འབྲས་སྒོ་མང་གདན་རབས་ཉེར་བདུན་པ་རྡོ་རྗེ་འཆང་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་འཕྲིན་ལས་ལྷུན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-14 21:39:02     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

21593640619325248.jpg

                       གདན་རབས་ཉེར་བདུན་པ། རྡོ་རྗེ་འཆང་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་འཕྲིན་ལས་ལྷུན་གྲུབ་ནི། མདོ་སྨད་ལྷོ་རྒྱུད་ཆོས་འཁོར་དང་ཉེ་བའི་བཙན་མོ་སྣར་ཡབ་ཧོར་ཉ་ཤུལ་སྐྱག་གེ་དང་། ཡུམ་མལ་བཟའ་ཆོས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་༡༠ ཆུ་ཁྱི་ཕྱི་ལོ་༡༦༢༢ ལོར་འཁྲུངས། སེམས་དཔའ་སྤྲུལ་སྐུ་གོང་མ་ལས་རབ་བྱུང་ཞུས། ཡུལ་དབུས་སུ་ཕེབས་ནས་བཀྲ་ཤིས་སྒོ་མང་ཆོས་གྲྭར་ཞུགས། སློབ་དཔོན་རྒ་རུ་པ་ལས་ཐོག་མར་བརྩི་བཞག་གསན། སྟག་ཚང་རྭ་བ་སྟོད་དུ་ཞལ་སྔ་ནས་དམ་ཆོས་རྣམ་རྒྱལ་པ་ལས་བསྡུས་ཚད་བསླབས། སླར་ཡང་སྒོ་མང་དུ་ཕར་ཕྱིན་དབུ་མ་འདུལ་མཛོད་རྣམས་སྦྱངས། གླིང་བསྲེ་དཀའ་བཅུའི་དམ་བཅའ་མཛད་དུས་མཁྱེན་རབ་དང་ན་ཚོད་བཞུགས་གྲལ་གསུམ་གྱིས་མཁས་པའི་ཁྲོམ་ཐག་ཆོད་པ་བྱུང་། གཙང་དུ་མངའ་རིས་དྲུང་པ་ལས་ལམ་རིམ་ལྟ་ཁྲིད་སོགས་དང་། དགེ་འཕེལ་དུ་ཆོས་རྗེ་དགེ་ལེགས་དར་རྒྱས་པའི་དྲུང་ནས་ཞི་ལྷག་དང་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཁྲིད་གསན་ཏེ་བསྒོམས་པས་ཞི་གནས་ཀྱི་རྟོགས་པ་འཁྲུངས། བསྐྱེད་རྫོགས་ཀྱི་དམིགས་རྣམ་སྦྱངས་པས་གཙོ་འཁོར་གྱི་རྣམ་པ་གསལ་ཞིང་། གར་སྟབས་མཛད་པས་རྒྱན་ཆ་འཁྲོལ་པའི་སྒྲ་ཐོས་པ་ལྟ་བུ་བྱུང་བས་བསྐྱེད་རིམ་རགས་པ་སྐྱེ་བ་ལ་དཀའ་ཚེགས་ཆེར་མི་འདུག་གསུངས། རྒྱུད་སྨད་དུ་ཞུགས། མཁས་པའི་ཡང་རྩེ་རྗེ་བློ་བཟང་དོན་ཡོད་ལས་རྒྱུད་འགྲེལ་ཕལ་ཆེར་དང་། བསྐྱེད་རྫོགས་ཀྱི་ལྗགས་བཤད་གསན།

        དགུང་ལོ་སོ་གཅིག་པ་རབ་བྱུང་༡༡ ཆུ་འབྲུག་ཕྱི་ལོ་༡༦༥༢ ལོར་གཞུང་སའི་བཀའ་བཞིན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་ཤིང་འབྲུག་བར་ལོ་ངོ་བཅུ་གསུམ་རིང་འཆད་ཉན་མཛད། སློབ་མ་རྡོ་རྗེ་འཆང་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་སོགས་པོ་ཏི་ལྔ་དང་མདོ་སྔགས་ལ་ཁོ་བོའོ་སྙམ་པའི་མཁས་དབང་དཔག་མེད་ཐོན། ཞེ་བཞི་པ་ཤིང་སྦྲུལ་ལ། མེ་རྒན་ཧུང་ཐེ་ཇིས་ཞུས་པ་བཞིན། གཞུང་གིས་སྨིན་གྲོལ་ནོ་མོན་ཧན་གྱི་ཆོ་ལོ་གནང་སྟེ་མདོ་སྨད་བཙན་པོ་དགོན་དུ་ཕེབས། དེ་དུས་འབྲོག་བཙུན་སྔགས་གྲྭ་སུམ་ཅུ་བཞི་བཅུ་སྐོར་ལས་མེད་ཀྱང་མཚན་ཉིད་བཙུགས་ཤིང་གྲྭ་པ་གསར་དུ་བསྡུས། ཤིང་སྟག་ལོར་བསྡུས་གྲྭ་རིག་གནས་ལེགས་བཤད་བང་མཛོད་གསར་རྩོམ་དང་།༼འདི་ལ་བཙན་པོ་བསྡུས་གྲྭ་ཡང་ཟེར་དགའ་བྱང་གྲྭ་ཚང་གིས་ཀྱང་ཡིག་ཆ་བྱེད་པར་སྣང་།༽ཕར་ཕྱིན་བཏང་བས་བློ་གསལ་བ་མང་དུ་ཐོན། གྲྭ་ཚོགས་ཀྱང་རྒྱུན་དུ་བདུན་བརྒྱ་བརྒྱད་བརྒྱ་ལོངས་ངེས་དང་། དགོན་པ་ཡང་རྒྱང་གྲགས་ལ་ཉེ་བའི་འཕེལ་རྒྱས་བྱུང་། དེའི་རྗེས་ས་རྟ་དང་། མེ་སྟག དོན་གསུམ་པ་ཤིང་ཁྱི་བཅས་པར་དབུས་སུ་ལན་གསུམ་ཕེབས། ལན་དང་པོའི་སྐབས་གོང་གི་བཀའ་ལྟར་འབྲས་སྤུངས་སུ་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་དཀྱུས་གཅིག་ལ་གསང་འདུས་ཀྱི་དབང་ཆེན་ཚར་བཅོ་བརྒྱད་བསྐུར། རས་བྲིས་ལ་བརྟེན་ནས་གསང་འདུས་ཀྱི་དབང་ཆེན་ཉེར་གཅིག བདེ་མཆོག་ལཱུ་ཨི་པ་དང་འཇིགས་བྱེད་ཀྱི་དབང་ཡང་གྲངས་དེ་མཚུངས། འཇམ་མགོན་བློ་གྲོས་རྒྱ་མཚོ་དང་། ལྕང་སྐྱ་གོང་མ་ངག་དབང་ཆོས་ལྡན། འདུལ་བ་ཆོས་རྗེ་ཧོར་སྐལ་ལྡན།ཧོར་ངག་དབང་འཕྲིན་ལས། ཀུན་མཁྱེན་གོང་མ་སོགས་ནང་སློབ་བདུན་ཙམ་ལ་མགོན་པོའི་བསྙེན་སྒྲུབ་ཡིག་ཆུང་དམར་ནག །བེའུ་བུམ་ནག་པོ། གཏོར་ཆེན་རྣམ་བཤད་ཀྱི་ཕྱག་ལེན་ཁྲིད་བཅས་གནང་། ལན་གཉིས་པ་ཕེབས་སྐབས་ཀུན་མཁྱེན་བླ་མར་མགོན་པོའི་སྙིང་ཞུགས་ཀྱི་རྗེས་གནང་། ཀྵེ་ཊ་པཱ་ལ་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་སོགས་ཆིག་བརྒྱུད་མང་དུ་གནང་། ལན་གསུམ་པ་ཕེབས་སྐབས་ཀུན་མཁྱེན་བླ་མས་གསོལ་བ་བཏབ་པ་བཞིན་གདུགས་དཀར་གྱི་དབང་ཆེན་དང་། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སོགས་མང་དུ་གསུངས། དོན་བཞི་པ་ཤིང་ཕག་ལ་སླར་མདོ་སྨད་དུ་ཕེབས་ཏེ་ལོ་བཞིའི་རིང་ཆོས་འཁོར་རྒྱ་ཆེར་བསྐོར། དོན་བརྒྱད་པ། རབ་བྱུང་༡༢ ས་ཡོས་ཕྱི་ལོ་༡༦༩༩ ལ་ཞི་བར་གཤེགས། སློབ་མ་གྲགས་ཆེ་བ་གོང་གསལ་ཐོག བཀའ་འགྱུར་བ་རྡོ་རྗེ་འཆང་སྦྱིན་པ་རྒྱ་མཚོ། དཔོན་སློབ་དོན་གྲུབ་རྒྱ་མཚོ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། བེ་རི་རབ་འབྱམས་པ། སོག་པོ་རབ་འབྱམས་པ་བློ་བཟང་བཀྲ་ཤིས། ཏཱ་དབོན་པ་ཏིང་འཛིན་རྒྱ་མཚོ། མཁས་པའི་ཁྱུ་མཆོག་འདུལ་བ་ཆོས་རྗེ་ཧོར་སྐལ་ལྡན། བསམ་བློ་ཀྵེ་ཊ་པཱ་ལ་སོགས་པོ་ཏི་ལྔ་དང་མདོ་སྔགས་ལ་ཁོ་བོའོ་སྙམ་པའི་མཁས་དབང་དཔག་མེད་ཐོན། གསུང་རྩོམ་གོང་གསལ་བསྡུས་གྲྭ་རིག་གནས་ལེགས་བཤད་བང་མཛོད་དང་། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལེགས་བཤད་བང་མཛོད་སོགས་མང་ངོ་། །
        སྐུ་ཕྲེང་གཉིས་པ། སྨིན་གྲོལ་ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱ་མཚོ་༡༧༠༠-༡༧༣༦
        སྐུ་ཕྲེང་གསུམ་པ། ངག་དབང་འཕྲིན་ལས་རྒྱ་མཚོ་༡༧༣༧-༡༧༨༨
        སྐུ་ཕྲེང་བཞི་པ། འཛམ་གླིང་རྒྱས་བཤད་མཛད་མཁན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་༡༧༨༩-༡༨༣༨
སྐུ་ཕྲེང་ལྔ་པ། སྐལ་བཟང་ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་ནས་བཟུང་སྐུ་ཕྲེང་ཟམ་མ་ཆད་པར་བྱོན་པར་སྣང་ཡང་ལོ་རྒྱུས་མ་མཇལ་བས་དེ་ཙམ་བྱས་སོ། །

                                                                           རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།