ནས་ཕ་བླ་མའི་མཆོག་སྤྲུལ་གྱི་མཛད་པ་འཕྲིན་ལས་ལ་མཇལ་ཁ་ཞུ་རྒྱུ་ཡིན་གསུངས་ཤིང་།དེ་ནས་བཟུང་སྟེ་སྐུ་མ་འདས་ཀྱི་བར་དུ་ཕལ་ཆེར་བཅད་རྒྱ་ལྟ་བུའི་ཚུལ་དུ་བཞུགས།དགུང་ལོ་དོན་བཞི་བ་མེ་སྟག་གི་ལོ་ཅུང་ཟད་བསྙུང་བའི་ཚུལ་མཛད་པར་ཞབས་བརྟན་སྒྲུབ་རྩིས་བྱས་ཀྱང་ང་རང་གི་ཁ་འདོན་འགྲོ་འདུག་བཟའ་བཏུང་གང་ལ་ཡང་སྐྱོན་ཞུགས་པ་མེད་པས་ཁྱེད་རང་ཚོ་སེམས་བདེ་མོ་གྱིས་གསུངས་ནས་ཞབས་བརྟན་སོགས་སྒྲུབ་མ་བཅུགསྐྱབས་མགོན་རྡོ་རྗེ་འཆང་སྟོང་སྐོར་དགོན་དུ་ཕེབས་རྒྱུའི་སྙན་གསན་ཕུལ་བར་རེ་ཞིག་བཞུགས་དགོས་པ་འདྲ་ཡང་གང་ཅིའི་གྲྭ་སྒྲིག་ཚར་འདུག་པས་ཐུགས་བཞེད་ལྟར་མཛོད་ཅེས་ཞུས།ཉིན་གཅིག་ཉེ་གནས་ཁྱབ་བྱ་ངག་དབང་དཔལ་བཟང་ཟེར་བར་ང་རང་གཙང་སྤྱོད་ལ་འགྲོ་དགོས་པས་ཁྱོད་ཀྱིས་རོགས་ཤིག་གྱིས་གསུངས།ཁོས་ཅི་བྱེད་ན་སྙམ་ཕྱིན་པས་གཙང་སྤྱོད་ནས་ཚུར་ཕེབས་སྐབས་ཁྱོད་ཀྱིས་ང་ཁུར་ལ་འདུག་སར་སྐྱོལ་གསུངས།དེ་བཞིན་བྱས་པས་ཐུགས་མཉེས་ཏེ་བཟང་བཟང་ཡོང་བ་འདུག་གསུངས།དེ་སྐབས་སྐུ་མཚམས་ཤིག་གི་མཇུག་ནས་ལོ་གཅིག་གི་རིང་ལ་དབུ་སྐྲ་དང་སྨ་ར་མ་བཞར་བར་བཞག་ཡོད་པས།ཉེ་གནས་ཀྱིས་དབུ་སྐྲ་བསིལ་ན་ཞུས་པས།རྒྱ་གར་ན་གྲུབ་ཆེན་རྣམས་ཀྱི་དབུ་སྐྲ་དང་སྨ་ར་འཇོག་པའི་སྲོལ་ཡོད་པས་ངས་གྲུབ་ཆེན་གྱི་གྲས་སུ་འཚང་ཁ་ཅིག་བྱས་པ་ཡིན་གསུངས།གཞི་ནས་རྗེ་འདི་ཉིད་སྐུའི་ཟིལ་ཤིན་ཏུ་ཆེ་བས་རྒྱུས་མེད་རྣམས་སྐུ་མཐོང་མ་ཐག་ཏུ་ཧ་ལས་འགྲོ་བ་དང་།སྤོབས་པ་ཤིན་ཏུ་མཐོ་བ་རྣམས་ཀྱང་མཐོང་བ་ཙམ་གྱིས་འཇིགས་ཞུམ་པར་འགྲོ་བ་ཞིག་ཡོད་ཅེས་ཞལ་མངོན་དུ་གྱུར་པ་རྣམས་མཐུན་པར་གླེང་ཞིང་ཁྱད་པར་འདི་དུས་དབུ་སྐྲ་སྨ་ར་སོགས་ཀྱིས་གཟི་བརྗིད་ལྟག་པར་ཆེ་བས།བདག་གི་བླ་མ་གྲུབ་དབང་བསོད་ནམས་གྲགས་པའི་ཞལ་ནས།དེ་སྐབས་མདུན་དུ་ཕྱིན་ན་དཔལ་ཕྱག་ན་རྡོ་རྗེ་དངོས་ཀྱི་རྣམ་པ་འཆར་བ་འདུག་གསུངས།དེ་ནས་སྐུ་ཁམས་རིམ་ལོད་དུ་སོང་སྟེ་ཧོར་ཟླ་དྲུག་པའི་ཚེས་ཉི་ཤུའི་ཐོ་རངས་ཁར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད།དེ་སྐབས་དང་པོར་སྐུ་གཟུགས་སྒུར་བའི་རྣམ་པ་ཅན་ལྟ་བུ་ཞིག་ཡོད་ཀྱང་དཔོན་སློབ་ངག་དབང་བསྟན་འཛིན་པ་གདུང་མདུན་དུ་ཕེབས་ཏེ།དེར་འཁོད་ཀྱི་གྲྭ་བ་རྣམས་དང་བཅས་སྤྱན་འདྲེན་ཁྲུས་གསོལ་བྱས་པ་ན་རིམ་གྱིས་ཇེ་དྲང་ལ་སོང་བ་དེར་འཁོད་ཚང་མས་མཐོང་སྣང་།གདུང་ཞུགས་འབུལ་གྱི་ཉིན་སྐས་ཀྱི་ཐེམ་པ་དོག་པས་མི་མང་པོ་ཐར་དཀའ་ཞིང་།མི་གཅིག་གིས་གདུང་མི་ཐེག་པས་ཅི་བྱེད་ཐག་མ་ཆོད་པའི་སྐབས།ཉེ་གནས་ངག་དབང་དཔལ་བཟང་གིས་སྔར་གྱི་གསུང་དང་མཛད་པ་དྲན་ནས་ལོ་རྒྱུས་བསྙད་པས་ཁུར་ནུས་པ་བྱུང་།ཞུགས་ལ་ཕུལ་སྐབས་བུད་ཤིང་འཕེན་ཚུལ་ཉེས་པས་རུས་ཚིགས་གཞན་འཐོར་ཀྱང་དབུའི་རུས་པ་ཅུང་ཟད་ཀྱང་མ་གྲུག་ཅིང་མདོག་དུང་ལྟར་དཀར་བ་ཞིག་བྱུང་སྟེ་གདུང་རྟགས་འདི་འདྲ་ཕྱིར་མི་ལྡོག་པའི་རྟགས་སུ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དུ་གསུངས་སོ། །དེ་ནས་གྲྭ་ཚང་གདུང་རུས་སྤྱན་འདྲེན་ལ་བྱོན་སྐབས་ཁྲི་རིན་པོ་ཆེས་དབུའི་རུས་པ་མ་ཉམས་པ་གྲྭ་མང་ལ་བསྟན།ཚེམས་བརྩིས་ནས་བཞི་བཅུ་ཚང་བས་ཐམས་ཅད་ངོ་མཚར་དུ་གྱུར།གདུང་རུས་ཀྱི་ཁྲོད་ན་དབུ་སྐྲ་ཐམས་ཅད་ཕྱོགས་གཅིག་ཏུ་སོང་བ་ཅུང་ཟད་ཀྱང་མ་ཉམས་པར་གོས་སྐུད་ཀྱི་ཆུན་པོ་ལྟ་བུ་ཞིག་བྱུང་བ་ཡང་ཐམས་ཅད་ཀྱིས་མཐོང་བས་དེང་སང་གོ་བར་དུ་ངོ་མཚར་དུ་འཛིན་པར་སྣང་ངོ་། །

རྗེ་འདི་ལ་ངོ་མཚར་བའི་རྣམ་པར་ཐར་བ་མང་དུ་ཡོད་འདུག་རུང་སྔར་ཕྱོགས་གཅིག་ཏུ་བྲིས་པ་ཞིག་མི་འདུག་པས།འདིར་ནི་བདག་གི་བླ་མ་དམ་པ་རྡོ་རྗེ་འཆང་བློ་བཟང་སྙན་གྲགས།སྨྲ་བའི་དབང་ཕྱུག་བསོད་ནམས་དབང་རྒྱལ།གྲུབ་དབང་བསོད་ནམས་གྲགས་པ།ཁྲི་ཆེན་རབ་བརྟན་རྒྱ་མཚོ་བཞི་རྗེ་འདིའི་དངོས་སློབ་ཐུན་མོང་མ་ཡིན་པ་ཡིན་པས་དེ་དག་གིས་ཇི་ལྟར་གསུངས་པའི་གསུང་རྒྱུན་དང་།གཞན་ཡང་དུས་འཁོར་དཔོན་སློབ་མཁས་དབང་བློ་བཟང་རིན་ཆེན་སོགས་སློབ་མ་དྲག་ཤོས་གཞན་གྱི་གསུང་ལས་ཇི་ལྟར་ཐོས་པ་དང་།རྗེ་ཉིད་ཀྱི་དངོས་སློབ་བྲག་དཀར་དཔོན་སློབ་ཀུན་དགའ་བཀྲ་ཤིས་བས་ཀྱང་རྣམ་ཐར་གྱི་ས་བོན་ལྟ་བུའི་ལོ་རྒྱུས་སྣ་ཚོགས་བྲིས་པའི་ནང་དུ་ཐོར་བུ་གང་ཡོད་ཀྱིས་ཁ་བསྐངས་ཏེ་བྲིས་པ་ཡིན་ཞིང་ད་དུང་དཔྱོད་ལྡན་གཞན་གྱིས་ངག་སྒྲོས་ཁུངས་ལྡན་རྙེད་ན་ཟུར་གདབ་པར་རིགས་སོ། །

སྨྲས་པ།ལུང་རིགས་སྨྲ་ལ་དབང་འབྱོར་རྟོག་གེའི་གཙོ། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རིག་སྔགས་འཆང་། །ལུགས་གཉིས་གཟིགས་པའི་མཁྱེན་དགོངས་མེས་པོའི་ཟླ། །ཁྱོད་ནི་ངེས་པར་བློ་བཟང་དོན་ཡོད་གྲུབ། །ཚད་ལ་རེ་བའི་སྐྱ་རེངས་ཤར་ཙམ་གྱིས། །འདོད་པའི་དོན་གྱི་ཉི་མ་འོད་པོ་ཆེ། །མངོན་པར་གསལ་བྱེད་རྟ་ལྗང་ཤིང་རྟ་ནི། །བསོད་ནམས་དཔུང་ལས་གཞན་པ་སུ་ཞིག་དམིགས། །དམ་པའི་རྣམ་ཐར་རྣམ་དཀར་རྒྱུ་འབྲས་ཀྱི། །རང་བཞིན་ཡིད་ལ་འགྲོགས་པས་ཡིད་དུལ་ཞིང་། །རྟག་ཏུ་བརྟུལ་ཞུགས་སྙིང་བོར་མཉམ་བཞག་པའི། །སྐྱེས་བུ་བྲན་དུ་གྱུར་ཀྱང་ལྷ་མིའི་གཙོ། །ཞེས་པ་ཡང་བར་སྐབས་སུ་ཚིགས་སུ་བཅད་དེ་སྨྲས་སོ། །
  
                           རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།                           
     གསལ་འདེབས།                                                                             
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།                                                                                 
   དྲ་བའི་སྦྲེལ་ཐགhttp://www.tb1025.cn                                


བརྒྱུད་འགོད།