བླ་བྲང་གདན་རབས་གཉིས་པ་ཐུགས་སྲས་ངག་དབང་བཀྲ་ཤིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-14 09:01:44     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

 

 

 །

微信图片_20180504112159.jpg

             

 །གདན་རབས་གཉིས་པ་འཇམ་མགོན་སྨྲ་བའི་དབང་ཕྱུག་ངག་དབང་བཀྲ་ཤིས་དཔལ་བཟང་པོ་ནི་མདོ་སྨད་རེབ་གོང་གི་སའི་ཆ་བསེའི་ཉ་ལུང་ཞེས་པར་ཡབ་རིན་ཆེན་སྐྱབས་དང་།ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་འཁྲུངས།ཆུང་ངུའི་དུས་ནས་རྩིས་མཁན་ཞིག་གིས་སེར་གོས་གྱོན་དགོས།་ཞེས་པ་ལྟར་ན་བཟའ་དཀར་བོ་ནབ་མ་མྱོང་གསུངས་ཤིང་།སྐུ་རྩེད་མཛད་པ་ན་ཡང་ས་རྡོ་མང་པོ་བསྒྲིགས་ཏེ་གནས་བརྟན་བཅུ་དྲུག་ཡིན་ཟེར་ནས་ཕྱག་མཆོད་བྱེད་པ།མ་ཎི་པ་ཡིན་ཟེར་ནས་བྱིས་པ་མང་པོ་ལ་མ་ཎི་བསྐུལ་བ།ཕྱག་དབང་འཇོག་པ། །ཁྲི་ལ་བཞུགས་ནས་ཕྱོགས་སུ་བཀྲ་ཤིས་བརྗོད་པའི་ཚུལ་སོགས་དམ་པའི་སྤྱོད་ཚུལ་ངང་གིས་བརྟས།དེ་དུས་ལྟ་བའི་བག་ཆགས་རང་འཁྲུངས་སུ་ཡོད་ཅེས་ཞལ་བཞེས་མཛད་སྣང་སྟེ།ཕྱིས་སུ་གྲྭ་སློབ་འགའ་ཞིག་ལ་ཁྱེད་ཚོས་ལྟ་བ་ཚོལ་འདོད་ན་དགག་བྱ་ངོས་འཛིན་ལ་འབད་དགོས།དགག་བྱ་བདེན་གྲུབ་བཀག་པའི་སྟོང་བ་མ་ཤར་བར་སྟོང་སང་ཕལ་བ་རེ་ཤར་ཡང་དོན་ཆུང་།ང་རང་བྱིས་པའི་དུས་ཕྱུགས་རྫི་རྣམས་ཀྱིས་མེ་འབུད་པ་ལ་འདི་ཅི་ཡིན་དྲིས་པས།མེ་ཡིན་ཟེར།དེ་ངས་ཀྱང་ཤེས་མོད།མེ་ཟེར་དོན་ཅི་ཡིན་དྲིས་པས་མི་ཤེས་ཟེར།དེ་བཞིན་དུ་ས་རྡོ་རི་བྲག་གང་ལ་ཡང་རང་མིང་དེ་མི་འབྱར་བ་ཞིག་ཡོད།ཡང་བདག་གི་ཁུ་བོ་ཞིག་རྟ་ལ་སྒ་སྒྲོན་གྱིན་འདུག་པར་འདི་ཅི་ཡིན་དྲིས་པས་རྟ་ཡིན་ཟེར།འདིའི་མགོ་རྐང་ལག་གང་ལ་རྟ་ཟེར་པ་ཡིན་སྙམ་བསམ་བློ་བཏང་བས་རྟ་དེ་མེད་སོང་བ་ལྟ་བུ་ཞིག་བྱུང་།དེ་ནས་བཟུང་སྟེ་སྣང་བ་དེ་རྒྱུན་དུ་འཆར་ཞིང་།ཕྱིས་སུ་སྐབས་འགར་སྲིད་རྩེ་ནས་མནར་མེད་ཀྱི་བར་འདི་ཐམས་ཅད་སྟོང་ཆམ་གྱིས་སོང་བའི་སྣང་བ་བརྒྱ་འགྱུར་དུ་ཤར་ཡང་དེ་ལྟ་བའི་ཕྱོཊ་ན་ཡང་མི་འདུག་གསུངས།འོ་ན་ལྟ་བ་ནམ་བརྙེས་ཞུས་པས།བུངྷ་པཱ་ལི་ཏའི་ཚིག་གཅིག་གསུངས་ནས་རྗེ་རིན་པོ་ཆེ་དང་།སྐུ་ཕྱོགས་ནས་ཀྱང་ཚིག་འདིའི་སྟེང་ནས་ལྟ་བ་བརྙེས་པའི་ཚུལ་གནང་བས།ངས་ཀྱང་བྱིན་རླབས་ཀྱི་ཁྱད་བསམ་ནས་ཚིག་དེ་ལ་ཡང་ཡང་དཔྱད་པས་སེམས་ལ་ཕན་པ་ཞིག་བྱུང་གསུངས།ཚིག་གང་ཡིན་ངག་རྒྱུན་ལ་མི་གསལ་ཡང་།ལྕང་སྐྱ་རྡོ་རྗེ་འཆང་ནས། །རྗེ་རིན་པོ་ཆེས་རྩ་ཤེའི་རབ་བྱེད་བརྒྱད་པའི།བརྟེན་ནས་འབྱུང་བ་མ་གཏོགས་པ།ཞེས་སོགས་ཀྱི་ཐད་བུངྔྷ་པཱ་ལི་ཏའི་འགྲེལ་བར་གཟིགས་ནས་སྟོང་ཉིད་རྟོགས་པ་ཡིན་པ་འདྲ།རྩ་ཤེའི་ཊཱིཀ་ཆེན་དུ་ལུང་དེ་ལན་མང་པོ་འདྲེན་པར་མཛད་འདུག་ཅེས་གསུངས་པར་སྐྱབས་མགོན་རྡོ་རྗེ་འཆང་ནས་གསུངས།གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དངོས་སློབ་མགར་གོང་ཚེ་བརྟན་རྒྱ་མཚོའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་མཛད་ནས་མཚན་སྦྱིན་པ་རྒྱ་མཚོར་གསོལ།ལོ་བཅུ་དྲུག་པ་ལ་ཡུལ་དབུས་སུ་བྱོན།པཀྲ་ཤིས་སྒོ་མང་གི་ཆོས་གྲྭར་དཔོན་སློབ་དོན་གྲུབ་རྒྱ་མཆོའ་ིདྲུང་དུ་བསྡུས་གྲྭའི་ཚིག་བཞག་མནོས།ཆོས་གྲྭར་ཞུགས་ནས་ཆེར་མ་འགྱངས་པར་བགྲོ་གླེང་ལེགས་པར་མཛད་ཐུབ་པ་བྱུང་།དང་པོར་བུམ་པའི་ལྡོག་པ་བུམ་པ་དང་མི་འགལ་ཚུལ་ལ་དཔྱད་ཚུགས་པ་ནས་རིམ་གྱིས་རིགས་ལམ་ལྷག་མ་ཐམས་ཅད་ལ་དཔྱོད་ཚུགས་པ་ད་ང་།མྱུར་དུ་རྟོགས་པ་བྱུང་ཞིང་འདི་ནས་བཟུང་སྟེ་འཇམ་པའི་དབྱངས་ཀྱི་གཟིགས་སྣང་ནམ་འདོད་དུ་འཆར་བ་ཞིག་ཡོད་པར་རྗེ་ཉིད་ཀྱི་དངོས་སློབ་དགེ་བཤེས་བསྟན་འཛིན་རྒྱ་མཚོས་མཛད་པའི་ནོམ་ཐར་བདུད་རྩིའི་ཆར་འབེབས་ལས་བཤད། དགུང་ལོ་བཅུ་བདུན་པར་རིགས་སྨྲ་བྱེ་བའི་མདུན་ས་སྟག་ཚང་རྭ་བ་སྟོད་དུ་ཕེབས།རྗེ་རིན་པོ་ཆེས་གསན་སྦྱོང་མཛད་སྐབས།ཡོད་རྟོགས་མེད་རྟོགས་ཀྱི་བརྩི་བཞག་སྐྱོར་བཞིན་ཤིང་སྡོང་གཅིག་ལ་སྐོར་བ་མཛད་པས།ཤིང་སྟེང་དུ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་སོགས་ཀྱི་ཡིག་འབྲུ་ཕེབས་པ་སྙིང་བོར་བྱས་ནས་འབུམ་ལྟ་བུ་ཞིག་བཞེངས་པ་ལ་རྗེའི་རྟག་པར་རྟོགས་པའི་ཚད་ཁང་དུ་གྲགས།དེ་ལ་སྐོར་བ་བྱེད་སྲོལ་ལྟར་རྗེ་འདིས་ཀྱང་ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་རིང་ལ་འཛིན་གྲྭ་གསུམ་གྱི་ཚིག་བཞག་ཐུགས་འཛིན་གནང་སྟེ་བསྡུས་ཚན་རེ་རེ་ཡང་གྲངས་བཟུང་ནས་བརྒྱ་སྟོང་སོགས་ཀྱི་བར་དུ་སྐྱོར་སྦྱང་བྱས་ཤིང་ཞབས་ལ་ཁྲག་རྡོལ་གྱི་བར་དུ་རྟག་པར་རྟོགས་པའི་ཚད་ཁང་ལ་སྐོར་བ་མཛད་པ་སོགས་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་པས་བློ་གསལ་བྱེ་བའི་དབུས་ན་ལུང་རིགས་སྨྲ་བ་ལ་ཟླ་མེད་པའི་གོ་འཕང་བརྙེས། འདི་སྐབས་ཚད་མ་སྡེ་བདུན་གྱི་དོན་ཐམས་ཅད་དེའི་ཚིག་ཉུང་ངུ་རེའི་ནང་དུ་ཡང་སྡུད་ཐུབ་པ་དང་།ཚིག་རེ་རེས་ཀྱང་དོན་ཡོངས་རྫོགས་རེ་ཟློས་སྐྱོན་མེད་པར་འཆད་ཐུབ་པ་སོགས་ཉམས་འོག་ཏུ་ཚུད་པ་ཞིག་བྱུང་གསུངས།སླར་བཀྲ་ཤིས་སྒོ་མང་དུ་ཕེབས་ཏེ་དཔོན་སློབ་འོད་ཟེར་རྒྱ་མཚོའི་དྲུང་ནས་སྐབས་བརྒྱད་ཀའི་ཚིག་བཞག་ཡོངས་རྫོགས་དང་། །དབུ་མ་ཡང་གསན་ཅིང་ཕར་ཕྱིན་གདོང་ལྔའི་སྒྲ་དབྱངས། ཉི་ཐང་བའི་དབུ་མའི་ཟུར་བཀོལ།སྟག་ལུང་གྲགས་པའི་དབུ་མ་ཡོངས་རྫོགས་བཅས་ཐུགས་འཛིན་མཛད།གཞུང་སར་གདོང་ལྔའི་སྒྲ་དབྱངས་ཀྱི་རྒྱུགས་ཕུལ་བར་གོང་ས་དྲུག་པ་རིན་པོ་ཆེས་ཐུགས་དགྱེས་པའི་གསུང་དང་གནང་ཆ་ཡང་བསྩལ།ཡང་བསྐྱར་འཛིན་གྲྭ་གཤམ་དུ་བབས་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲུང་ནས་དབུ་མ་ཡོངས་རྫོགས་ཀྱི་བརྩི་བཞག་བཤད་པ་དང་བཅས་གསན་ཅིང་།ལུང་རིགས་གཏེར་མཛོད་ཀྱི་སྨད་ཆ་ཡོངས་རྫོགས་དང་།སྟོད་ཆ་སེམས་བསྐྱེད་གསུམ་པའི་བར་དུ་ཐུགས་འཛིན་མཛད།དེ་དུས་སྐྱོར་སྦྱང་དཔེ་གཟིགས་ཕྱག་སྦྱངས་མཆོད་འབུལ་སོགས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་གཞོལ་བས་སྐུ་ཟླ་བློ་བཟང་དར་རྒྱས་ཀྱིས་ཁྱོད་འདི་ལྟར་འབད་པའི་དགོས་པ་ཅི་ཡིན་ཞེས་དྲིས་པ་ལ་འཛུམ་པ་ཞིག་མཛད་ནས་ལྟ་བའི་བག་ཆགས་ཨེ་ཐེབས་ཡིན་ཞེས་གསུངས་པ་ཁོ་རང་གི་ངག་རྒྱུན་ཐོས་ཤིང་།མནལ་ལམ་དུ་བྱ་རྒོད་ཕུང་བོའི་རིར་ཡང་ཡང་སླེབས་པ་དང་།གཙུག་ལག་ཁང་ཞིག་ན་ཀླུ་སྒྲུབ་བཞུགས་པའི་མདུན་དུ་སླེབས་ཀྱང་དར་དཀར་གྱི་ཡོལ་བ་ཞིག་གིས་བསྒྲིབས་འདུག་པ་སོགས་ཡང་ཡང་རྨིས་པ་རྗེ་གོང་མའི་དྲུང་དུ་ཞུས་པར་ཁྱོད་ལ་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགཡ་པའི་སྐལ་བ་ཡོད་པར་སྣང་ཞེས་གསུངས།དེ་ལྟར་སྦྱངས་པས་དགུང་ལོ་ཉེར་དྲུག་གི་ཚེ་ལྟ་བ་འཁྲུལ་མེད་དུ་རྙེད་པར་རྣམ་ཐར་ལས་གསུངས་སོ། །འདུལ་མཛོད་ལ་ཡང་ཡིག་ཆ་གསར་བའི་ཐལ་ཕྲེང་ཡོངས་རྫོགས་དང་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་སོགས་ཐུགས་འཛིན་མཛད་ནས་ཞིབ་ཏུ་སྦྱངས་ཤིང་གསང་ཕུར་དཀའ་བཅུའི་མཚན་བཏགས་ཀྱང་མཛད།ཐུགས་གཉེར་གྱི་སྐབས་འདི་དག་ཏུ་ནུབ་གཅིག་ལ་བརྩི་བཞག་མཚན་སྐྱོང་།ནུབ་གཅིག་ལ་སྔ་ཐུན་ལྟུང་བཤགས་གསུངས་ནས་ཕྱག་སྦྱང་དང་།ཕྱི་ཐུན་ཅུང་ཟད་རེ་གཟིམས།དེའི་ཕྱི་ནུབ་ཡང་བརྩི་བཞག་མཚན་སྐྱོང་མཛད་པ་སྟེ་ནུབ་རེས་མོས་ཀྱིས་རྒྱུན་མི་འཆད་དང་།རྭ་སྐོར་དུ་མཚན་སྐྱོང་གི་ཚེ་གཟིམས་དཀྲོག་པའི་ཆེད་དུ་ཕ་བོང་ཆེན་པོ་ཞིག་ལ་རྡོ་ཞིག་གིས་རྡེག་བཞིན་དུ་བརྩི་བཞག་སྐྱོར་བས་ཕ་བོང་དེ་རྡོ་སྣོད་ཆེན་པོ་ལྟ་བུ་ཞིག་ཏུ་སོང་བ་ད་ལྟ་ཡང་ཀླུ་འབུམ་ཁང་ཚན་ན་ཡོད་ཅེས་བདག་གི་བླ་མ་ཁྲི་ཆེན་བསོད་ནམས་གྲགས་པའི་ཞལ་ནས་དངོས་སུ་ཐོས།ཡང་གཟིམས་སྤྱིལ་ནང་དུ་མཚན་སྐྱོང་གི་ཚེ་མགྲིན་པ་ལ་ཐག་པ་བཏགས་ནས་ལྕམ་གྱི་གསེབ་ཏུ་བཏགས་པའི་ཐག་པ་དང་མཆར་བུས་སྦྲེལ་ཏེ་བསྟོད་༼བརྟོད༽ནས་བརྩི་བཞག་སྐྱོར་བར་མཛད་པས་མགྲིན་པ་ཤ་རྨེན་དུ་སོང་ཡོད་པར་ཞལ་སློབ་གྲྭ་རྒན་རྣམས་གླེང་།ལན་གཅིག་བསྙུང་གཞི་དྲག་པོ་བྱུང་སྟེ་ཀུན་གྱིས་མི་འཚོ་བར་ཐག་བཅད་དེ་འབྲས་སྤུངས་དགེ་འཕེལ་དུ་ཀུན་མཁྱེན་གོང་མའི་དྲུང་དུ་སྐྱབས་འཇུག་ཞུ་བར་བཏང་བས་དགྱེས་བཞིན་དུ་སྲུང་མདུད་དང་བུམ་ཆུ་གནང་།ཚུར་འོང་དུས་ཕྱི་དབུགས་ཆད་ནས་མལ་སོགས་སྤོས་ཚར་ཀྱང་སྲུང་མདུད་བཅིངས་བུམ་ཆུ་ཁར་བླུགས་མ་ཐག་དྲན་པ་རྙེད་ཅིང་དབུགས་རྒྱུ་བ་བྱུང་།ཕྱིས་སུ་ཀུན་མཁྱེན་མཆོག་ནས་བཀའ་བཀྱོན་གནང་དུས་ཤིག་ཁྱོད་ངས་བར་དོ་ནས་ཁྲིད་འོང་བ་ཡིན་གསུངས།དེ་དུས་མི་ལ་རས་པ་གཉིས་པ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་འཕྲིན་ལས་རྒྱ་མཚོ་དབུས་སུ་བྱོན་ཡོད་པས་རྗེ་འདི་བ་བསྙེན་རྫོགས་མ་ཐོབ་པར་འཆི་བ་ལ་སེམས་འཚེར་བ་གསན་ནས་ཆོས་གོས་ཤིག་གནང་།མིང་ལ་དགེ་སློང་ངག་དབང་བཀྲ་ཤིས་ཞེས་བཏགས་པ་ཡིན་གསུངས།གོང་གསལ་ལྟར་དྲན་པ་རྙེད་མ་ཐག་མཆེད་གྲོགས་རྣམས་ཀྱིས་དགེ་སློང་ངག་དབང་བཀྲ་ཤིས་ཞེས་འབོད་པ་སོགས་ཀྱི་རྟེན་འབྲེལ་བསྒྲིགས་པ་ལྟར་མ་འགྱངས་པར་ཀུན་མཁྱེན་མཆོག་གི་དྲུང་དུ་བསྙེན་པར་རྫོགས་ཤིང་མཚན་ཡང་ངག་དབང་བཀྲ་ཤིས་ཞེས་གསོལ།དགུང་ལོ་ཉེར་དགུ་བར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས།སོ་སོ་སྐྱེ་བོའི་བློ་ལ་ངེས་པ་མེད་པས་དམ་བཅའ་ཞིག་བྱེད་དགོས་དགོངས་ཏེ་སྔགས་ཀྱི་སློབ་གཉེར་གཤའ་མ་ཞིག་མ་བྱུང་བར་དུ་རྣམ་རྟོག་གཞན་གྱིས་མཚམས་བཅད་ན་ཆོས་སྐྱོང་གིས་ཚར་ཆོད་ཅེས་དམ་བཅའ་མཛད།ཊཱིཀ་ཆུང་གི་སྐྱོར་དཔོན་མཛད་དེ་ལོ་དེར་ཊཱིཀ་ཆུང་ལེའུ་དགུ་བའི་མཚམས་སྦྱར་བར་དང་།དེའི་ཕྱི་ལོ་ཊཱིཀ་ཆེན་ཡོངས་རྫོགས་ཐུགས་འཛིན་གནང་།མཁས་ཤིང་གྲུབ་པའི་དབང་ཕྱུག་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་དྲུང་དུ་བདེ་གསང་སོགས་རྒྱུད་སྡེ་དུ་མ་ལ་གསན་བསམ་རྒྱ་ཆེན་པོ་མཛད་པས་གསང་སྔགས་རྡོ་རྗེ་ཐེག་པའི་གནད་ལ་འཕྱུག་མེད་ཀྱི་གཟེར་ཐེབས་པ་བྱུང་།ཁྱད་པར་ཁྲི་ཆེན་དེ་ཉིད་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་རྣམ་གཉིས་ཀྱི་དྲུང་དུ་འགྲེལ་བ་བཞི་སྦྲགས་ཀྱི་གཟབ་བཤད་ལན་མང་པོར་གསན་པས་ཕྱིས་མདོ་སྨད་བཀྲ་ཤིས་འཁྱིལ་དུ་རྒྱུད་ཀྱི་བཤད་པ་གནང་སྐབས་ས་ཁུངས་བསྒྲིག་ལུགས།ས་བཅད་འགྲེམ་ཚུལ།རྒྱུད་དོན་འགྲེལ་རྐྱང་གིས་རྫོགས་མི་རྫོགས།ཁ་སྐོང་ཡོད་མེད་ཀྱི་ཁྱད་པར།མཆན་སྦྲགས་ཚུལ་བྱ་རྐང་མ་དང་མཐིང་རྐང་མ་དང་།འཕར་མ་སོགས་སྔོན་གྱི་སྔགས་པ་རྒན་པོ་དུ་མའི་སྤྱོད་ཡུལ་དུ་མ་གྱུར་བའི་ལེགས་བཤད་ཀྱི་བགོ་སྐལ་རྒྱ་ཆེར་བསྩལ་སྣང་།དེ་ཀའི་ཞར་ལ་འདོན་རྟ་དབྱངས་གར་ཐིག་སོགས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཞིབ་པར་སྦྱངས་པས་རྒྱུད་ཀྱི་གྲྭ་པ་རྒན་གཞོན་ཚང་མས་དད་གུས་ཀྱི་བསེར་བུས་བསྐྱོད་པའི་བསྔགས་བརྗོད་མགྲིན་པའི་དྲིལ་ཆུང་རང་འཁྲོལ་དུ་གྱུར།ཆུ་མིག་ལུང་དུ་རིམ་ལྔའི་དམར་ཁྲིད་བསྐྱངས་སྐབས་རླུང་གེགས་ཅུང་ཟད་བྱུང་ཡང་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་དྲག་ཏུ་བཏབ་པས་ཉ་གཅིག་འོག་སྒོ་ནས་ཞུགས་པའི་སྣང་བ་བྱུང་སྟེ་གེགས་ལས་གྲོལ།དེ་ནི་ཨ་བ་ངྷུ་ཏཱི་༼ཝ་ངྷཱུ་ཏཱིའི་༽ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་འོད་གསལ་གྱི་ཉི་མ་འཆར་བའི་སྔ་ལྟས་སུ་གསང་སྔགས་མཁྱེན་པ་རྣམས་གསུངས།ཆོས་གྲྭར་ཕེབས་པའི་སྔ་ཕྱི་འདི་དག་ཏུ་ཆོས་བཀའ་ཡང་མང་དུ་གསན་ཅིང་ཁྱད་པར་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་རིགས་ཀྱི་ཅོད་པན་དུ་བཟུང་སྟེ་ལམ་རིམ་ཆེན་མོའི་བཤད་ལུང་།བསླབ་བཏུས་དང་སྤྱོད་འཇུག་གི་བཤད་པ།བདེ་ལམ་དང་འཇམ་དཔལ་ཞང་ལུང་གི་ཁྲིད།དབུ་མའི་ལྟ་ཁྲིད།དབེན་ས་ལུགས་ཀྱི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་སོགས་གསན་ཅིང་།བཀའ་པོཏ་ལྔའི་དཀའ་གནད་སོ་སོར་དཔེ་ཁྲིད་དོགས་གཅོད་དྲི་གཏུག་ཡང་ཡང་མཛད་པས་ཀུན་མཁྱེན་མཆོག་ཀྱང་ཡོན་ཏན་གྱིས་ཐུགས་ཁེངས་པའི་དགྱེས་ཉམས་ཆེ་བ་དང་།སྔོན་ཨ་མ་ལབ་སྒྲོན་གྱི་སྤྱན་སྔར་ཐུགས་སྨོན་མཛད་པའི་འབྲས་བུ་སྨིན་པའི་དུས་བབས་བཅས་དགུང་ལོ་སོ་གཉིས་པར་ཀུན་མཁྱེན་རིན་པོ་ཆེའི་ཞབས་ཕྱིར་མདོ་སྨད་དུ་བྱོན།ལམ་བར་དུ་ཕྱག་གཡོག་གང་དགོས་ཞུས་པའི་ཞར་ལ་ཉིན་མོ་མདོ་སྔགས་ཀྱི་དཀའ་གནད་ལ་དོགས་གཅོད་དང་།མཚན་མོ་གཟིམས་གུར་ལ་ཕྱག་སྐོར་གྱི་ངང་ནས་པོ་ཏི་ལྔའི་སྐྱོར་སྦྱངས་མཛད་པས་སྔར་ལས་ཀྱང་དགྱེས་པ་དཔག་མེད་མཛད།འདི་སྐབས་རྟའི་སྒྱོག་བཀྲོལ་བ་ཙམ་ཡང་བླ་མའི་བསྙེན་བཀུར་ཡིན་པས་ཚོགས་བསགས་སྙམ་དུ་དྲན་ཤེས་ཀྱིས་ཟིན་པར་བྱས་པ་ཡིན་ཞེས་ཞལ་ནས་གསུངས།ཕྱིས་སུ་མདོ་སྨད་དུ་བྱོན་ནས་ཀྱང་ཀུན་མཁྱེན་ཆེན་པོ་སྐུ་མ་འདས་ཀྱི་བར་དུ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱས་ཏེ་མདོ་ཕྱོགས་བརྒྱད་སྟོང་དོན་བསྡུས།འཕགས་སེང་གི་སྣང་བ་གཉིས།བྱམས་ཆོས་ལྔ།འཇུག་པ་རང་འགྲེལ།ཚད་མ་མདོ་སྡེ་བདུན་དང་བཅས་པ་སོགས་གཞུང་ཆེན་དུ་མའི་བཤད་པ་དང་།ཁྲིད་ཆེན་བརྒྱད་དང་མན་ངག་གསུམ་སོགས་སྲད་རྒྱུད་རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་རྣམས་བུམ་པ་གང་བྱོའ་ིཚུལ་དུ་གསན་པས་མཁས་གྲུབ་ཐམས་ཅད་མཁྱེན་པས་རྗེ་རིན་པོ་ཆེ་ཉིན་མོ་རྒྱུད་སྡེའི་བཤད་པ་དང་།མཚན་མོ་བསྐྱེད་རྫོགས་ཀྱི་ཁྲིད་གསན་པའི་རྣམ་ཐར་གྱི་དཔེ་ཟླ་ཞིག་མཛད་པ་ཡིན་སྣང་སྟེ།རྗེ་ཉིད་ཀྱི་གསུང་ལས།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྗེའི། །ཞབས་ཟུང་པདྨོ་གང་ལ་རེག་པའི་རྡུལ། །ཡིད་གཉིས་གྱ་གྱུ་མེད་པར་སྙིང་དཀྱིལ་ནས། །ཡང་དག་གུས་པས་སྤྱི་བོའི་གཙུག་ཏུ་བླངས། །འབད་པ་དུ་མས་ཡུན་རིང་མཉེས་བྱས་པས། །ལེགས་བཤད་བདུད་རྩིས་སྙིང་གི་བུམ་པ་གང་། །དེ་ཚེ་རྣམ་དཔྱོད་རྟ་བདུན་འོད་པོ་ཆེས། །གཞུང་ལུགས་པད་ཚལ་འདབ་མ་འབུམ་ཕྲག་རྒྱས། །ཞེས་དང་།རྟེན་འབྲེལ་གྱི་མཐའ་དཔྱོད་ཆེན་མོའི་མཇུག་ཏུ་ཡང་།སྔོན་བསགས་ལེགས་སྨོན་བསོད་ནམས་མི་དམན་པས། །འཇམ་དབྱངས་བླ་མའི་ཞབས་པད་གུས་བསྟེན་ནས། །ལེགས་བཤད་འཚོལ་ལ་སྒྲ་དབྱངས་སྲས་པོ་དང་། །རྒྱལ་སྲས་ནོར་བཟང་ཟླར་གྱུར་ཁོ་བོས་བྱས། །ཞེས་གསུངས་པ་ལྟར་རོ། །ལྕགས་སྟག་གི་ལོ་གྲྭ་ཚང་གསར་ཚུགས་སྐབས་སུ་དགེ་བསྐོས་མཛད་ནས་གསར་བུ་རྣམས་ལ་ཞྭ་མོ་ཟླ་གམ།གཟན་ཤམ་སོགས་གྱོན་ཚུལ།ཚོགས་ཆོས་གྲྭའི་ཀུན་སྤྱོད་སོགས་གང་ཅི་ཐབས་མཁས་ཀྱི་སྒོ་ནས་སློབ་པར་མཛད་པས་གསར་བུ་རྣམས་དགེ་བསྐོས་འདི་རང་རེའི་ཕ་དང་འདྲ་བར་འདུག་ཟེར་ནས་གུས་ཞེན་ཆེ་བར་བྱུང་།ལོ་དེའི་སྟོན་ཀར་ཀུན་མཁྱེན་ཆེན་པོ་ཉིད་ནས་རང་གིས་སྒོ་མང་ཆོས་གྲྭར་བཞེས་འཕྲོའི་རས་བེར་དང་ཞྭ་མོ་བཅས་གནང་ནས་ཁྱོད་རང་བླ་མ་གྱིས་ལ་འདི་དག་གྱོན་ཏེ་ཆོས་ཁྲིའི་སྟེང་ནས་བརྩི་བཞག་ཐོངས་ཞེས་བཀའ་ནན་མཛད་པ་ལྟར།དེ་ནས་བཟུང་སྟེ་དགུང་ལོ་རེ་གཅིག་པ་ས་རྟའི་བར་དུ་འཆད་ཉན་མཛད་ཅིང་།དགོན་པ་གསར་ཚུགས་ཀྱི་ལྕགས་སྟག་ནས་ས་ཁྱིའི་བར་ལོ་དགུའི་རིང་ལ་ཆོས་ཐོག་ཏུ་མ་ཟད་ཆོས་མཚམས་ལ་ཡང་བརྩི་བཞག་ཆག་མེད་དུ་བཏང་ནས་ལོ་དྲུག་གི་ཁོངས་སུ་འཛིན་གྲྭ་བཅུ་གསུམ་ལ་པོ་ཏི་ལྔའི་འཆད་ཉན་ཚུགས་ཐུབ་པ་བྱུང་།བརྩི་བཞག་ལ་ཡང་རྗེ་གོང་མའི་ཕར་ཕྱིན་གྱི་ཡིག་ཆ་སྐབས་དང་པོ་ནས་བརྒྱད་པའི་བར་ཡོངས་རྫོགས་ཀྱི་བརྩི་བཞག་ལན་མང་པོ་སོང་ཞིང་།བརྩི་བཞག་དང་སྦྲགས་ནས་དཀའ་གནས་ལ་གསུང་བཤད་ཉིན་རེ་བཞིན་མཛད་པས་སྐབས་བརྒྱད་ཀའི་གསུང་བཤད་ཟིན་བྲིས་སུ་བྱས་པ་དང་།སྐབས་དང་པོ་གསུམ་གྱི་གསུང་བཤད་ཟིན་བྲིས།གཞུང་ཚན་སོ་སོའི་ཟིན་བྲིས་ཐོར་བུ་ཤིན་ཏུ་མང་བར་སྣང་།དེ་ཡང་ཡིག་ཆའི་སྐབས་བདུན་པའི་དཔེ་མཚོ་སྡོན་གྱི་དུས་འཁྲུགས་སྐབས་རྗེ་གོང་མའི་དྲུང་ཡིག་ལྷ་དབང་པི་ཆི་ཇིའི་དཔེ་ཆའི་གསེབ་ནས་གཞན་དུ་འཁྱར་ཏེ་དཔེརྒྱུན་མ་བྱུང་སྟབས་འཇམ་མགོན་ཁྲི་རིན་པོ་ཆེས་ད་ལྟའི་སྐབས་བདུན་པ་འདིས་ཁ་བསྐངས་པ་ཡིན་པར་བདག་གི་བླ་མ་ཁྲི་ཆེན་བསོད་ནམས་དབང་རྒྱལ་བས་གསུངས་པས།ད་དུང་ཀུན་མཁྱེན་མཆོག་གི་གསུང་ལ་ཡུན་རིང་དུ་འདྲིས་པའི་ཉམས་རྒྱུས་ཅན་རྣམས་ཀྱིས་འབད་པ་ཆེན་པོས་ཚོལ་བར་བྱའོ། །ཟུར་བཀོལ་ལ་ཡང་སྐབས་སྐབས་སུ་བརྩི་བཞག་འགྲོ་གང་ཆེ་དང་གསུང་བཤད་གནང་ཞིང་བརྩི་བཞག་དང་བསྟུན་ནས་ཆོས་མཚམས་སྐབས་སུ་རྩོད་པ་བྱེད་བཅུག་པས་ཟུར་བཀོལ་བཞིའི་གསུང་བཤད་ཟིན་རིས་སུ་བྱས་པ་ཤིན་ཏུ་ལེགས་པ་རེ་དང་ཟིན་བྲིས་ཐོར་བུ་མང་དུ་ཡོད་ལ།དབུ་མ་ཡང་ལུང་རིགས་གཏེར་མཛོད་ཀྱི་སྟོད་ཆ་སྨད་ཆ་ཡོངས་རྫོགས་ཚིག་བཞག་ལ་བཏང་ནས་གསུང་བཤད་ཞིབ་རྒྱས་མཛད་པས་ཟིན་བྲིས་ཐོར་བུ་ཤིན་ཏུ་མང་ཞིང་།ཁྱད་པར་དུ་བར་སྐབས་ཤིག་འགྱང་རོ་སྤྲུལ་སྐུ་ངག་དབང་བསྟན་འཛིན།གསེར་ཁ་བ་བསོད་ནམས་རྒྱ་མཚོ།རྐང་ཚ་ངག་དབང་མཁྱེན་རབ།དབལ་མང་བློ་བཟང་དོན་གྲུབ།གླིང་དོན་གྲུབ་རྒྱ་མཚོ།རྔ་བ་རབ་བརྟན་རྒྱ་མཚོ།རྔ་བ་ཆོས་སྐྱོང་རྒྱ་མཚོ།འབེ་བསྟན་འཛིན་རྒྱ་མཚོ།རྔ་བ་གོ་ཐོབ།ངོ་བ་མཁར་དཀར་མཁར་ནག་གཉིས།རབ་འབྱམས་པ་ཀུན་དགའ་བཀྲ་ཤིས།ད་ལྟ་བ་རིན་ཆེན་ཆོས་བཟང་།བསྟན་འཛིན་རྒྱ་ཡུ་མ།རབ་འབྱམས་པ་ངག་དབང་བསོད་ནམས་སོགས་དགེ་བཤེས་རྒན་གཞོན་དུ་མ་འཛིན་གྲྭ་གཅིག་ཏུ་བསྡུས་ནས་ཁྱེད་ཚོས་ལྟ་བ་ལ་དཔྱོད་ཨེ་ཚུགས་ལྟོས།ངས་ཀྱང་གང་ཤེས་བཤད་གསུངས་ནས་ལོ་གཅིག་ལ་ལུང་རིགས་གཏེར་མཛོད་ཡོངས་རྫོགས་བརྩི་བཞག་ལ་བཏང་སྟེ་གསུང་བཤད་ཞིབ་རྒྱས་བསྩལ་བར་དགེ་བཤེས་དེ་དག་ཀྱང་ཆོས་གྲྭ་འཆག་མེད་འགྲིམ་ནས་གསུང་བཤད་ཟིན་བྲིས།ནང་ཕན་ཚུན་གྱི་དོགས་གཅོད།ཡིག་ཆ་ཡོངས་རྫོགས་ཀྱི་སྐྱོར་སྦྱང་།བསགས་སྦྱངས་གང་དྲག་མཛད་པས་ཕལ་ཆེར་གྱིས་ཟབ་མོ་དབུ་མའི་གཞུང་ལ་ཚིག་སྤྱི་ཙམ་དུ་མ་སོང་བའི་གོ་བ་རྣམ་དག་རྙེད་དེ།རང་རང་གི་ལྟ་བའི་ཉམས་མགུར་དུ་བཞེས་པ་ལས་ཅི་རིགས་པ་ཞིག་མིག་ལམ་དུ་གྱུར།ཁྲི་རིན་པོ་ཆེ་ཉིད་ནས་ཀྱང་ལྟ་བའི་ཚོགས་ཆ་ཚང་བའི་སྒོ་ནས་མྱོང་བ་འདོན་ཚུལ་གྱི་གསུང་མགུར་བསྩལ་པ་ནི་འདི་ལྟར།ལྷ་མཐུ་ལྡན་གཤིན་རྗེ་གཤེད་པོ་དང་། །མགོན་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །རྟགས་ངུར་སྨྲིག་གར་གྱི་རྣམ་རོལ་རྗེ། །ཕ་བཞད་པའི་རྡོ་རྗེར་གུས་པས་འདུད། །ཞབས་རྩིབས་སྟོང་བཀྲ་བའི་རི་མོ་ཅན། །བུ་དད་ལྡན་སྙིང་གི་པདྨོའི་མཚོར། །དུས་རྟག་རོལ་བཀའ་དྲིན་ཆེན་པོ་ཡིས། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཞེས་པ་ནས།ད་མཐའ་བྲལ་དབུ་མའི་རྣལ་འབྱོར་པས། །སེམས་སྐྱོ་བའི་ངང་ཚུལ་འདི་ལྟར་དྲན། །ཡང་དག་པའི་རིགས་པས་མཐར་འཛིན་གྱི། །བློ་འཁྲུལ་བའི་རྫུན་ཕུག་མ་རིག་ནས། །སེམས་ཆགས་སྡང་བཤན་པས་བཤའ་ལུག་བཞིན། །ལན་གྲབས་མེད་བསད་པའི་ཚུལ་ལ་སྐྱོ། །ལས་དགེ་སྡིག་སྐྱེ་འཆི་ས་ལམ་སོགས། །ཚུལ་གདོད་མའི་གཤིས་ལ་ཅུང་ཟད་ཀྱང་། །ཡོད་མྱོང་མིན་དེར་ངོ་མ་ཤེས་ནས། །སེམས་འཁྲུལ་ངོར་འཁོར་བར་འཁྱམས་ལ་སྐྱོ། །རིགས་འགྲོ་དྲུག་མཐོ་དམན་སྐྱིད་སྡུག་སོགས། །ནང་སེམས་ཉིད་བྱེད་པོར་མ་ཤེས་ནས། །ལས་ཕྱི་རོལ་བདེ་སྒྲུབ་སྡུག་སེལ་ཐབས། །ཤ་ཐང་ཐང་འབད་པའི་ཚུལ་ལ་སྐྱོ། །མཐུ་ནུས་པ་སྐྱེས་རྩལ་ཅི་ཡོད་ཀྱིས། །དགྲ་ངར་འཛིན་འཇོམས་པའི་ཐབས་ལ་འབད། །འདི་ཆོད་ན་ལྗོན་ཤིང་རྩ་བ་ལྟར།།སྲིད་འཁོར་བའི་ཉེས་སྐྱོན་མ་ལུས་ཟློག །གཞི་ཆོས་ཅན་ཀུན་རྫོབ་སྣ་ཚོགས་འདི། །གཅིག་ཏུ་བྲལ་རིགས་པས་རྣམ་དཔྱད་ན། །ནམ་ཐོ་རངས་མཐའ་ཡི་རྒྱུ་སྐར་བཞིན། །དུས་མྱུར་བར་ཆོས་ཀྱི་དབྱིངས་སུ་འགྲོ། །ཤུལ་དེ་ན་ལུས་པ་ཅི་ཡང་མེད། །གང་བལྟས་བལྟས་བར་སྣང་སྟོང་བ་བཞིན། །དོན་སྐྱེ་འགག་འཁོར་འདས་བདེ་སྡུག་སོགས། །ཆོས་ཆོས་མིན་མ་ལུས་རོ་མཉམ་ཡིན། །དབྱིངས་དེ་ལས་ལངས་པའི་རྗེས་ཐོབ་ན། །ལས་དགེ་སྡིག་རྣམ་སྨིན་སོ་སོ་དང་། །སྨན་རྩི་བཅུད་རྒྱུ་འབྲས་མ་འཆོལ་བར། །རྫུན་སྒྱུ་མ་བཞིན་དུ་ཅིར་ཡང་འཆར། །དེ་སྤྲུལ་པས་སྤྲུལ་པ་གཞན་སྤྲུལ་བཞིན། །ཡུལ་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས། །སྣང་བཞིནདུ་སྟོང་ཡང་སྟོང་བཞིན་སྣང་། །ངོ་མཚར་བའི་སྲིད་ཞིའི་ལྟད་མོ་འཆར། །དུས་ནམ་ཞིག་ཕྱི་ནང་རྐྱུ་རྐྱེན་གྱི། །མཐུ་ནུསཔ་བསླུ་བ་མེད་མཐོང་ཚེ། །འབྲས་ཆོགས་ཙམ་འདུས་ཙམ་རྟེན་འབྲེལ་གྱིས། །ཚུགས་མི་ཐུབ་རྫུན་གྱི་རང་མཚང་སྟོན། །དགྲ་དྭངས་མ་བདག་འཛིན་ཉོན་མོངས་མཐུས། །གནས་མཐོ་རིས་ངན་སོང་བདེ་སྡུག་སོགས། །བདེན་རང་བཞིན་ཅུང་ཟད་ཡོད་མིན་ཀྱང་། །ཀུན་རྨི་ལམ་འཁྲུལ་བ་ཇི་བཞིན་འཆར། །ཐབས་ཤེས་རབ་ཐུང་འབྲེལ་ཚོགས་བསགས་ལ། །སྒོ་དུ་མས་རྟག་ཏུ་འབད་པ་ན། །སྐྱབས་བསླུ་མེད་སངས་རྒྱས་གོ་འཕང་ནི། །རྫུན་སྒྱུ་མ་ཇི་བཞིན་ཐོབ་སྣང་འཆར། །ཞེས་སོགས་སོ། །འདི་སྐབས་ཀྱི་གསུང་བཤད་ཡོངས་རྫོགས་ཟིན་བྲིས་སུ་བྱས་པ་རྒྱས་བསྡུས་ཁ་ཤས་རང་གིས་དངོས་སུ་ཡང་མཐོང་ཞིང་།ཤིན་ཏུ་རྒྱས་པ་ཤོག་བུ་ལྔ་བརྒྱ་ཙམ་ལོངས་པ་ཞིག་ཀྱང་ཡོད་པར་སྐྱབས་མགོན་རྡོ་རྗེ་འཆང་ནས་གསུངས།གོང་གསལ་སློབ་མའི་ཁྲོད་ནས་ཁ་ཤས་ཀྱི་རྣམ་ཐར་སླར་གདན་རབས་ཀྱི་ཁྲོད་ནས་འཆད་པར་འགྱུར་ལ།འབེ་བསྟན་འཛིན་རྒྱ་མཚོ་ནི།ཏིང་ངེ་འཛིན་གྱི་གནས་ཆ་བརྟན་ཅིང་སྟོང་ཉིད་ཀྱི་ལྟ་བ་རྙེད་པ་ཞིག་ཡིན་པར་གླེང་།གནས་ཆ་བརྟན་སྐབས་འགའ་ཞིག་ཏུ་བཀྲ་ཤིས་འཁྱིལ་གྱི་གོ་སར་དབྱིབས་བཀོད་སོགས་དེ་ཅི་ལྟ་བ་བཞིན་ལ།རྒྱུ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ཞིང་ཁམས་ལྟ་ན་སྡུག་པ་ཞིག་ཡང་ཡངཤར་བ་ཁྲི་ཆེན་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བསྟན་རྒྱན་པར་ཞུས་པ་ལ་དོན་ལ་དེ་བཞིན་གནས་པ་རང་ཉིད་ཀྱིས་ཀྱང་གཟིགས་ཚུལ་གསུངས།འགའ་ཞིག་གིས་མོ་བརྟག་སོགས་ཞུས་ན་རླུང་ཅུང་ཟད་རེ་བཟུང་ནས་མཐོང་སྣང་ལྟར་གསལ་བར་བཤད་པ་དང་།ཆུང་དུས་རྨི་ལམ་དུ་སྦྲུལ་ཆེན་པོ་ཞིག་གིས་རང་གི་ལུས་ཁྱུར་མིད་དུ་བྱས་ཀྱང་མགོ་ཕྱི་རོལ་ཏུ་ཐོན་ཡོད་པ་རྨིས་ནས་ཀུན་མཁྱེན་གོང་མ་ལ་ཞུས་པར་ཧ་ཧ་མགོ་ཡང་མིད་ན་འདིར་མཆོག་གི་དངོས་གྲུབ་ཐོབ་རྒྱུ་ཡིན་པ་ལ་གསུངས།འདི་རྣམས་བདག་གི་བླ་མ་ཁྲི་ཆེན་བསོད་ནམས་གྲགས་པའི་ཞལ་ནས་དངོས་སུ་ཐོས།ཨ་རུ་ཧོར་ཆེན་དུ་ཕེབས་སྐབས་སླར་དགོན་པར་ཕེབས་མི་ཐུབ་པའི་མཚན་མ་གསལ་བར་ཤར་ཡང་།བསྟན་པའི་དོན་ཡིན་གསུངས་ནས་སྤྲོ་བཞིན་དུ་ཕེབས།བསྡུས་གྲྭ་གསར་རྩོམ་དང་བཅས་དགོན་པ་གསར་འདེབས་མཛད་པ་རིམ་གྱིས་མདོ་སྔགས་ཀྱི་གྲྭ་ཚང་དུ་མར་འཕེལ་བ་ད་ལྟ་གནས་བཞིན་པ་ལགས་སོ། །གསེར་ཁ་བ་དང་མཁྱེན་རབ་གཉིས་ཀྱང་མགོན་ཆོས་འཇིགས་གསུམ་གྱི་མན་ངག་ལ་ནང་བྱན་ཆུད་པ་བསྙེན་སྒྲུབ་རྟགས་ཐོན་པ་སོགས་ཀྱིས་ཆིང་་ཝང་གོང་མ་རྣམས་ཀྱིས་བཀུར་འདུག་ལ་གཉིས་ཀ་ཁྲི་རྒན་ཚང་གི་གདན་ས་འཛིན་པར་རེ་བའི་ཆོས་སྲིད་ཀྱི་འགྱིང་བག་ཅན་ཡིན་པར་སྣང་།བདག་གི་བླ་མ་སྙན་རྒྱུད་ཀྱི་མངའ་བདག་ངག་དབང་གྲགས་པ་རིན་པོ་ཆེ་དབུས་སུ་མ་བྱོན་གོང་དཔོན་སློབ་གསེར་ཁ་བའི་དྲུང་དུ་འཇིགས་བྱེད་ཀྱི་དབང་དང་།རིམ་གཉིས་ཆ་ལག་དང་བཅས་པ་གསན།དབུས་སུ་བྱོན་ནས་འབྲས་སྤུངས་སུ་བཞུགས་སྐབས།བླ་མ་བྱམས་པ་རིན་པོ་ཆེའི་དྲུང་ནས་བདེ་གསང་འཇིགས་གསུམ་གྱི་རིམ་གཉིས་ཀྱི་ཁྲིད་སྨིན་རྒྱས་ཡང་ཡང་ཞུས་ཤིང་།རྭ་སྒྲེང་རྒྱལ་བ་སྔགས་རམས་པའི་དྲུང་ནས་འཁྲུལ་འཁོར་སོགས་ཀྱི་ཁྲིད་ཞིབ་རྒྱས་གསན་པས།བདག་གི་བླ་མ་དེ་ཡང་ས་དབུས་གཙང་དུ་བཞུགས་ན་འདི་རྣམས་ལས་མི་དམན་པ་འདུག་སྙམ་པ་ཤར་གསུངས།སྐྱབས་མགོན་རྡོ་རྗེ་འཆང་མདོ་སྨད་དུ་བྱོན་མ་ཐག་ཏུ་བདག་གི་བླ་མ་རིན་པོ་ཆེ་ནས་སྔར་དབུས་སུ་མ་བྱོན་གོང་དུ་གསེར་ཁ་དཔོན་སློབ་རིན་པོ་ཆེར་ཆོས་འཔྲེལ་ཡོད་ཚུལ་སོགས་དང་བཅས་སྐུ་མདུན་དུ་འགྲོ་རྒྱུའི་དགོངས་པ་ཞུས་པས་ཐུགས་ཤིན་ཏུ་དགྱེས་ནས་དེ་ལེགས་པོ་བྱུང་འདུགཁྱེད་རང་ཡང་དང་ཡང་དུ་སོང་ལ་སྐུ་གོང་མ་ནས་བརྒྱུད་པའི་གདམས་ངག་སྔར་ཐོབ་པ་རྣམས་དག་ཐེར།མ་ཐོབ་པ་རྣམས་ནན་ཏན་དུ་ཞུས་ནས་ཞིབ་མོར་སློབས།ང་ལ་ཡང་དྲི་རྟོག་བྱེད་རྒྱུ་མང་པོ་ཡོད་གསུང་ནས་མཚམས་འདྲིའི་ཁ་བཏགས་ཀྱང་བསྐུར་བ་གནང་བཀའ་བཞིན་དུ་ཁོང་ཕར་ཕེབས་ཚུར་ཕེབས་སྐབས་རྡོ་རྗེ་འཆང་ནས་མན་ངག་གསུམ་དང་།ཕྱག་ལེན་གྱི་སྐོར་དུ་མར་དོགས་གཅོད་བཀའ་འདྲི་ཡང་ཡང་བསྐུར་བ་ལ་སྐུ་གོང་མ་ཡབ་སྲས་གཉིས་ཀྱི་གསུང་རྒྱུན་ལྟར་བཀའ་ལན་གནད་དུ་སྨིན་པ་ཡང་ཡང་ཕུལ་བས་ཐུགས་འཕྲོག་པ་བྱུང་གསུངས།རྗེ་གསེར་ཁ་བ་དེ་ཉིད་དགུང་ལོ་གྱ་བཞིའམ་གྱ་དྲུག་གི་སྐབས།རྡོ་རྗེ་འཆང་ཕྱོགས་དེར་ཕེབས་སྐབས་ཤིག་ཆེད་དུ་གཉེར་ནས་མཇལ་བར་ཕེབས།ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་སོགས་ཞུས།དེ་རྗེས་ཤིག་བདག་གི་བླ་མ་མདུན་དུ་ཕེབས་པར་ད་ལོ་སྐུ་ཕྱོགས་ཡང་འདིར་ཕེབས་ནས་ང་རང།མཇལ་རྒྱུ་བྱུང་བས་ང་སྐལ་བ་བཟང་།སྲད་རྒྱུད་རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་ཕྲན་ཚེགས་ཁྱོད་ལ་བྱིན་ཡོད་པ་འདི་གཞན་ལ་དགོས་མེད།སླར་བཀྲ་ཤིས་འཁྱིལ་ལ་འཕྲོད་ཐབས་རེ་རེམ་ཞེས་གསུངས་པར་བདག་གི་བླ་མ་ཉིད་ཀྱི་ཞལ་ནས་ཡང་དང་ཡང་དུ་ཐོས་སོ། །རྔ་བ་ཆོས་སྐྱོང་དང་གསེར་ཁ་བ་གཉིས་རྒྱ་མཁར་དགོན་གྱི་ཁྲི་ལ་ཡང་བཞུགས།ལྷག་པར་ཆོས་སྐྱོང་རྒྱ་མཚོས་སྐུ་མ་འདས་ཀྱི་བར་དུ་པོ་ཏི་ལྔ་ཞལ་འདོན་མཛད།དབུ་ཕར་འདུལ་མཛོད་རྣམ་འགྲེལ་བཅས་ཀྱི་ཚིག་ཊཱིཀ་བློ་ནས་ཐོན།འཇམ་མགོན་ཁྲི་རིན་པོ་ཆེ་ནས་མདོ་སྔགས་གང་གསུང་ལ་ཟིན་བྲིས་མཛད།སྟག་ཚང་ལྷ་མོར་ཡང་མཚན་ཉིད་ཀྱི་འཆད་ཉན་ཡུན་རིང་དུ་བསྐྱངས།འདུལ་ཁྲིམས་མིག་འབྲས་ལྟར་སྲུང་ཞིང་ཞི་དུལ་གྱི་ཀུན་སྤྱོད་དམན་ཆ་ལྷུར་ལེན་པ་ཞིག་ཡིན་པར་སྣང་།རྔ་བ་གོ་ཐོབ་ཀྱང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་བགྲང་དུ་རུང་བ་ཙམ་དང་།གསུང་རབ་ཀྱི་ཡིག་འབྲུ་རེ་རེ་ལ་དཔྱད་ནས་སྤྱོད་ལམ་གང་ཡིན་དེའི་ངང་ལ་ཉིན་ཞག་ཕྲུགས་དུ་མ་འགྲོ་བ་དང་།རི་མོ་དང་པི་ཝང་སོགས་རོལ་སྒེག་དུ་མ་བསླབས།ལྷག་པར་ཆུ་འགྲམ་དུ་ཆུ་གཉེར་གྱི་རི་མོ་བརྟག་པ་དང་།པི་ཝང་གི་སྒྲ་ལ་ཡང་ཡང་ཉན་པས་ལྟ་བ་རྙེད་པ་ཡིན་ཞེས་བེ་རི་དཔོན་སློབ་་མཐུ་སྟོབས་རྒྱ་མཚོས་གསུངས་ཤིང་པི་ཝང་དེ་རྟེན་དུ་ཡུན་རིང་བཟུང་ནས་སློབ་མ་ཞིག་ལ་གནང་འདུགསྤྱོད་ལམ་གཞན་དང་མི་མཐུན་པ་འབའ་ཞིག་མཛད་པས་འཕྲལ་སྣང་ལ་མི་གྲལ་དུ་མི་ཚུད་པ་འདྲ་ཡང་དོན་གྱི་གཏིང་ག་ལ་དཔོགཕྱིས་སུ་སྐྱབས་མགོན་རྡོ་རྗེ་འཆང་གི་དུས་ཨུ་ཅུ་མི་ཆིན་ནས་སྐྱེས་ཤིང་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས་ནས་བཅུ་ཕྲག་རིག་པའི་གནས་དང་འཆད་རྩོད་རྩོམ་གསུམ་ལ་རྣམ་དཔྱོད་ཐོགས་པ་མེད་པས་ངེས་པར་པཎྜི་ཏ་ཞེས་སྨོས་སུ་རུང་བ་ཀུ་ཤྲི་ངག་དབང་སྐལ་བཟང་ལུས་ཀྱི་སྤྱོད་ལམ་དང་ངག་གི་སྨྲ་བརྗོད་འདི་དང་ཆ་འདྲ་བར།མཁས་བླུན་གཉིས་ཀ་ངོ་མཚར་བའི་གཏམ་དུ་མ་ཅན་ཡིན་ཀྱང་སྐབས་སུ་མ་བབས་པས་མ་བྲིས།བསྟན་འཛིན་རྒྱ་ཡུ་མ་རིག་གནས་ཐམས་ཅད་ལ་བློ་གྲོས་རྒྱས་པ་དང་།རྩོད་ངག་གི་རིགས་ལམ་སྨྲ་བ་ལ་འགྲན་ཟླ་མེད་ཅིང་ངོ་མཚར་བའི་བསྔགས་བརྗོད།སྐྱབས་མགོན་རྡོ་རྗེ་འཆང་ནས་ཡང་ཡང་གནང་བ་དངོས་སུ་ཐོས་ཤིང་།གོང་གསལ་བེ་བན་བསྟན་འཛིན་དང་།ཁ་གྱ་ཨོང་ཤ་ཟེར་བའི་དགེ་བཤེས་དང་།འདི་གསུམ་ག་བཀྲ་ཤིས་འཁྱིལ་གྱི་གྲྭ་རྒྱུན་སྒོ་མང་གྲྭ་ཚང་དུ་འཇུག་པའི་ཐོག་མ་ཡིན་ལ་གསུམ་གའང་སྤོབས་པ་མཐོ་ཞིང་རྩོད་རིགས་རྣོ་བ་སོགས་ཀྱིས་བཀྲ་ཤིས་སྒོ་མང་གི་འཛིན་གྲྭ་གོང་འོག་གང་དུ་ཡང་སུས་ཀྱང་ལུང་དང་རིགས་པའི་སྒོ་ནས་ཟིལ་གྱིས་གནོན་མ་ནུས་པ་ལྟ་བུར་སོང་བས་སྡེ་འདི་རིགས་ལམ་སྨྲ་བ་ལ་ཐོགས་པ་མེད་པའི་གྲགས་སྙན་གྱི་ཐོག་མ་དེ་ནས་བྱུང་ངོ་། །དེ་དུས་དགེ་བཤེས་གཅིག་ཁས་ལེན་ཤོར་ཚབ་ཆེན་པོ་བྱུང་ནས་བེ་བན་གྱིས་མཇིང་བ་ཞོན་པར།དགེ་བཤེས་ཀྱིས་སྐྱུག་བྲོ་བོ་ཁྱོད་མར་སོང་།ངའི་སྐེ་ན་པཎ་ཆེན་རིན་པོ་ཆེའི་ཕྱག་མདུད་ཡོད་ཅེས་སྨྲས་པ་ལ།བེ་བན་གྱིས་པཎ་ཆེན་རིན་པོ་ཆེའི་ཕྱག་མདུད་ཀྱི་སྟེང་དུ་པོ་ཏི་ལྔ་བཞག་མི་ཆོག་པ་ཨེ་རེད་ཅེས་སྨྲས་པ་ཕྱིས་སུ་རྒྱལ་བ་སྐལ་བཟང་རྒྱ་མཚོས་གསན་ནས་དེ་ངོ་མཚར་བ་འདུགདེ་འདྲ་བྱས་པ་ཁྱད་གསོད་མ་རེད།པོ་ཏི་ལྔའི་གཟེངས་བསྟོད་ཡིན་པས་ཤིན་ཏུ་བདེན་ཞེས་གསུངས་ཟེར།བསྟན་འཛིན་རྒྱ་ཡུ་མས་ཁྲི་ཆེན་འདི་ཉིད་ཀྱི་རྣམ་ཐར་བརྩམས་པའི་མཇུག་ཏུ།མགོན་གསུང་ངག་ལས་འོང་ནམ་མཁའི་ལྕགས། །གཅིག་ཏུ་བྲལ་རྡོ་རྗེ་རྩེ་བརྒྱ་བས། །གདོན་བདག་འཛིན་གནད་བསྣུན་ཐལ་བར་བྱས། །བལྟ་དཀའ་ཞིང་རྟོགས་དཀའི་བཙུན་པས་སྨྲས། །བྱས་འདུག་ཅིང་ལུས་ངག་ཡིད་གསུམ་འཕྲུལ་སྐྱེན་པའི་ངོ་མཚར་གྱི་གཏམ་མང་དུ་སྣང་།ཁ་གྱ་དགེ་བཤེས་ཀྱང་མངོན་ཤེས་ཡོད་པར་གྲགས་ལ།མངོན་ཤེས་ལ་ལས་དང་སྐྱེས་ཐོབ་ཀྱི་མངོན་ཤེས་དང་།རྫས་དངསྔགས་ལ་རྟེན་པ་དང་།སྒོམ་བྱུང་སོགས་དང་།སྒོམ་བྱུང་ལ་ཡང་རིགས་མང་དུ་ཡོད་མོད།ཐོས་བསམ་གྱི་ངོས་ནས་བཀའ་པོཏ་ལྔ་ལ་ནང་བྱན་ཆུད་པ་དང་།སྡོམ་གསུམ་མིག་འབྲས་ལྟར་སྲུང་བ་དང་།འཕོ་བ་ལ་རྩལ་ཐོན་པའི་འབྲས་རྟགས་ཀུན་གྱིས་གླེང་ཞིང་།ཟབ་མོ་ལྟ་བ་ལས་བརྩམས་པའི་མགུར་མ་ཡང་ཡོད་འདུག་ལ།འདི་དག་དང་དུས་མཚུངས་པའི་མཁས་གྲུབ་གཉིས་འཛོམས་ཀྱི་དགེ་བཤེས་ཁྲི་ཆེན་འདི་ཉིད་ཀྱི་སློབ་མར་གྱུར་བ་བསྔགས་པར་འོས་པ་དུ་མ་ཞིག་ཡོད་ཀྱང་།སྐབས་དོན་སྒྲིབ་པར་མཐོང་ནས་མ་བྲིས་ལ།གཞན་དང་གཞན་དུ་ཡང་ཤེས་པར་འགྱུར་རོ། །དེ་དག་ནི་ཞར་བྱུང་གི་ཚུལ་དུ་སྨོས་པའོ། །ད་ནི་དཀྱུས་ལ་འཇུག་སྟེ།འདི་དུས་འདུལ་མཛོད་ལ་དབུ་ཕར་ལྟ་བུའི་འཆད་ཉན་ཧ་ཅང་དམར་བ་ཞིག་མ་བྱུང་བ་ལྟར་སྣང་ལ།བརྩི་བཞག་ཡོངས་རྫོགས་བཏང་པའི་གཏམ་ཡང་མ་ཚོར་མོད།བརྩི་བཞག་གང་གནང་ལ་གསུང་བཤད་མཛད་པའི་ཟིན་བྲིས་ཐོར་བུ་ནི་མང་དུ་སྣང་ངོ་། །བསྡུས་གྲྭ་ཡང་ཕྱིས་ཀྱི་འཛིན་གྲྭ་གཉིས་ཙམ་མ་གཏོགས་པ་ལ་བརྩི་བཞག་ཡོངས་རྫོགས་སོང་ཡང་།ལོ་རེ་བཞིན་བསྡུས་གྲྭ་རེ་ཐུགས་ཐོག་ནས་གནང་བ་སྐྱོར་དཔོན་རང་རང་གིས་ཟིན་བྲིས་བྱས་པས་བསྡུས་གྲྭ་ཡོངས་རྫོགས་ཉེར་བདུན་ཡོད་ཀྱང་ད་ལྟ་མི་འདྲ་བ་གསུམ་བཞི་ཙམ་ལས་གཞན་རྣམས་དཔེ་རྒྱུན་དཀོན་པར་སྣང་ངོ་། །ཆོས་གྲྭའི་གསུང་ཆོས་དང་།ཆོས་མཚམས་སྐབས་སུ་བཀའ་ཆོས་ཆེད་གཉེར་གྱིས་གནང་བ་ལ་མདོ་སྡེ་རྒྱན།རྒྱུད་བླ་མ།དབུས་མཐའ་རྣམ་འབྱེད།ཆོས་ཉིད་རྣམ་འབྱེད།མངོན་པ་ཀུན་བཏུས།སྤྱོད་འཇུགབཤེས་སྤྲིངས།བཞི་བརྒྱ་བ།སློབ་སྤྲིངས།བསླབ་བཏུས།རྣམ་འགྲེལ་རྩ་བ།འགྲེལ་བ་དོན་གསལ།བརྒྱད་སྟོང་འགྲེལ་ཆེན།འབུམ་ཊཱིཀ་གསེར་འཕྲེང་།རྣམ་བཤད་སྙིང་བོ་རྒྱན།རྣམ་བཤད་དགོངས་པ་རབ་གསལ།ལེགས་བཤད་སྙིང་པོ།སྟོང་ཐུན་སྐལ་བཟང་མིག་འབྱེད།བྱང་ཆུབ་ལམ་སྒྲོན།ལམ་རིམ་ཆེ་ཆུང་།ཀུན་གཞིའི་དཀའ་འགྲེལ།བླ་མ་ལྔ་བཅུ་པའི་རྣམ་བཤད།བྱང་ཆུབ་གཞུང་ལམ།ཐུབ་བསྟན་བྱི་དོར།འགྲེལ་བ་བཞི་སྦྲགས།བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ།སྦས་དོན་ཀུན་གསལ།རིམ་ལྔ་གདན་རྫོགས།རིམ་ལྔ་གསལ་སྒྲོན།སྔགས་རིམ་ཆེན་མོ།རྣམ་གཞག་རིམ་པའི་རྣམ་བཤད།འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ།ཀུན་རིག་ཊཱིཀ་ཆེན་སོགས་ཀྱི་བཤད་པ་བསྩལ་པས་ཕལ་ཆེར་ལ་ཟིན་བྲིས་རེ་ཡང་སྣང་།རྗེ་གོང་མའི་གསུང་རབ་པོ་ཏི་ལྔའི་བཤད་པ་སྔར་ལྟར་དང་།དྲང་ངེས་རྣམ་འབྱེད།བསམ་གཟུགས་ཆེན་མོ།ཚིག་གསལ་སྟོང་ཐུན།འཇིགས་བྱེད་ཆོས་འབྱུང་།གྲུབ་མཐའ་ཆེན་མོ་རྣམས་ཀྱི་བཤད་ལུང་།གཞན་ཡང་གསང་འཇིགས།ཀུན་རིག་གཤེད་དམར་སོགས་ཀྱི་དབང་།སྣར་ཐང་བརྒྱ་རྩ་དང་བཀའ་ཆེན་བཅུ་གསུམ་སོགས་ཀྱི་རྗེ་གནང་།རྗེ་གོང་མའི་གསུང་ཕལ་ཆེར་གྱི་ལུང་།ལམ་རིམ་དང་བསྐྱེད་རྫོགས་ཞི་ཁྲོ་སྦྲགས་སྒྲུབ་སོགས་ཀྱི་ཁྲིད།ལས་བཞིའི་སྦྱིན་སྲེག་ཞི་རྒྱས་དབང་དྲག་གི་འཁྲུལ་འཁོར།གཏོར་མའི་འཁྲུལ་འཁོར་ལྕགས་མཁར་དུ་གགས་པ།གཏོར་སྒྲུབ།དྲག་པོའི་གཏོར་ཆེན།མགོན་པོའི་གཏད་འདོན་དང་ཞིང་སྐྱོང་གི་ལས་ཁྲིགས།གཟུངས་འབུལ།རབ་གནས།དཀྱིལ་འཁོར་སོ་སོའི་ཐིག་ཚོན་གྱི་ཕྱག་ལེན་སོགས་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་བར་དཀའ་བའི་ཆོས་ཀྱི་བཀའ་དྲིན་རྒྱ་ཆེར་བསྩལ་བ་ལས་བྱང་ཕྱོགས་མདོ་སྨད་ཀྱི་ཡུལ་དུ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤད་སྒྲུབ་ཀྱི་སྲོལ་ཆེས་ཆེར་གསལ་བར་གྱུར་ཏེ་བསྟན་པ་བྱང་ནས་བྱང་དུ་དར་བའི་ལུང་བསྟན་གྱི་བདེན་པ་མངོན་དུ་གྱུར་པ་ལ་སུས་ཀྱང་བསྙོན་དུ་མེད་དོ། །ལར་དེ་དུས་ཀྱི་གྲྭ་རྒན་ཕལ་ཆེར་ཀུན་མཁྱེན་ཡབ་སྲས་ཀྱི་མཛད་པར་མིག་ལྟོས་ཀྱིས་ཙོག་བུ་པའི་སྦྱངས་ཡོན་ལྷུར་ལེན་པ་དང་།རྗེ་འདིས་ཕེབས་ལམ་དུ་ཞལ་ལུད་ཅིག་དོར་བ་ལ་འཛིན་གྲྭ་གཉིས་ཀྱིས་འཚང་ཀ་བྱས་པའི་ལོ་རྒྱུས་སོགས་ཀྱིས་མཚོན་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་རྣམ་ཐར་བཟང་པོའི་རྗེས་སུ་འབྲང་བ་ལས་གང་བྱུང་ལ་འགྲམ་ཆུ་མི་ལྡང་བའི་ཆོས་ཀྱི་རྗེས་འབྲང་གི་དད་ཚུགས་ཤིན་ཏུ་བརྟན་ཅིང་།ཆོས་གང་གསུང་ལ་ཚིག་སྦྱོར་ལེགས་ཉེས་ཇི་ལྟར་ཡང་རང་རང་གིས་མི་བརྗེད་པའི་དྲན་ཐོར་བྱས་པའི་ཟིན་བྲིས་ཤིན་ཏུ་མང་ལ།ཆོས་ལ་དོན་གཉེར་ཆེ་ཞིང་འདོད་ཡོན་ལ་མི་དགྱེས་པས་གྲྭ་བ་རང་བཞིན་པ་ཞིག་ལ་ཇ་ལན་འདུ་གཅིག་བྱུང་ན་ཤིན་ཏུ་ངོ་ཚ་དགོས་པའི་མཚང་དུ་འཛིན་པ་ཡིན་སྣང་སྟེ།སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་སློབ་མ་བཟང་པོའི་རྣམ་ཐར་དུ་ཤེས་པར་བྱའོ། །ཁྱད་པར་དུ་བཀའ་གདམས་གླེགས་བམ་ལས་ཀྱང་།འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །བསམ་གཏན་ཆགས་སྡང་དག་ལ་འཆོར། །ཞེས་པ་སོགས་བཀའ་གདམས་གསར་རྙིང་གི་བསྟན་པ་འདི་ལ་ལོངས་སྤྱོད་ཀྱིས་གནོད་ཚབས་ཆེ་བ་དང་།ཡང་དགོས་༼སྒོས༽དགེ་ལྡན་པའི་བཤད་སྒྲུབ་ལ་ལོངས་སྤྱོད་ཀྱིས་གནོད་པའི་ལུང་བསྟན་ཤིན་ཏུ་མང་ལ།མདོ་དབུས་ཀྱི་ཆོས་སྡེ་ཆེ་ཕྲ་དུ་མར་ཉམས་ཆཱགས་༼ཆག༽མང་པོ་བྱུང་བ་ཕལ་ཆེར་གྱི་རྐྱེན་ལོངས་སྤྱོད་ཀྱིས་བྱས་པར་མིག་གི་ཡུལ་དུ་གྱུར་བ་ལྟར་ཡིན་ཀྱང་ཤེས་མཁན་ཤིན་ཏུ་དཀོན་པར་སྣང་ངོ་། །རྗེ་བདག་ཉིད་ཆེན་པོས་ཀྱང་དེ་འདྲ་ལ་དགོངས་ནས་དགའ་ལྡན་དུ་མཆོད་རྟེན་བརྩིགས་པའི་འོག་ཏུ་ལྷུང་བཟེད་ཁ་སྦུབས་ཏེ་ལོངས་སྤྱོད་ལ་མནན་པ་མཛད་པ་ཡིན་སྣང་བས་རྗེས་འཇུག་རྣམས་ཀྱིས་ཅུང་ཟད་བག་ཚ་བ་བྱེད་དགོས་སོ། །འཆད་ཉན་དེ་ལྟར་མཛད་པའི་ཞར་ལ་རྗེ་རང་ཉིད་ཆོས་གྲྭར་བཞུགས་ནས་འཛིན་གྲྭ་གོང་འོག་བསྲེ་བ་དང་།འཛིན་གྲྭ་གཅིག་ཆ་གཉིས་སུ་བྱས་ནས་རྩོད་པ་དང་།དམ་བཅའ་བ་འཛིན་གྲྭ་གོང་འོག་ནས་ལེན་པ་སོགས་རྩོད་གྲྭ་འཕེལ་བའི་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྩོད་པ་བྱེད་བཅུག་སྟེ་རྒྱལ་ཕམ་ཤན་འབྱེད་པ་དང་།རྟགས་གསལ་རིང་པོ་མ་བྱས་ན་དོན་མི་རྫོགས་པ་ནི་རིགས་པ་མ་བྱང་བའི་རྟགས་ཡིན་གསུངས་ནས་རྟགས་གསལ་ཉོག་རིང་འཕེན་པ་དང་།གྲོང་ཚིག་གིས་འཕེན་པ་སོགས་ལ་བཀའ་བཀྱོན་དང་།རྟགས་གསལ་ཐུང་ངུ་དངོས་གཙང་ཞིང་དོན་རྫོགས་པ་འཕེན་པ་ལ་བསྔགས་བརྗོད་གནང་བ་དང་།ཐལ་སྐད་གཏོང་ལུགས།འཁོར་གསུམ་སྐོར་ལུགས།ཐལ་མོ་རྡེབ་ལུགས་སློབ་པ་སོགས་དག་ཐེར་ནན་ཅན་མཛད་པས་དེ་དུས་ཀྱི་རིགས་སྨྲ་རྣམས་རྩོད་པ་བདར་ཤ་ཆོད་པ་དང་།ཕས་རྒོལ་ཟིལ་གྱིས་གནོན་པའི་རྣལ་འགྱུར་རྟོག་གེ་བའི་སྤྱི་ལུགས་དྲང་བོར་སྲོང་བ་ཞིག་སྣང་ངོ་། །དཔེ་ཆ་འཛིན་སྐྱོར་སློབ་གཉེར་གྱི་གཞི་མེད་དུ་མི་རུང་བ་ཡིན་གསུངས་ནས་རྟིང་བསྐུལ་ཆེར་མཛད་ཅིང་།རྒྱུགས་འབུལ་མི་རྣམས་ལ་གནང་སྦྱིན་དང་དགྱེས་པ་དཔག་མེད་མཛད་པས་སློབ་གཉེར་པ་དྲག་ཤོས་ཕལ་ཆེར་གྱིས་དབུ་ཕར་ཡོངས་རྫོགས་རེ་ཕུལ་བ་དང་།ཕྱིས་སུ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་འཛིན་གྲྭ་ཡོངས་རྫོགས་ཀྱིས་ཡིག་ཆའི་ཕར་ཕྱིན་སྐབས་དང་པོ་སོགས་རྒྱུགས་འབུལ་སྲོལ་བྱུང་བ་ལ་ཕྲེང་བ་ཆབ་རིལ་གོང་ཟོར་སོགས་མངོན་ཆེན་གྱི་འགྱེད་ཆ་སྙོམས་པ་གནང་བས་འཛིན་གྲྭ་དེ་དང་དེས་རྒྱུགས་སྤྲད་པར་ཚང་མས་ཤེས་པ་ཅིག་༼ཞིག༽ཡོད་ཅེས་གྲྭ་རྒན་རྣམས་གླེང་སྟེ་བསྟན་པའི་དམིགས་རྐྱེན་ལ་དགོངས་པའི་ལྷག་བསམ་མཚོན་བྱེད་ཀྱི་རྣམ་ཐར་རོ། །སྔ་ཕྱིར་བསྟན་པ་སྤྱི་སྒེར་གྱི་རིམ་གྲོར་ལྕགས་མཁར།གཏོར་སྒྲུབ།འཁྲུལ་འཁོར་སོགས་མན་ངག་ལྟར་གང་ཞིབ་མཛད་ནས་ལག་ལེན་མང་དུ་བྱས་ཤིང་།ཁྱད་པར་དགོན་པར་རྒྱུན་བསྟར་གྱི་ལྕགས་མཁར་དང་གཏོར་སྒྲུབ་ཀྱི་ཕྱག་ལེན་ལ་རྗེ་གོང་མར་ལན་བཞི་ལྔ་རེ་མ་ཞུས་པ་མེད་ཅེས་གསུངས།དེ་དུས་སྒྲུབ་གཏོར་འཁྱག་ལ་ཤོར་ན་འཚུབ་ལྟས་ཡིན་གསུངས་ནས་རིམ་གྲོ་སྒྲུབ་པ་དང་།རིལ་སྒྲུབ་སོགས་ཀྱི་དུས་བུམ་པ་དྲོད་ཡལ་ན་གྲིབ་ཀྱིས་ཕོག་པ་ཡིན་གསུངས་ནས་ཁྲུས་གསོལ་བྱེད་པར་གྲྭ་རྒན་མང་པོ་ལས་དངོས་སུ་ཐོས།ཕྱིས་སུ་སྐུ་གཤེགས་ཁར་སྐུ་མདུན་པ་རྣམས་ལ།སྐུ་ཕྱོགས་ནས་བསྟན་པའི་དོན་དུ་ལྕགས་མཁར་གཅིག་བསྒྲུབས་ན་ཡིག་བརྒྱ་འབུམ་གྱི་ཕན་ཡོན་འབྱུང་གསུངས་པ་ཨེ་ཡིན་ནམ་གསུངས།ཡིན་ལགས་ཞུས་པས།དེ་བཞིན་མངོན་དུ་གྱུར་གསུངས།ཚོགས་འདོན་ཕལ་ཆེར་གསར་ཚུགས་ཀྱི་སྐབས་དབུ་མཛད་གནང་བ་ཡིན་འདུག་ཅིང་།འདོན་རྟ་དབྱངས་སོགས་ཉམས་སྐྱོན་བྱུང་ཚེ་དབྱངས་ཆགས་ལ་ཆེད་གཉེར་གྱིས་ཕེབས་ཏེ་བསྐྱར་བཅོས་མཛད་པ་དང་།འདོན་རྟ་མི་ཉམས་པའི་ཆེད་དུ་དབུ་མཛད་བྱས་ནས་ཡང་ཡང་གསུངས་པར་མཛད་པས་སྐུ་མདུན་དུ་སིལ་སྙན་རྒྱུན་དུ་འཇོག་དགོས་པའི་སྲོལ་དུས་ཕྱིས་བར་དུ་ཡོད་ལ།རྣམ་ཐར་གསོལ་འདེབས་དང་ཀུན་རིག་གཉིས་མ་གཏོགས་ཚོགས་འདོན་འགྲིག་ལམ་གང་ལ་ཡང་རྗེ་གོང་མས་ཞལ་བཀོད་མ་མཛད་པའི་རང་བཟོ་ཅུང་ཟད་ཀྱང་མེད་ཅེས་ཞལ་ནས་གསུངས།ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཀྱི་སྣང་བ་རྒྱུན་དུ་ཡོད་ཀྱང་།བར་སྐབས་ཤིག་ཅུང་ཟད་མི་གསལ་བ་བྱུང་བ་ཚོགས་འདོན་དེ་གཉིས་ཚུགས་པ་སོགས་ལ་ཐུགས་དོགས་མཛད་ནས་སྡེ་ཁྲི་རིན་པོ་ཆེ་ལ་གསུངས་པ་དང་།དེའི་རྐྱེན་གྱིས་རྟེན་འབྲེལ་ཆེན་མོར་མཆན་བུ་བཏབ་པ་སོགས་རྒྱུད་པ་དཔོན་སློབ་ཤེས་རབ་རྡོ་རྗེས་གསུངས་པ་ཐོས་ཏེ།ཨེ་མ་ལེགས་ཚོགས་རྩ་བ་དགེ་བའི་བཤེས་གཉེན་ལ་རྟེན་འབྲེལ་ཅུད་ཟད་ཀྱང་མ་འཕྱུགས་པ་འདི་ཤིན་ཏུ་གལ་ཆེའོ། །བྱ་བ་ལས་ཀྱི་འཁོར་ལོའི་དབང་དུ་བྱས་ན་ཡང་།མགོན་ཁང་།བྱམས་ཁང་།སྐུ་གདུང་ལྷ་ཁང་གསུམ་དང་།འདུ་ཁང་གི་སྟེང་ཤོད་བཅས་ཀྱི་ངོ་ཞལ།ལོགས་རིས།ཤིང་ཚོན།གསེར་རིས་དང་བཅས་པ།མགོན་ཁང་དུ་འཇིགས་བྱེད་མགོན་ཆོས་བཅས་ཀྱི་འབག་སྐུ་འབྲས་སྤུངས་སྔགས་ཁང་གི་འཇིགས་བྱེད་སོགས་དང་ཆ་མཚུངས་པ།རྔ་སྦུབ།སིལ་སྙན།ཌཱ་མ་རུ།ཀ་པཱ་ལ་སོགས་མཆོད་རྫས་དང་གཏོར་ཆ།བྱམས་ཁང་དུ་ཉེ་བའི་སྲས་བརྒྱད་དང་རྗེ་རིན་པོ་ཆེ།མར་མེ་མཛད་བཅས་ཀྱི་ལྡེར་སྐུ་ཁང་ཚད་རེ་དང་།ཆུ་ཟོམ་གང་རེ་འགྲོ་བའི་མཆོད་རྐོང་བདུན་ཚར་སོགས་མཆོད་རྫས།སྐུ་གདུང་ལྷ་ཁང་དུ་དཔོན་ཇུ་ནང་གི་གདུང་རུས་ལ་འཇམ་དབྱངས་ཀྱི་པར་སྐུ་བཏབ་བ་སོགས་ནང་རྟེན་དུ་བཞུགས་པའི་ལྟ་བབས་མཆོད་རྟེན་དངུལ་སྲང་སུམ་བརྒྱ་ལས་བཞེངས་པ་དང་།རྗེ་གོང་མའི་སྐུ་གདུང་གི་མདུན་དུ་མར་མེའི་མཆོད་རྐོང་སྟོང་ཚར།ཚེ་འབར་དང་ཡོན་ཆབ་ཀྱི་སྣོད་དུ་ཆུ་ཟོམ་གང་ལྷག་འགྲོ་བའི་བདུན་ཚར་མང་བོ། །མར་མེ་མཚན་ཐུབ་ཀྱི་རྐོང་བུ་བརྒྱ་ཚར་གཉིས།འདུ་ཁང་དུ་ཡང་རྔ་སྦུབ།དུང་ཆེན།རྐང་གླིང་།སིལ་སྙན་སོགས་མཆོད་རྫས།གཙང་ཁང་གསུམ་གའི་མཐོངས་ཁེབས་པའི་གོས་ཆེན་གྱི་བླ་རེ་ཁྱད་འཕགས་མང་པོ་དང་།འདུ་ཁང་དུ་གོས་ཡུག་འཕེན་གྱི་བླ་རེ་ཀྭ་བར་སུམ་ཅུ་ཁེབས་པ།ཡིག་ཆའི་དབུ་ཕར་གཉིས།རྣམ་འགྲེལ།འདུལ་བ།གྲུབ་མཐའ་ཆེན་མོ།སྡེ་བདུན་རྒྱན།ལེགས་བཤད་སྙིང་བོ།བསམ་གཟུགས་ཆེན་མོ།དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་ཆེན་མོ་སོགས་ཀྱི་པར་གསར་བརྐོས།སྤྱི་སོར་ཡང་ཐབ་ཆ།འཇོག་རྫས།སུ་རུགཞིང་ས་བཅས་ཀྱི་གཞི་བཟུང་བ་སོགས་ཕྱག་རྗེས་རླབས་ཆེ་བར་སྣང་ན་ཡང་དཔེ་རྙིང་གི་རིགས་མ་མཐོང་བས་ཞིབ་པར་བྲི་མ་ནུས་མོད་འོན་ཀྱང་གྲྭ་རྒན་རྣམས་ཀྱི་ངག་རྒྱུན་ལ་ཀུན་མཁྱེན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་རྒྱུན་ཇ་བླ་བྲང་ནས་གཏོང་བ་གནང་ཡང་ཕྱིས་སུ་དཔོན་པོ་རྣམས་ཕར་རྩོད་ཚུར་རྩོད་སོགས་ཀྱི་ཕྲ་ཉག་ལ་བརྟེན་ནས་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་ལོ་མང་པོའི་བར་དུ་རྒྱུན་ཇ་བཏང་།བླ་མ་རྗེས་མ་རྣམས་ཀྱིས་རྒྱུན་ཇ་གཏོང་དཀའ་གསུངས་ནས་མཁན་པོ་ནོ་མོན་ཧན་གྱི་གཟིམས་ཁང་གྱན་བཅུ་གཉིས་མ་ཆོས་དབྱིངས་ལྟ་བུར་ཡོད་པ་སྤྱི་ཁང་དུ་སྦྱར།ཐབ་ཆ་དང་ལོ་གསུམ་བཞིའི་རྒྱུན་ཇ་འདང་ངེས་ཀྱི་ཇ་མར་དང་བཅས་གུང་རུ་རབ་འབྱམས་པ་འཕགས་པ་ཚེ་རིང་སྤྱི་སོའི་སྡེ་བར་བཞགསེང་ཆོ་ཟེར་མཁན་སོགས་ཀྱི་དུད་ཚང་ལྔ་ཁྱིམ་གཞི་དང་བཅས་གསར་དུ་བསྐྲུན་ཏེ་མཛོ་རྟ་ལུག་གསུམ་གྱི་སུ་རུག་བཞགརྒྱབ་ཚང་གིས་ལུང་གར་ཐང་ཕུལ་བ་དང་།རྡོ་རྒོད་དཔོན་པོས་རྡོ་སྦལ་ཐང་ཕུལ་བ་གཉིས་ཀར་རང་རང་སོ་སོ་ལ་རྟ་སྒ་སྟན་སྲབ་གསུམ་རེ་དང་གཟའ་མི་ཚང་མ་ལ་གྱོན་པ་རེ་གནང་།ཕྱག་རྫས་ཀྱི་སྟེང་ནས་མང་ཇ་བཞི་རེ་བཏང་སྟེ་ཚོགས་ཆེན་ནས་ལྷོ་སྒོ་རེ་གནང་།ཕྱིས་སུ་སྐུ་འདའ་ཁར་ས་འདི་ཚོར་དོ་དམ་དང་ས་འདེབས་རེ་ཆགས་ནས་ཕོག་ཐེབས་ཡོང་ཐབས་གྱིས་གསུངས་པ་ལྟར་ལྷ་སྡེ་སོ་སོ་རིམ་གྱིས་ཆགས་པ་ཡིན་ཞེས་གླེང་།རིགས་གྲྭ་ཉི་ཤུ་རྩ་གསུམ་བཏང་ཞིང་།མ་ཅིག་གི་ལུང་བསྟན་ལྟར་རྗེ་རང་ཉིད་ཀྱིས་སྦྱིན་བདག་མཛད་ནས་བསྟན་པ་སྤྱིའི་རིམ་གྲོར་ཚོགས་ནས་བཀའ་འགྱུར་གསུང་སྒྲོགས་ཚར་དུ་མ་དང་།སྔ་ཕྱིར་ཡ་མ་རཱ་ཛ་དུང་ཕྱུར་གཉིས།ཤྲཱིཿཥྚཱིཿདང་ཤཱ་ས་ན།ཁྲོ་བཅུ་གསུམ་དུང་ཕྱུར་རེ།ཙཎྚ་མ་དུང་ཕྱུར་གཉིས།མགོན་ཆོས་ཀྱི་བསྐང་བ་ཁྲི་ཚར་མང་པོ་བསྒྲུབས་པ་སོགས་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་སྐྱོང་བར་མཛད།ཁྱད་པར་བསྟན་པ་རྣམ་དག་ཡུན་རིང་དུ་གནས་པ་ལ་མེད་དུ་མི་རུང་བའི་མཚན་ཉིད་ཀྱི་འཆད་ཉན་གཏིང་ཚུགས་པར་མཛད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ་ཅིང་།སྐུ་བསྙུང་བའི་སྐབས་སོགས་སུ་ཡང་ངས་འཆད་ཉན་མ་ཐུབ་པར་གསོན་པོར་བསྡད་པའི་དགོས་པ་ཆུང་གསུངས་ནས་བརྩི་བཞག་རེ་རེ་ཆག་མེད་དང་།གསུང་བཤད་སྔར་རྒྱུན་ལྟར་ལོ་གཅིག་གི་བར་དུ་གནང་།འདི་སྐབས་ཞབས་ཕྱིར་རློམ་པ་འགའ་ཞིག་གིས་སྐུ་གཟུགས་ཀྱི་ཉམས་གྲྭ་མང་ལ་བསྒྲིབས་༼བསྒྲིབ༽དགོས་ཟེར་ནས་ཡོལ་བའི་ཕག་ནས་བརྩི་བཞག་གནང་བཅུག་པས་རྟེན་འབྲེལ་ཅུང་ཟད་ཉིས་པར་སེམས།རྗེ་འདི་ཉིད་བྱང་ཕྱོགས་མདོ་སྨད་ཀྱི་ལྗོངས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལེགས་བཤད་སྤེལ་བ་ལ་འཕྲིན་ལས་འགྲན་ཟླ་མེད་པའི་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པར་སུས་ཀྱང་བསྙོན་དུ་མེད་ལ།མ་ཅིག་ལབ་སྒྲོན་གྱི་ལུང་གིས་ཀྱང་ཟིན་པའི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཀྱང་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་འཛིན་པའི་ཞབས་ཕྱི་རེ་གཉིས་ཀྱིས་འཕྲིན་ལས་ཀྱི་སྒོ་བཀག་པ་མང་དུ་སྣང་མོད་ཀྱང་སྤྲོ་དགོས་མ་མཆིས།དེ་ལྟར་བསྟན་འགྲོའི་དོན་རླབས་པོ་ཆེ་ཟིན་ནས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་རེ་གཅིག་པ་ས་རྟ་ཧོར་ཟླ་དང་པོའི་ཚེས་ཉེར་ལྔའི་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། །འདིར་མདོར་བསྡུས་ཏེ་བཀོད་ལ།ཞིབ་པར་དངོས་སློབ་བློ་བཟང་དོན་གྲུབ་པས་མཛད་པའི་རྣམ་ཐར་དད་པའི་སྙེ་མ་ཞེས་བྱ་བ་ཅིག་ཡོད་པས་དེར་ཤེས་པར་བྱའོ། །སྨྲས་པ། ངེས་འབྱུང་ཤུགས་ཀྱིས་ཚངས་སྤྱོད་བརྟུལ་ཞུགས་བརྟན། །གུས་རྟགས་
༼རྟག༽བརྩོན་པས་བཤེས་གཉེན་ཞབས་པད་བསྟེན། །གཞུང་ལུགས་མང་ཐོས་མཁས་པའི་རྩེར་སོན་པའི། །སྙན་པ་རང་བཞིན་གྱིས་ནི་འབྲེལ་བས་མཛེས། །ཨེ་མའོ་རྣམ་མང་ཡོན་ཏན་མཛོད་ལ་མངའ་བརྙེས་ཀྱང་། །ཁེངས་དྲེགས་ཆོས་བརྒྱད་རང་དོན་འཁྲི་བ་ཉེ་བར་སྤངས། །རྟག་ཏུ་བཤེས་གཉེན་དམ་པའི་བཀའ་ལུང་གཙུག་བསྟེན་ཏེ། །འཆད་རྩོད་རྩོམ་ལ་གཅིག་ཏུ་གཞོལ་བ་འདི་རྨད་བྱུང་། །ཆོས་ཀུན་སྒྱུ་མ་ལྟར་གཟིགས་ཀྱང་། །འདུལ་ཁྲིམས་མིག་འབྲས་ལྟར་སྲུང་བའི། །ཚོགས་གཉིས་སྤྱོད་པའི་དྲང་སྲོང་འདི། །ཉེ་བར་འཁོར་རམ་གཞན་སུ་ཞིག།ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སོ།
                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

           གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 



བརྒྱུད་འགོད།