འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་བདུན་པ་ཧར་གདོང་བསྟན་པ་ཆོས་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-26 14:49:26     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

271607605902961150.jpg

                               བརྒྱུད་འདེབས་ལས།
                                         རྒྱལ་བསྟན༷་སྙིང་པོ་མདོ་སྔགས་པད་མའི་གླིང་། །
                                         བཤད་སྒྲུབ་དཔལ་གྱི་འདབ་མ་བཞད་མཛད་པ༷། །
                                         ཆོས་ཚུལ་སྨྲ་བའི་གྲ༷གས་སྙན་འོད་རླབས་ཅན། །
                                         རྗེ་བཙུན་རྟ་ལྗང་དབང་པོར་གསོལ་བ་འདེབས། །ཞེས་བྱུང་།
                                        ༼འདི་ནི་སྲིད་སྐྱོངས་སྟག་བྲག་རྡོ་རྗེ་འཆང་གི་གསུང་དུ་སྣང་།༽
        གདན་རབས་དྲུག་ཅུ་རེ་བདུན་པ། ཧར་གདོང་བསྟན་པ་ཆོས་གྲགས་ནི། བྱང་གསང་གཞུང་དབུས་མའི་ནང་། བརྒྱ་དཔོན་ལྷ་རྒྱལ་ཞེས་བྱང་རིགས་སྡེ་བཞི་དང་ལྷ་ས་བཅས་པར་ཡོངས་སུ་གྲགས་པ་ཞིག་ཡོད་པ་དེའི་སྲས་སུ་རབ་བྱུང་༡༥ པའི་ཆུ་ལུག་ཕྱི་ལོ་༡༨༨༣ ལོར་འཁྲུངས། དགུང་ལོ་བཅུ་གྲངས་ཤིག་ནས་དཔལ་ལྡན་སྒོ་མང་ཧོར་མི་ཚན་དུ་ཞུགས་ནས་གཞུང་ཆེན་མོར་གསན་བསམ་རྫོགས་པར་མཛད།
        སྔོན་དུས་ཧོར་མི་ཚན་གྱི་གཉེར་པའི་དུས་བཟང་སྐབས། དགེ་འདུན་གྱི་གསོལ་ཚིགས་ལ་ཤ་བེད་སྤྱོད་ཚོད་མེད་བྱེད་བཞིན་ཡོད་པར་ཐུགས་མོས་མེད་པའི་ཐོག་སྐབས་ཤིག་བྱང་ནས་ཚུར་ཕེབས་སྐབས་གཉེར་པའི་དུས་བཟང་གཏོང་བྱེད་ལུག་མང་པོ་ཞིག་དེད་ནས་ཡོང་སྟེ་པ་རིའི་ཁུག་ལ་བཞག་པ་གཟིགས་སྐབས་ལུག་དེ་རྣམས་ལ་སྙིང་རྗེ་ཚད་མེད་པ་ཞིག་གི་ཐོག་ནས་ཕྱིན་ཆད་སྡིག་པའི་རྒྱུན་འདི་དག་གཅོད་ཐུབ་པའི་ཐབས་ཤིག་ཅིས་ཀྱང་བྱའོ་དགོངས། དེ་ནས་ཉིན་གཅིག་མི་ཚན་གྱི་ཚོགས་འདུར་ཕེབས་ནས་གོང་གི་བཤའ་ལུག་དེ་དག་རྒྱུ་མཚན་དུ་མཛད་ནས་སྤྱིར་བཏང་ཤ་ཡི་ཉེས་དམིགས་དང་། ལྷག་པར་དམིགས་ཤ་ཟེར་བ་རབ་བྱུང་ལྟ་ཞོག་ཁྱིམ་པས་ཀྱང་ལོངས་སྤྱད་མི་ཆོག་པའི་མདོ་ལུང་དང་ཉེས་དམིགས་མང་དུ་གསུངས་ཏེ་མཐའ་མ་དུས་དེ་ནས་བཟུང་སྟེ་གཉེར་པའི་དུས་བཟང་སྐབས་ཤ་བཏང་མི་ཆོག་པ་དང་། ཇི་སྲིད་ནམ་གནས་བར་གཉེར་པའི་དུས་བཟང་སྐབས་ཉིད་ཀྱི་སྐུ་སྒེར་ནས་ཉིན་རེ་བཞིན་དགེ་འདུན་རེར་ཤ་དོད་དངུལ་ཕྱེད་བརྒྱད་རེ་འབུལ་རྒྱུའི་ཐེབས་རྩ་འཇོག་གནང་མཛད་པའི་མཛད་པ་རླབས་ཆེ་སྟེ། མགོན་སྐྱབས་བྲལ་བའི་གཡག་ལུག་མང་པོར་མི་འཇིགས་སྐྱབས་ཀྱི་སྦྱིན་པ་མཛད་པས་སོ། །
        དགུང་ལོ་དྲུག་ཅུ་པ་རབ་བྱུང་༡༦ ཆུ་རྟ་ཕྱི་ལོ་༡༩༤༢ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། ཁྲི་ལོ་དྲུག་སོང་བ་ས་བྱི་ལོར་རིགས་གྲྭ་བཏང་ནས་ཟུར་བཞུགས་ཀྱིས་རྒྱལ་བའི་སྐུ་ཚེ་ཚེ་སྒྲུབ་མཛད་བཞིན་བཞུགས། དགུང་གྲངས་དྲུག་ཅུ་རེ་བརྒྱད་པ་ལྕགས་སྟག་ཕྱི་ལོ་༡༩༥༠ ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །
                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།