འབྲས་སྒོ་མང་གདན་རབས་རེ་བཞི་བ་འཇུར་ཕྱེད་མཁན་ཆེན་འོད་ཟེར་རྡོ་རྗེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-26 14:30:47     རྩོམ་པ་པོ།   སྒོ་མཁན་པོ་བསྟན་པ་བསྟན་འཛིན།    ཀློག་ཐེངས།  

77996044631369659.jpg

                           བརྒྱུད་འདེབས་ལས།
                                       བློ་བཟང་ངག་གི་དབང་ཕྱུག་ཉིན་མོར་བྱེད། །
                                       རྨད་བྱུང་འཆད་རྩོད་རྩོམ་པའི་འོད་ཟེར་གྱིས། །
                                       ཐུབ་བསྟན་འདབ་བརྒྱ་བཞད་མཛད་འགྲོ་བའི་མགོན། །
                                       རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་དྲུག་ཅུ་རེ་བཞི་པ། འཇུར་བྱེད་མཁན་ཆེན་འོད་ཟེར་རྡོ་རྗེ་མཆོག་ནི། སོག་པོ་ལ་ཕྱི་སོག་དང་ནང་སོག་གཉིས་སུ་འབོད་པའི་ནང་སོག་ཁུལ་ཐུ་མེད་ཤོག་ཏུ་འཁྲུངས། སྔོན་གྱི་ཐུགས་བསྐྱེད་ཀྱིས་བོད་ཡུལ་དབུས་སུ་ཕེབས་ཏེ་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་རྣམས་མཐིལ་ཕྱིན་སྦྱངས་པས་མཁས་གྲགས་ཀྱིས་དབུས་གཙང་ཡོངས་ལ་ཁྱབ། དགེ་བཤེས་གྲུབ་ནས་བཀྲ་ཤིས་ལྷུན་པོར་གནས་སྐོར་དུ་ཕེབས་པར་༸པཎ་ཆེན་གོང་མ་ནས་ཐུགས་བརྩེ་ཆེར་མཛད་ཅིང་ཐུགས་ཉར་གནང་། པཎ་ཆེན་རིན་པོ་ཆེར་ཆོས་ཀྱི་བཀའ་མཆིད་དང་བཀྲས་ལྷུན་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་སྟེ་ཡུན་རིང་པོར་བཞུགས་པར། ༸གོང་ས་བཅུ་གསུམ་པ་ཆེན་པོས་པཎ་ཆེན་ལ་ཕྱག་བྲིས་དང་། སྐུ་ཉིད་ལ་གདན་སར་ཕྱིར་ཕེབས་དགོས་པའི་བཀའ་ཡིག་བསྩལ་བར་བརྟེན། པཎ་ཆེན་ལ་དགོངས་ཞུས་ཀྱིས་འབྲས་སྤུངས་སུ་ཕྱིར་ཕེབས། འཇུར་བྱེད་མི་ཚན་དུ་བཞུགས་ནས་དཔེ་ཁྲིད་མུ་མཐུད་གནང་།
        རབ་བྱུང་༡༥ ས་ལུག་ཕྱི་ལོ་༡༩༡༩ ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཕེབས་ནས་སྒྲིག་ལམ་ཀུན་སྤྱོད་དང་། རྒྱུགས་བརྩི་བཞག་སོགས་སློབ་གཉེར་ལ་དམ་དྲག་ཆེ་བར་མཛད་པས་དགེ་བཤེས་ཐོན་ཆེ་བྱུང་། ཁྲི་ལོ་དྲུག་སོང་མཚམས་ཤིང་བྱི་ལོར་རིགས་གྲྭ་གཏོང་གནང་མཛད་དེ་སླར་ཡང་རིགས་གྲྭ་གཅིག་རིང་བཞུགས་རྩིས་ཡིན་འདུག་ཀྱང་། ཞབས་པད་བཤད་སྒྲ་སོགས་སྡེ་དཔོན་ཆེ་བཙན་འགའ་ཞིག་ལ་གྲྭ་ཚང་གི་ཆོས་གཞིས་ཁ་འཛིན་གཏན་འཇགས་སུ་ཤོར་བ་རྣམས་ཕྱིར་སྤྲད་དགོས་པའི་གྱོད་རྩ་བཙུགས་དང་འཛུགས་བཞིན་པར་འཁོན་འཛིན་ཆེ་བའི་བྱེད་འཕྲུལ་གྱིས། ཁྲི་ལོ་དགུ་སོང་མཚམས་རབ་བྱུང་༡༦ ས་འབྲུག་ཕྱི་ལོ་༡༩༢༨ ལོར་ལྷ་དབང་གླིང་དགེ་འདུན་བློ་བཟང་ཁྲིར་འཁོད་ནས་རང་ཉིད་ཟུར་བཞུགས་མཛད།
        ཡང་རྗེ་འདི་ཉིད་ཀྱིས་གཞན་རྒྱུད་མཁྱེན་པའི་དཔེ་མཚོན་ཙམ་ནི། དེ་སྐབས་འཛིན་གྲྭ་གཅིག་ལ་སྦྱིན་པ་ནས་ཤེས་རབ་བར་གྱི་མིང་ཅན་གྱི་དཔེ་ཆ་ཤིན་ཏུ་ལེགས་པའི་མི་དྲུག་ཡོད་པས་འཛིན་གྲྭ་དེ་ལ་གཞན་གྱིས་ཕར་ཕྱིན་དྲུག་གི་འཛིན་གྲྭ་ཟེར། རིམ་གྱིས་བཀའ་རམས་སུ་ཕེབས་ནས་མཚན་བཏགས་རིམ་འཁོར་ལ། མཚོ་ཁ་མི་ཚན་ཡིན་པ་ཨ་ལག་ཤ་སོག་པོ་ཚུལ་ཁྲིམས་ཞུ་བ་མཁས་གྲགས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ལ་མིང་བཏགས་གནང་དུས། ཁྱེད་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་ཐད་འགྲན་ཟླ་དང་བྲལ་ཞིང་དེང་སྐབས་ཁྱེད་འདྲ་བ་གདན་སར་དཀོན་ཡང་ལྷ་རམས་པའི་ལས་མི་འདུག་པས་གླིང་བསྲེའི་མཚན་བཏགས་ཤིག་བཞེས་ནས་དམ་བཅའ་བཞག་ན་དགའ་བ་འདུག་གསུངས་ནས་གླེང་བསྲེའི་མིང་བཏགས་གནང་བར་དགེ་བཤེས་དེ་གཏིང་ནས་མ་རངས་ཀྱང་དེ་དོན་ལྟར་གཏོང་སྒོ་དང་དམ་བཅའ་སོགས་བྱས། དེ་རྗེས་མཁན་པོ་དགེ་འདུན་བློ་བཟང་ཁྲིར་ཕེབས་པ་ན། དགེ་བཤེས་ཚུལ་ཁྲིམས་ཉིད་ནས་སླར་ཡང་བཀའ་རམས་སྐྱོར་དཔོན་ཞུས་ཏེ། སྐྱོར་དཔོན་གྱི་གྲྭ་སྐོར་ལོ་གཉིས་དང་མིང་བཏགས་གྲྭ་སྐོར་ལོ་གཅིག་བཅས་ཀྱི་གྲྭ་སྐོར་གྲུབ་ནས། སླར་ཡང་ལྷ་རམས་པའི་གཏོང་སྒོ་དང་། དགུན་ཆོས་སྐབས་གྲྭ་ཚང་ཆོས་གྲྭར་དམ་བཅའ་སོགས་འཇོག་གནང་མཛད། དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར། ཚེས་བཅུ་གསུམ་ཉིན་དམ་བཅའ་འཇོག་གཏན་འཁེལ་བས་ཁོང་ནས་བཅུ་གཉིས་ཉིན་ཨ་ལག་ཤ་དགེ་བཤེས་བློ་བཟང་ཟེར་བ་དེ་བོས་ནས་ཁྱེད་རང་ལ་ཡང་འཇུར་བྱེད་མཁན་པོས་ལྷ་རམས་པའི་ལས་མི་འདུག་ཟེར་ནས་ཚོགས་རམས་པ་གཏོང་བཅུག་པ་རེད། ང་ལ་ཡང་དེ་ལྟར་བཤད་ནས་གླེང་བསྲེ་གཏོང་བཅུག་བྱུང་། ད་ཁྱེད་རང་མཁན་ཟུར་རྡོ་རྗེའི་མདུན་དུ་ཕྱིན་ནས་ངས་འདི་ལྟར་ཟེར་གྱིན་འདུག་གྱིས། ཁྱེད་རང་གིས་ང་ལ་དེ་སྔ་ལྷ་རམས་པའི་ལས་མི་འདུག་ཅེས་བཤད་བྱུང་ཡང་། ང་ནི་སང་ཉིན་རྒྱལ་མཚན་དཀར་པོའི་འོག་ཏུ་དམ་བཅའ་འཇོག་གི་ཡོད་ཅེས་ལབ་ཞོག་ཟེར་བ་ལྟར་དགེ་བཤེས་བློ་བཟང་ཕྱིན་ནས་དེ་ལྟར་ཞུས་པར་མཁན་ཆེན་ནས་ལགས་སོ། ཐུགས་རྗེ་ཆེ། དེ་འདྲ་ཡིན་ནའང་། དོ་ནུབ་དཔལ་ལྷ་ཞི་དྲག་ལ་འཕྲིན་བཅོལ་ཡག་པོ་ཞིག་གཏོང་རོགས་གནང་ཞེས་གསུངས་འདུག དེའི་སང་ཉིན་ཚེས་བཅུ་གསུམ་གྱི་སྔ་ཆར་དགེ་བཤེས་དེ་ཉིད་ཞོགས་ཚོགས་སུ་གདོང་གྲལ་དུ་བཤད་པ་ལ་ཕེབས་སྐབས་གློ་བུར་དུ་ནད་ཞིག་ཕོག་སྟེ་འགྱེལ་ནས་སྐུ་ཚེ་མ་ཟིན་པས་དམ་བཅའ་འཇོག་རྒྱུ་མ་བྱུང་། ཡིན་ཀྱང་༸གོང་ས་བཅུ་གསུམ་པ་ཆེན་པོས་དགྱེས་གཟིགས་ཀྱིས་ལོ་དེའི་ལྷ་རམས་ཨང་དང་པོའི་ས་ཁོངས་སུ་འཇོག་གནང་མཛད་པ་རེད་ཅེས་བཤད་སྲོལ་ཡོད། སྒོ་མང་པ་རྣམས་ལ་རྗེ་འདི་ཉིད་འཇམ་དབྱངས་དཀར་པོའི་རྣམ་འཕྲུལ་དུ་གྲགས། དེ་ཡང་རྗེ་ཉིད་ཀྱི་མཚན་ལ་འོད་ཟེར་རྡོ་རྗེ་ཡིན་ཡང་འཇུག་ཏུ་གྲྭ་ཚང་གི་གསར་ཞུགས་འགའ་ལ་འཇམ་དབྱངས་ཀྱི་མཚན་ཟུར་འདོགས་གནང་མཛད་ཡོད། རྗེ་ཉིད་མཁས་གྲགས་ཤིན་ཏུ་ཆེ་བས་༸རྒྱལ་དབང་གོང་མ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་གཟིགས་པ་ཆེ་ཞིང་གཟིམ་ཆུང་མཇལ་ཁ་ཡང་ཡང་འོངས་པ་ཞིག་ཡིན་འདུག དེའི་དུས་སེར་བྱེས་མཁན་པོ་བྱ་བྲལ་ངག་དབང་ཕུན་ཚོགས་ཞུ་བ་མཁས་པ་ཆེན་པོ་༸གོང་ས་མཆོག་གི་སྤྱན་བསལ་ལྟ་བུ་ཞིག་ཡོད་པ་ཁོང་གཟིམ་ཆུང་མཇལ་ཁ་ཞིག་གི་སྐབས་གོང་ནས་སྒོ་མང་མཁན་པོ་དཔེ་ཆ་མཁས་ཚུལ་བཀའ་མོལ་གྱི་ལྷོངས་ཤིག་ལ་གསུངས་པར། བྱེས་མཁན་པོ་ནས་ངེད་གཉིས་དཀར་སྤྲོ་ལྟ་བུར་ཚོགས་ལངས་ཤིག་བྱུང་ན་ཞུས་པར། སྒོ་མང་མཁན་པོའི་ཁ་གཏད་ག་འདྲ་ཡོང་འགྲོ་འགྲིག་གི་རེད། དཔེ་ཆ་ཡག་པོ་གཟིགས་ཞོག་ཅེས་བཀའ་ཕེབས་པར་བཤད། དེ་ནས་འཆར་ཅན་ལོ་གསར་དུས་གཏུགས་ཉིན་ཤས་མཚམས་སེར་བྱེས་མཁན་པོ་ལ་ལོ་གསར་དཀར་སྤྲོའི་ཚོགས་ལངས་དང་ཟླ་བོ་སྒོ་མང་མཁན་པོ་ཡིན་པའི་བརྡ་ཐོ་གནང་། སྒོ་མང་མཁན་པོ་ལ་གནམ་གང་ཉིན་ཉི་མ་མ་བཞུད་ཙམ་དུ་སང་ཉིན་ལོ་གསར་དཀར་སྤྲོའི་ཚོགས་ལངས་ཡིན་པས་དུས་འབྱོར་དགོས་རྒྱུ་དང་། ཟླ་བོ་སེར་བྱེས་མཁན་པོ་ཡིན་པའི་བརྡ་ཐོ་འབྱོར་བར། ༸གོང་ས་ཆེན་པོའི་སྐུ་ཡི་གཟི་བརྗིད་ཤིན་ཏུ་ཆེ་ཞིང་། སེར་བྱེས་མཁན་པོ་ཡང་མཁས་གྲགས་ཆེ། འདི་ན་སང་ནམ་ཕྱེད་ཙམ་ལ་བླ་བྲང་གི་མཛད་སྒོ་དང་། དེ་ནས་སྒོ་མང་མགོན་ཁང་དུ་ལོ་གསར་ཚེས་གཏོར་མཛད་སྒོ་དང་། དེ་ནས་ནམ་མ་ལངས་གོང་ནས་རྩེ་ཞོལ་དུ་འབྱོར་དགོས་པས་བྱ་ལོང་མི་འདུག་དགོངས་ནས་བཀའ་པོད་ལྔའི་དཀའ་གནད་ཆེ་རིགས་ཡིད་གཤར་བྱེད་ཅིང་ཡོད་པར་དཔེ་ཆའི་ཁྲོད་ནས་ཤོག་ལྷེ་ཞིག་ཚུར་རིང་པོ་འདུག་པ་གཟིགས་པས་རྣམ་འགྲེལ་ཐར་ལམ་གསལ་བྱེད་དཀའ་ས་ཞིག་ཁེལ་བས་དེ་ག་གཟིགས་རྟོག་གནང་། སང་ཚོགས་ལངས་སྐབས་བྱེས་མཁན་པོ་ནས་རྣམ་འགྲེལ་དེའི་ཐད་རང་བགྲོ་གླེང་བཏང་བྱུང་བར་ཡ་མཚན་པ་ཞིག་བྱུང་གསུངས། ཕར་ཡང་རྣམ་འགྲེལ་གྱི་གཞུང་དེ་ག་རང་ནས་རྟགས་གསལ་བཏང་བས། ཁོང་རྣམ་གཉིས་སྟག་སེང་ཁ་འཐབ་པ་ལྟ་བུ་ལུང་རིགས་ཀྱི་རྩལ་རྫོགས་པའི་མཁས་ཆེན་ཡིན་སྟབས་ཕན་ཚུན་བྲག་ཐོག་ནས་ཆུ་འབབ་པ་ལྟ་བུའི་ལུང་རིགས་དང་འབྲེལ་བའི་སྒྲུབ་བྱེད་དང་འཛིན་མཚམས་ཕྲ་མོ་བློ་ཡུལ་ལས་འདས་པ་ལྟ་བུ་བྱུང་བས་༸གོང་ས་མཆོག་དགྱེས་ཉམས་ཆེ་ཞིང་དཀར་སྤྲོའི་ཚོགས་ལངས་ལ་དཔེ་མཚོན་འོས་པ་ཞིག་བྱུང་བའི་བཤད་སྲོལ་འདུག ཕལ་ཆེར་བྱེས་པ་ནས་སྒོ་མང་མཁན་པོ་རྣམ་འགྲེལ་དེ་ཙམ་ཨེ་ཡོད་དགོངས་ཡོད་བཟོ་འདྲ་ཟེར་སྐད།
        ཡང་བློ་གླིང་ཞལ་ཟུར་ཨ་དར་དང་ཕྱག་སྦུག་རྣམས་མ་མཐུན་པར་གཞུང་གཏུགས་གྱུར་པར་ཨ་དར་གྱི་ཞུ་རྩའི་ནང་ཚ་ཕྱག་ནས་ཆུ་བྱི་རྒྱ་བོད་དམག་ཟིང་སྐབས་རྒྱ་ངན་དང་ལག་སྦྲེལ་བྱས་ཚུལ་སོགས་ཞུ་རྩ་མང་པོ་བཙུགས་མཐར་བཀའ་དཔྱད་དུ་ཚ་ཕྱག་མཁྱེན་རབ་བྱམས་པ་དང་། ཕུ་ཕྱག་ངག་དབང་ཉི་མ་གཉིས་ཀྱི་ཤག་དངོས་གཞུང་བཞེས་ཐོག་རྒྱང་འབུད་དུ་གཏོང་གནང་ལ། བློ་གྲྭ་ཨ་འཇམ་སྣ་ལེབ་སོགས་ནས་གྲྭ་པ་མང་པོ་གཡབ་སྟེ་ནོར་གླིང་ཕོ་བྲང་དུ་འབྱོར་ནས་ཚ་ཕུའི་ཕྱག་མཛོད་གཉིས་གློད་བཀྲོལ་དང་ཤག་དངོས་རྣམས་གསོལ་རས་ཡོང་བའི་སྐད་འབོད་ཞུས་པར་བརྟེན། གཞུང་ནས་དགོངས་འགལ་གྱིས་བྱེད་གཙོ་སུ་ཡིན་བཀའ་རྩད་ཕེབས་པར། སླར་ཡང་དགོན་ནང་གྲྭ་པ་མང་པོ་འདུ་འཛོམས་ཀྱིས་མགོ་བྱེད་དེ་རྣམས་རྩིས་སྤྲོད་མི་བྱེད་རྒྱུའི་ཁ་དན་བྱས། གཞུང་ལ་ཡ་ལན་སྤྲོད་སེམས་མེད་ཀྱང་ད་དུང་གྲྭ་ཚང་ངོས་ནས་འགོ་གཙོ་རྣམས་རྩིས་འབུལ་མ་ཞུས་པར་བརྟེན། ༸གོང་ས་སྐྱབས་མགོན་ཆེན་པོས་ཐབས་མཁས་ཀྱིས་སྔར་འཕྲོས་འཕྱར་རྒྱག་གདེངས་གསུམ་གྱི་དམག་སྤྱི་དང་། དབུས་མདའ། གཙང་མདའ་རུ་དཔོན་མཚོ་སྒོ་བ་སོགས་འགོ་དམག་རྣམས་དགོན་པའི་གཡས་གཡོན་འདབས་རོལ་དུ་གཏོང་གནང་གིས་ལེ་ཐོགས་བཏང་ཤོར་མེད་པ་དང་། དགོན་པར་མེ་འཕེན་མི་ཆོག་པའི་བཀའ་ནན་ཟབ་འདོམས་ཀྱིས་གཏོང་གནང་མཛད། དགོན་པའི་རྒྱབ་མདུན་མདའ་ཞབས་དམག་མིས་བསྐོར། རུ་དཔོན་མཚོ་སྒོ་བ་དཔུང་བཅས་གནས་ཆུང་མཇིང་པར་སྡོད་སྐབས་མཚོ་སྒོ་བ་ནས་དགོན་པ་བྱ་སྐྱག་ཙམ་འདི་ཞོགས་ལས་གཅིག་གི་དགྲ་ཡིན་ཞེས་དཔའ་སྐད་ཀྱང་བསྒྲགས་སྐད། དུས་དེར་བསྟན་སྐྱོང་ཆེན་མོ་དྲག་རྒྱལ་མ་ཁྲོས་ཏེ་གློ་བུར་དུ་དགེ་འཕེལ་རི་ཐད་ནས་སྤྲིན་ནག་ཅིག་བྱུང་བ་རབ་ཏུ་འཁྲུགས་ཏེ་གནམ་ས་གས་པ་ལྟ་བུའི་འབྲུག་སྒྲ་དྲག་པོ་དང་བཅས་སྔ་ན་མ་གྲགས་པའི་ཆུ་ལུད་བརྒྱབ་པ་ལྟ་བུའི་དྲག་ཆར་ཚོད་མེད་པ་ཞིག་བབས་པས་དན་བག་འགྲམ་གྱི་དམག་མི་རྣམས་ལམ་གང་ཐོབ་ཀྱིས་བྲོས། འགའ་ཞིག་ཕར་ཙམ་ཆུས་ཁྱེར་སྐད། དཔའ་སྐད་ཅན་གྱི་རུ་དཔོན་མཚོ་སྒོ་བ་ཡང་ཅི་བྱ་མེད་པར་སྦྱར་སྡོང་ཞིག་གི་རྩེར་འཛེགས་ནས་སྡོད་དགོས་བྱུང་བ་དང་། དགོན་པའི་གཡས་གཡོན་དུ་ཆུ་ཤུལ་གྱི་གྲོག་རོང་ཡོད་པ་དེ་རྣམས་དེ་དུས་བྱུང་བ་རེད་ཅེས་གྲྭ་བགྲེས་རྣམས་ཀྱི་ངག་རྒྱུན་དུ་ཡོད། ཡང་དེའི་སྐོར་གཞུང་གི་ཚོགས་འདུ་རྒྱས་འཛོམས་སར་འདིའི་ཐད་ཁྱེད་ཚོ་འབྲས་སྤུངས་གྲྭ་ཚང་བཞི་ཀ་གཅིག་པ་ཡིན་ནམ་ཁག་ཁག་ཡིན་ཞེས་བཀའ་རྩད་བྱུང་བར་སྒོ་མང་ལས་ཐོག་པ་ཉིད་ནས་ང་ཚོ་གྲྭ་ཚང་བཞི་ཀ་ཞོགས་པ་མང་ཇའི་ཆབ་སྐད་བརྒྱབ་དུས་ཚང་མ་འདུ་ཁང་གཅིག་གི་ནང་ཚོགས་ནས་ཆུ་དང་འོ་མ་འདྲེས་པ་ལྟ་བུ་ཡིན། ཡང་གྲྭ་ཚང་སོ་སོའི་ཡང་སྟེང་ནས་འཁར་རྔ་རེ་རྡུང་དུས་གྲྭ་ཚང་སོ་སོ་ལས་གཞན་འགྲོ་མི་ཆོག དེ་ནས་ཡང་ཁང་ཚན་སོ་སོར་ཐོབ་ཁུངས་སམ་ཕ་ཡུལ་སོ་སོ་དེ་འདྲ་རེད། འདི་ནི་པགས་རྩག་ནང་གི་ཤིག་ལྟ་བུ་རེད། པགས་རྩག་ཁོ་རང་ཕན་ཐོགས་པོ་ཡོད་པ་རེད་པ་ཞེས་ཞུས་པར་དེ་ལ་བཀའ་ལན་གང་ཡང་མ་བྱུང་། ཡང་ཚོགས་འདུའི་ཐོག་བཀའ་མོལ་ཞོར་འཕྲོས་ཤིག་ལ་སྔོན་ཕ་ཡུལ་ནས་ཡོང་དུས། དགོང་གཅིག་པགས་རྩག་ནང་ཤིག་གིས་ཟོས་ནས་ཉལ་མ་ཐུབ་པར་ཁོང་ཁྲོ་ལངས་ནས་པགས་ཚག་མེར་བསྲེགས་གཏོང་གྲབས་བྱས་པར་མེར་བསྲེགས་ན་གྱོན་གོས་མེད་པས་ནང་གི་ཤིག་རྣམས་བསལ་ནས་ཉལ་བས་ཤིན་ཏུ་སྐྱིད་པར་བྱུང་ཞེས་གསུངས། ཡང་ཉིན་གཅིག་བློ་གླིང་འདུ་ཁང་ནང་གྲྭ་པ་མང་པོ་འཚོགས་ཏེ་སྒོ་རྣམས་བརྒྱབ་ནས་གཞུང་སར་ཡ་ལན་སྤྲོད་རྒྱུའི་གྲོས་བསྡུར་བྱེད་སྐབས། རྗེ་ཉིད་ནས་མཁྱེན་ཏེ་གསོལ་དཔོན་ཁྲིད་ནས་ཕེབས་ཏེ་སྒོ་བརྡུངས་པར་ནང་ནས་སུ་ཡིན་བྱས་པར། ང་སྒོ་མང་མཁན་པོ་ཡིན་ལགས་སྒོ་ཞིག་ཕྱེ་རོགས་གསུངས་པར། རྒྱུན་ལྡན་རྗེ་ཉིད་ལ་ཀུན་གྱིས་བརྩི་བཀུར་ཆེ་སྟབས་སྒོ་ཕྱེ་བྱུང་བར། དེ་འཕྲལ་རྗེ་ཉིད་འདུ་ཁང་གྲལ་མཇུག་ནས་ཆོས་གོས་བཞེས་ཏེ་ཕྱག་གསུམ་འཚལ་བས། གྲྭ་མང་ཐམས་ཅད་ཡར་བཞེངས་ཏེ་རྗེ་ཉིད་གྲལ་འགོར་བཞུགས་སུ་བཅུག དེའི་སྐབས་རྗེ་ཉིད་ནས་དེར་འདུས་དགེ་འདུན་ཡོངས་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་དགོན་འདིའི་སྔར་དང་ད་ལྟ། མ་འོངས་བཅས་ཀྱི་མཛད་ཕྱོགས་གང་ཅི་དགོངས་བཞེས་གནང་དགོས་པའི་བཀའ་སློབ་མཐིལ་ཕྱིན་གནང་བས། དེར་འདུས་ཀྱི་གྲྭ་བགྲེས་མང་པོས་མིག་ནས་མཆི་མ་བྱུང་ཞིང་། གྲྭ་མང་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་ནས། ཁོང་རྣམས་ཀྱི་གྲོས་བསྡུར་ཁ་ཕྱོགས་བསྒྱུར་ཐུབ་པ་བྱུང་བ་དང་བྱེད་ཕྱོགས་གང་འདྲ་བྱེད་དགོས་ཀྱི་བཀའ་སློབ་དང་འབྲེལ་གྲོས་བསྡུར་ཡང་ཡང་གནང་། མཐར་ངོ་རྒོལ་གྱི་ཐལ་ཆ་མ་དགོས་པར་རང་ཚུགས་ཐུབ་པའི་ཐབས་ལམ་བྱུང་བར་བརྟེན་ཁོང་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འཕྲུལ་རེད་ཅེས་བློ་གླིང་ཕལ་ཆེར་གྱིས་གླེང་ཞེས་ཟེར། དུས་དེར་གཙོ་བོར་འབྲས་སྤུངས་བླ་སྤྱི་དང་། གནས་ཆུང་སྡེ་པ་ཞེས་པའི་མི་གྲགས་ཅན་ཞིག་ཡོད་པ་དེ་དང་། ཀུན་གླིང་། སྡེ་དྲུག་སོགས་ནས་ལྷ་དགོངས་དྭངས་ཐབས་གསོལ་འདེབས་དང་སྦྲགས་འགོ་བྱེད་མི་བཅུ་གཉིས་རྩིས་འབུལ་ཞུས། ལུས་སྟེང་དུ་རྩ་ར་མེད་པ་སོགས་ལ་མི་རེ་རྩིས་སྤྲོད་སྩོལ་ཐུབ་པའི་མཛད་ཕྱོགས་ལམ་ལྷོང་བྱུང་། སྡེ་གཟར་གྱི་རྗེས་སུ་འབྲས་སྤུངས་ཁྲི་པ་བར་ཐོག་སྤྲུལ་སྐུ་སྒོ་ཟུར་འཇིགས་མེད་རྒྱ་མཚོ་དང་། བློ་གླིང་། རྒྱལ་པ། འདུལ་བ། ཤག་སྐོར་མཁན་པོ་བཅས་ཀྱི་ཁ་དབང་གཞུང་བཞེས་ཐོག་གནས་དབྱུང་གནང་། སྒོ་མང་ལས་ཐོག་པ་རྗེ་འདི་པ་དང་། མཁན་ལས་ཟུར་གཞན་རྣམས་ལ་བཀའ་ཉེས་གསེར་སྲང་སྤྱི་མཚུངས་ཕེབས་ན་ཡང་། རྗེ་འདི་ལ་དམིགས་བསལ་གྱི་མཁན་པོ་ཁྲི་པའི་མཚན་གནས་སྤར་ཐོག་གཞུང་སའི་མཁན་ཆེན་གོ་གནས་དང་། ཞབས་ཕྱགས་འཇའ་ཆེན་སོགས་གཟིགས་གསོས་བསྩལ་བ་བྱུང་ཞེས་གླེང་།
        རྗེ་ཉིད་འབྲས་སྤུངས་ཁྲི་པ་གནང་སྐབས་བླ་སྤྱིར་དཔལ་འབྱོར་གྱི་འཁོས་ཀ་ཞན་སྟབས་བླ་སྤྱིའི་བཀའ་མོལ་ཐོག་ཚོང་པ་ཞིག་བཏང་ན་དང་། ས་ཞིང་བོགས་འདེབས་བྱས་ན་ཟེར་བ་སོགས་གླེང་མོལ་བྱུང་བར་རྗེ་འདི་ཉིད་ནས་དེ་རྣམས་གྲྭ་པའི་ལས་སུ་མི་འོས་པས། དེ་བས་རྗེ་བཙུན་སྒྲོལ་མར་དངོས་གྲུབ་ཅིག་ཞུས་ན་ལེགས་ཚུལ་གསུངས་པར་དེ་བཞིན་མོལ་འཆམས་བྱུང་།དེ་ནས་བླ་སྤྱི་མཁན་ལས་ཟུར་རྣམས་སོ་སོ་ནས་མཁན་པོ་ཚང་འཛོམས་ཐོག་སྒྲོལ་ཆོག་དཔག་བསམ་སྙེ་མ་ཟླ་རེར་གསུང་སྲོལ་དང་། འདོན་པའི་སྐད་གདངས་ཀྱང་སོག་པོའི་འདོན་སྟངས་ལྟ་བུ་ཡོད་ཅེས་མཁན་ཆེན་གོང་མ་དག་གིས་གསུངས། དེ་ནས་བཟུང་འབྲས་སྤུངས་བླ་སྤྱི་ཞེས་གཞན་ལ་སྨོན་མི་དགོས་པའི་ཡར་འགྲོའི་མགོ་དེ་ནས་ཚུགས་པར་བཤད། འདིར་གཞན་དུ་གསལ་ཆ་མ་འཁོད་ཀྱང་གོང་མའི་ངག་རྒྱུན་ཁུངས་དག་རྣམས་ཡལ་བར་དོགས་ནས་ཡིག་ཚོགས་ལ་མ་འཛེམས་པར་བྲིས་པས་མཁྱེན་དགོས་སོ། །
        ཡང་རྗེ་ཉིད་གསར་པའི་སྐབས་ལྗང་དགུན་ཆོས་སུ་ཞིང་ཁའི་རྩིག་རའི་ཟུར་དུ་སླེའུ་ཕུབ་སྟེ་བཞུགས་ནས་རྩོད་གྲྭར་ཕེབས་སྐབས་བ་ཕྱུགས་ཀྱིས་གནོད་འཚེ་ཡང་ཡང་བྱུང་བའི་དཀའ་ངལ་ཉམས་མྱོང་གིས། ལྗང་དགུན་ཆོས་ཀྱི་སྒོ་མང་ཁང་པ་རྙིང་པ་དེ་ཡང་མཁན་པོ་འདིའི་ཐོག་བསྐྲུན་འདུག དེའི་གོང་དུ་ལྗང་སྟོད་དུ་ཚོགས་ཆེན་འདུ་ཁང་དང་། རྭ་སྟོད་སྤྱི་ཁང་ལས་མེད།དེ་རྗེས་གོང་འཁོད་སྒོ་མང་ཁང་པ་དང་། དེ་ནས་སེར་སྨད་སྤྱི་ཁང་། དེ་ནས་སེར་བྱེས་སྤྱི་ཁང་། དེ་ནས་བློ་གླིང་སྤྱི་ཁང་། དེ་ནས་ཡང་སྒོ་མང་སྤྱི་ཁང་གསར་པ་བཅས་དང་། གདན་སའི་ཁང་ཚན་འགའ་ཤས་ནས་ཁང་པ་བསྐྲུན་པར་བྱས། དེ་བཞིན་དུས་དེར་ཕྱི་ལྟར་རྣམ་འགྲེལ་དར་རྒྱས་ཆེ་བ་བྱུང་། ས་ཁུལ་དེར་ལྗང་ཞེས་འབོད་པའང་སྔོན་སློབ་དཔོན་ཕྱོགས་གླང་གིས་རྡོ་ལེབ་ལྗང་གུ་ཞིག་གི་ངོས་སུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་བྲིས་པའི་རྡོ་དེ་ལྗང་གི་ས་གནས་དེར་འཁོར་བཞིན་ཡོད་པས། ཚོགས་ཆེན་མདུན་དེར་ཕྱག་འཚལ་སྐབས་རྡོ་དེ་དང་ཕྲད་ན་ཚད་མའི་གཞུང་ལ་མཁས་པོ་འོང་ཞེས་བཤད་སྲོལ་ཡོད། དེས་ན་ལྗང་ཞེས་ལ་མགོ་ཅན་འབྲི་སྲོལ་ཡོད་དོ། །
       དེའི་ཡང་སྤྲུལ་བསྟན་པ་དར་རྒྱས་མཆོག་ལྷ་སར་འཁྲུངས་ནས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་མོར་གསན་བཞེས་མཛད་བཞིན་པའི་སྐབས། ཕྱི་ལོ་༡༩༥༩ དུས་འགྱུར་བྱུང་ནས་ད་ལྟ་ལྷ་སར་འཚོ་ཞིང་གཞེས་པ་འདི་ལགས་སོ། །

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།