འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་གཅིག་པ་ཐུ་མེད་སྦྱིན་པ་རྒྱ་མཚོ་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-14 22:00:16     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

16675322714572450.jpg

        གདན་རབས་དྲུག་ཅུ་རེ་གཅིག་པ། ཐུ་མེད་སྦྱིན་པ་རྒྱ་མཚོ་མཆོག་ནི། སོག་པོ་ཐུ་མེད་ཤོག་གི་དཔོན་ཆེན་འབྱོར་ལྡན་ཞིག་གི་སྲས་སུ་འཁྲུངས། བོད་ཡུལ་དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་འཇུར་བྱེད་མི་ཚན་དུ་བཞུགས་ནས་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་སློབ་གཉེར་ལ་ཐུགས་རུས་མཛད་པས་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་དཔེ་མེད་བྱུང་། དགེ་བཤེས་མིང་བཏགས་གཏོང་སྐབས་གྲྭ་ཚང་ཆོས་མཛད་ཀྱི་མཚན་གནས་བཞེས་སྟབས་ཐུ་མེད་ཆོས་མཛད་ཅེས་པའི་མཚན་ཆགས། ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་མཁྱེན་རྒྱ་ཤིན་ཏུ་ཆེ་བས་གུང་རུ་མཁན་ཆེན་གྱི་རྗེས་སུ་རབ་བྱུང་༡༥ མེ་རྟ་ཕྱི་ལོ་༡༩༠༦ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས་ནས་སློབ་གཉེར་ལ་དོ་དམ་ཐོག ཉིན་ལྟར་གྲྭ་ཚང་ཕྱག་སྦུག་ཁང་དུ་ལས་དོན་ཚགས་ཚུད་ཡོད་མིན་དང་། སྤྱི་རྫས་རྣམས་བར་མ་དོར་ཆུད་ཟོས་སུ་འགྲོ་མིན་ཞིབ་འཇུག་ནན་ཆེ་མཛད་སྟབས། ལས་བྱེད་པ་རྣམས་ཀྱིས་འདི་ཉིད་མཇལ་བ་ཙམ་ནས་འདར་དགོས་པ་ཞིག་ཡོད་ཚུལ་གླེང་། འོན་ཀྱང་ཁྲི་ལོ་གསུམ་སོང་བ་ས་བྱ་ལོར་གློ་བུར་གཤེགས།
        སྐབས་ཤིག་བློན་ཆེན་བཤད་སྒྲ་བས་གདན་ས་གསུམ་གྱི་མཁན་པོ་རྣམས་ཚོགས་འདུ་བསྐོངས་ཏེ་གསུངས་གསལ། དེང་དུས་གདན་སར་དཔེ་ཆ་ཤེས་མིན་ལ་མ་ལྟོས་པར་གྲྭ་བ་མང་དྲགས་འདུག་པས་ཉུང་དུ་གཏོང་དགོས་ཀྱི་འདུག དེ་ཡང་མཁན་པོ་སོ་སོས་ཐུགས་འཁུར་བཞེས་ཏེ་རྒྱུགས་ཚ་ནན་བླངས་ཐོག་རྒྱུགས་མ་འཕྲོད་པའི་རིགས་གདན་སར་སྡོད་མི་ཆོག་པ་བཟོ་དགོས་གསུངས་པར་མཁན་པོ་གཞན་གྱིས་ལན་འདེབས་མ་ནུས་པར་ཡོད་སྐབས་མཁན་པོ་འདི་ཉིད་ཀྱིས་འཚེར་སྣང་སྤུ་ཙམ་མེད་པར། སྐུ་ངོས་བཀའ་གནང་བ་དེ་ཧ་ཅང་ཡག་པོ་འདུག སངས་རྒྱས་ཀྱི་བསྟན་པ་ལ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད། ལུང་གི་བསྟན་པའི་རྒྱུགས་ལེན་རྒྱུ་ངེད་མཁན་པོ་ཚོས་བཀའ་བཞིན་སྒྲུབ་ཆོག ལས་སླ་བོ་རེད།འོན་ཀྱང་རྟོགས་པའི་བསྟན་པའི་རྒྱུགས་ལེན་རྒྱུ་ངེད་ཚོས་རྩ་བ་ཉིད་ནས་ནུས་ཀྱི་མེད་པས་དེ་སྐུ་ངོ་ཉིད་ནས་བཞེས་རོགས་ཞུས་པས་བློན་ཆེན་གསུང་རྒྱུས་གཏུགས་ཏེ་སྐུ་རླུང་གཏིང་ནས་ལང་བཞིན་བཞུགས་དགོས་བྱུང་། དེ་རྗེས་ཚོགས་འདུ་ཞིག་གི་སར་བློན་ཆེན་ནས་སྒོ་མང་མཁན་པོ་སྐུ་གཤེགས་པའི་གཏམ་ཐོས་འཕྲལ་ཕྱག་རྡེབ་བཞིན་ཨ་ཁ་ཁ་འགྲིགས་མ་སོང་གསུངས་སྐད། དེ་དུས་འགའ་རེས་ཁོང་གིས་སྐྱེས་བུ་དམ་པ་སྐུ་གྲོངས་པ་ལ་ཐུགས་ཁྲལ་གནང་བ་རེད་བསམས་ཡོད་ཀྱང་། ཡིན་རྒྱུ་ནི་སྒོ་མང་མཁན་པོར་འཁོན་ལན་གྱི་ཚིག་སློག་མ་ཐུབ་པར་མཁན་པོ་གྲོངས་པ་ལ་ཐུགས་ཁྲལ་གནང་བ་ཡིན་པར་གླེང་།
        བརྒྱུད་འདེབས་ནང་འདི་ཉིད་ཀྱི་གསོལ་འདེབས་མི་སྣང་བ་ནི། སྔོན་དུས་སྐབས་ཤིག་ནས་འབྲས་སྤུངས་མཁན་པོ་རྣམས་ལོ་དྲུག་ངེས་པར་བཞུགས་དགོས་པར་བཅས་པ་དང་། ལོ་དྲུག་པའི་མཚམས་སྔགས་པ་མ་གཏོགས་རིགས་གྲྭ་འཁོར་བས་གྲྭ་ཚང་གི་ཁྱད་ཀྱིས་རིགས་གྲྭ་རྒྱས་བསྡུས་གསུམ་ཡོད་པ་མཁན་པོ་སོ་སོ་ནས་སྔར་ལམ་ལྟར་གཏོང་དགོས། སྒོ་མང་མཁན་པོས་གྲྭ་ཚང་ལ་ལྷག་མཆོད་ཉིན་བླ་བྲང་རང་ནས་གསོལ་འདེབས་ཤོ་ལོ་ཀ་གཅིག་དང་ཞབས་བརྟན་ཤོ་ལོ་ཀ་གཅིག་བཅས་སྔོན་ནས་རྩོམ་བསྐུལ་ཞུས་པ་དེ་ཉིད་ཚོགས་སུ་འགྲེམ་སྤེལ་ཞུས་ཏེ། རྣམ་ཀུན་དགོང་མོ་སྐུ་རིམ་སྐབས་ལས་ཉིན་གུང་གྲྭ་ཇར་བླ་བརྒྱུད་གསུང་སྲོལ་མེད་ཀྱང་དེའི་ཉིན་དམིགས་བཀར་གྲྭ་ཇར་བླ་བརྒྱུད་གསོལ་འདེབས་ཚར་གཅིག་གསུང་རྒྱུར་གསོལ་འདེབས་གསར་པ་ཚིག་མཚམས་སུ་བཅུག་པ་ནས་བཟུང་། བརྒྱུད་འདེབས་ནང་འཆར་ཅན་གསུང་སྲོལ་ལ་འདི་ཉིད་དེ་ལྟར་མ་བྱུང་ཁར་གུང་རུ་མཁན་ཆེན་དང་དགའ་གདོང་རྣམས་ལ་སེལ་བྱུང་ཞིང་བླ་སྤྲུལ་བཀའ་རམས་གྲྭ་བགྲེས་རྣམས་ཀྱི་ཐུགས་ལ་མ་བབས་པས་ཀྱང་བྱུང་བར་མངོན། དེ་ཡང་མཁན་པོ་དེ་ཉིད་ཐོག་མར་སློབ་གཉེར་གནང་སྐབས་ནས་བཟུང་ཕ་ཡུལ་ནས་བསྐུར་མ་འབྱོར་ཐེངས་རེར་དངུལ་རྟ་རྨིག་མ་བརྒྱ་སྐོར་ལས་མི་ཉུང་བ་འབྱོར་བ་ནས་རང་གིས་བེད་སྤྱད་པའི་ལྷག་གང་ཡོད་དེ་མོ་བླ་བྲང་ངམ་བསྟན་རྒྱས་གླིང་བླ་བྲང་ལ་བཅོལ་ནས། གུང་རུ་མཁན་ཆེན་ལོ་དྲུག་གི་རྗེས་སུ་རང་ཉིད་སྒོ་མང་གི་ཁྲིར་ཕེབས་པར་ངེས་པས་དེ་སྐབས་ཚུར་ཞུ་དགོངས་ན་ཡང་། དགའ་གདོང་ཆོས་སྐྱོང་དང་། ཀུན་མཁྱེན་རིན་པོ་ཆེ།དམེ་ཤུལ་མཆོག་སྤྲུལ་རིན་པོ་ཆེ། གྲྭ་ཚང་བཅས་ནས་གུང་རུའི་མཁན་ཆེན་ལ་སླར་ཡང་རིགས་གྲྭ་གཅིག་རིང་བཞུགས་པར་ནན་ཞུས་ཀྱིས་བཞུགས་རྒྱུར་ཐུགས་གཏན་ཁེལ་སྟབས། ཁོང་གི་ཐུགས་ལ་མ་བབས་པའི་འཁོན་དང་པོ་བྱུང་ཞིང་། དེ་རྗེས་མཁན་ཆེན་རིགས་གྲྭ་ལན་གཉིས་པའི་སྐབས། བསྟན་རྒྱས་གླིང་བླ་བྲང་དབུ་ཉེས་བྱུང་བས་ཚང་མ་གཞུང་བཞེས་ལ་སོང་ནས། ཁོང་མཁན་ཁྲིར་ཕེབས་སྐབས་བཅོལ་མ་ལེན་རྒྱུ་མེད་པར་གྱུར་སྟབས་ཡང་བསྐྱར་གུང་རུ་མཁན་ཆེན་ལ་འཁོན་དམ་དུ་བཟུང་ནས་མཁན་ཆེན་གྱི་མཛད་པར་སྐྱོན་འདོགས་སྣ་ཚོགས་མཛད་པ་དཔེར་ན། གུང་རུ་མཁན་ཆེན་དུས་དགའ་གདོང་དབྱར་གསོལ་བཙུགས་ནས་གྲྭ་མང་དགའ་གདོང་ལ་ཕེབས་ནས་དེར་ཉིན་གཅིག་ཆོས་གྲྭ་འཚོག་དགོས་པ་དང་། དབང་བཀའ་གསུང་ཆོས་ཡང་ཡང་གནང་བས་ཌ་དྲིལ་དཀྲོལ་བར་མཛད་པར་ཁོང་ནས་ཆོས་གྲྭའི་བརྩི་བཞག་སྐབས་ད་ལྟ་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གྲོང་གསེབ་ནང་འཚོག་དགོས་པའི་དུས་མིན་ཟེར་བ་དང་། འགའ་ཞིག་གིས་གཞིས་དགོན་ནང་སླེབས་པ་ལྟ་བུ་ཌ་དྲིལ་དཀྲོལ་ཟེར་བ་སོགས་དང་། ཆོས་གྲྭ་འོག་དང་མཁན་ཟུར་གཟིམ་ཤག་ཤིན་ཏུ་ཐག་ཉེར་ཡོད་སྟབས། ཕ་རྒན་ཁོས་འདི་འདྲ་བྱེད་ཀྱིན་ཡོད་ཅེས་སྐད་ཆེན་འབོད་པ་དང་། གཞན་ཡང་སྐྱེས་ནས་རིམ་པས་ཤི་བ་ཆོས་ཉིད་ཡིན། ང་ཁྲི་ཐོག་འདིའི་སྐབས་ཤི་ན་དགའ་གདོང་ཆོས་སྐྱོང་ནུས་པ་ཡོད་པའི་རྟགས་ཡིན་ཟེར་བ་སོགས་གུང་རུ་མཁན་ཆེན་དང་དགའ་གདོང་ཆོས་སྐྱོང་ལ་སྙད་འདོགས་ཀྱི་གསུང་འཕྲོས་སྣ་ཚོགས་མཛད་པའི་སྟབས་ཀྱིས་དགའ་གདོང་འཁོན་པ་ཡིན་ཞེས་སྒོ་མང་པ་རྣམས་གླེང་ངོ་། །
                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།