འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་དྲུག་པ་དབྱར་གནས་མཁན་པོ་བསམ་བློ་ཆོས་འཕེལ་རྒྱལ་པོ་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-26 14:45:54     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

175478043468864316.jpg

                              བརྒྱུད་འདེབས་ལས།
                                       ཟབ་གསལ་ལུང་དང་རྟོགས་པའི་ཆོས་ཀྱི་རྔ། །
                                       སྒྲ་བརྒྱར་འཕེལ་བའི་ངོ་མཚར་དཔག་དཀའ་བ། །
                                       ཕྱོགས་ལས་རྣམ་རྒྱ༷ལ་རིགས་པའི་གཏེར་ཆེན་པོ། །
                                       ཟླ་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཞེས་བྱུང་།
                                       ༼འདི་ཡང་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་ཡིན།༽
        གདན་རབས་དྲུག་ཅུ་རེ་དྲུག་པ། དབྱར་གནས་མཁན་པོ་བསམ་བློ་ཆོས་འཕེལ་རྒྱལ་པོ་མཆོག་ནི། སྟོད་ལུང་རྣམ་པ་ཁང་གསར་ཞེས་པར་འཁྲུངས། གཞོན་ནུ་ཉིད་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གནས་ལྔ་རིག་པ་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ཐེ་པོ་ཆོས་མཛད། གྲུབ་དབང་གཞུང་པ་དགེ་བཤེས་ཚུལ་ཁྲིམས་རིན་པོ་ཆེ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྫོགས་པར་མཛད།
        རབ་བྱུང་༡༦ པའི་ཤིང་ཁྱི་ཕྱི་ལོ་༡༩༣༤ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། དེ་ནས་ལོ་ངོ་གསུམ་སོང་བ་མེ་བྱི་ལོར་མཁན་པོ་དགེ་འདུན་བློ་བཟང་གི་འཕྲོས་དང་བཅས་པའི་རིགས་གྲྭ་ལན་གཅིག་བཏང་། དེ་ནས་ལོ་དྲུག་སོང་བ་ཆུ་རྟ་ཕྱི་ལོ་༡༩༤༢ ལོར་རང་སྐལ་རིགས་གྲྭ་རྒྱས་པ་ཞིག་བཏང་ནས་ཆབ་ཞུགས་སྐབས་དན་བག་གླིང་གར་ལྷ་མོ་འཁྲབ་སྟོན་བྱས་པའི་ལོ་རྒྱུས་སྣང་། དེ་རྗེས་ཟུར་བཞུགས་མཛད། མཁན་ཟུར་རྣམས་རྒྱལ་བའི་སྐུ་ཚེ་ཚེ་སྒྲུབ་གནང་སྲོལ་ལྟར་སྐུ་ཚེ་ཚེ་སྒྲུབ་མཛད་མུར་ཕྱི་ལོ་༡༩༤༧ ལོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འབྲས་སྤུངས་ལ་ཆོས་ཞུགས་མཛད་ཆེན་སྐབས་སྐུ་མཚམས་གྲོལ་བའི་སྙན་སེང་མ་ཞུས་པར་ཕེབས་བསུ་སོགས་མཛད་སྒོ་ཁག་ལ་ཕེབས་པར་གཞུང་ནས་དབུ་ཉེས་ཕབ། དེ་རྗེས་ཤིག་ནས་སླར་ཡང་མཁན་ཟུར་ཐོབ་ཐང་རང་འཇགས་བྱུང་། མཐར་རབ་བྱུང་༡༦ ལྕགས་སྟག་ཟླ་བ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ཕྱེད་ཡོལ་ཙམ་ལ་༼ཕྱི་ལོ་༡༩༥༠༽བསྙུན་ཚུལ་བསྟན་ནས་དགོངས་པ་གཞན་དོན་དུ་གཤེགས་སོ། །
                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།