འབྲས་སྒོ་མང་གདན་རབས་ཉེར་ལྔ་བ་རྗེ་བསམ་སྒང་པ་བློ་བཟང་ངག་དབང་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-14 21:29:37     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

125582222271342108.jpg

        གདན་རབས་ཉེར་ལྔ་པ། རྗེ་བསམ་སྒང་པ་བློ་བཟང་ངག་དབང་མཆོག་ནི། རབ་བྱུང་༡༠ ལྕགས་ཡོས་ཕྱི་ལོ་༡༥༩༡ ལོར་སྟོད་ལུང་མདའ་ཁྲི་ཟམ་ཕར་ཁར་བསམ་གྲུབ་སྒང་ཞེས་པར་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། མཁན་ཆེན་སངས་རྒྱས་བཀྲ་ཤིས་པ་ལས་བསྡུས་གྲྭ་ནས་ཕར་ཕྱིན་དབུ་མ་སོགས་གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་གྲགས་ཀྱིས་འཛམ་གླིང་ཁྱབ་པར་བྱས་ཤིང་། རྗེ་སངས་རྒྱས་བཀྲ་ཤིས་དང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ཁྱད་པར་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་བསོད་ནམས་གྲགས་པ་ལས་ལམ་རིམ་དང་གསང་བདེ་འཇིགས་གསུམ་གྱི་སྐོར་མང་པོ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་དྲུག་ཅུ་པ་འཕྲུལ་འཁོར་སོགས་གསན་ཅིང་ཁོང་ཁོ་ན་ཚད་མར་མཛད་པ་སྟེ། འཇིགས་བྱེད་དཔའ་གཅིག་གི་དཀྱིལ་ཐང་བླ་མ་རང་གི་ཕྱག་བྲིས་མ་དེའི་བླ་མ་ཡང་གྲུབ་ཆེན་གྱི་སྐུ་གཙོ་བོར་བྱས་སྣང་། མཁས་གྲགས་ཆེ་བས་༸གོང་ས་ལྔ་པ་ཆེན་པོའི་བཀས་སྒོ་མང་གྲྭ་ཚང་གི་བླ་མ་གནང་། ༸གོང་ས་ལྔ་པ་ཆེན་པོ་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་བཞེས་སྐབས་ལས་ཀྱི་ཁ་སྐོང་དུ་༼དུ་ཀཱུ་ལ་༽ཕེབས། དེ་དུས་མི་རྣམས་དུས་འཁྲུགས་སོགས་ཀྱིས་དམུ་རྒོད་པ་ཡིན་པས་འཆད་ཉན་ཁོ་ན་དཀའ་བ་བྱུང་ཡང་། མང་མ་ཐམས་ཅད་དད་འདུན་ཆེ་ཞིང་སློབ་གཉེར་ཡང་ལེགས་པ་བྱུང་།
དེ་ལ་འབྲུག་ལྟག་ཞལ་སྔ་ནས་ན་རེ། བླ་མ་ཡོན་ཏན་བྱམས་པ་ལྷུན་གྲུབ་ལས་ཆུང་བ་མ་བྱུང་ཡང་གྲྭ་པ་ཡིག་ཆ་རྩོམ་ཐུབ་པ་བདུན་བྱུང་། ཡོན་ཏན་བསམ་སྒང་པ་ལས་ཆེ་བ་མ་བྱུང་ཡང་སློབ་མ་དེ་ཚོད་ཀྱིས་ཐོན་མ་བྱུང་ཞེས་རྡོ་གཅལ་ནས་གསུང་འཕྲོས་གནང་འདུག་ཀྱང་། ཤཱ་རིའི་བུས་ཆོས་བསྟན་པས་འབྲས་བུ་དང་པོ་ཐོབ་པ་དང་། མོའུ་འགལ་གྱི་བུས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པའི་གླེང་གཞི་ལྟར། གདུལ་བྱའི་དབང་པོ་དང་བསོད་ནམས་ཀྱི་དབང་གིས་ཡིན། ཁོང་གི་ཐུགས་དང་འགལ་བ་བྱེད་པའི་སྐྱ་སེར་མི་བསྲུན་པ་འགའ་ཞིག་ལ། བླ་མས་བྱམས་སྙིང་རྗེ་ཁོ་ན་བྱས་ཀྱང་། ཡེ་ཤེས་མགོན་པོ་དམ་པ་དུ་མས་གཉེར་དུ་གཏད་པའི་རང་བཞིན་གྱི་སྲུང་མར་འཁོར་གཤིས་ཀྱིས་རྟགས་མཚན་གསལ་བ་དང་བཅས་ལྔ་པའི་ལམ་ཁོ་ནར་སོང་ཞེས་རྡོ་རྗེ་འཆང་སྨིན་གྲོལ་ཞབས་ཡབ་སྲས་གཉིས་གསུངས་ཤིང་གྲགས་ཆེ།
       ༸རྒྱལ་དབང་གོང་མ་དང་། སེ་ཆེན་ཞབས་དྲུང་གཉིས་ནང་ལུགས་ཀྱི་ཆོས་ཀྱི་གསུང་འཕྲོས་གནང་བར། ༸གོང་ནས་བཙན་པོ་དོན་གྲུབ་རྒྱ་མཚོ་དང་། བསམ་སྒང་པ་གཉིས་ཤེས་རབ་སུ་ཆེ་དྲིས་པར། ཞབས་དྲུང་ན་རེ། ཤེས་རབ་བཙན་པོ་ཆེ། རྩོད་པ་ཤུགས་ཤིན་ཏུ་ཆེ། ཞིབ་པོ་མེད། ཞིབ་པ་ལ་བསམ་སྒང་པ་བཟང་། ཕས་ཀྱི་ཁས་ལེན་དམ་ན་ལུང་རིགས་ཀྱིས་ཚར་གཅོད། ཁོས་ཤོར་ན་བཞད་མོ་མཛད་ནས་ཆེར་ནུས་པ་མི་འབྱིན་ཟེར། ༧གོང་ནས་གསེར་ཁང་རབ་འབྱམས་པ་ཅི་འདྲ་ཡོད་ཕེབས་པར། ཞབས་དྲུང་ན་རེ། གསེར་ཁང་རབ་འབྱམས་པ་བསྡུས་ཚད་སུ་ལ་བཏང་ཡང་མི་འཆོར་བ་མི་སྲིད། དབུ་ཕར་འབྲིང་། རྩོད་ན་བཟང་། འདུལ་མཛོད་ལའང་བཟང་ཞུས། འདི་བསྡུས་ཚད་ལ་ང་རྒྱལ་ཤིན་ཏུ་ཆེ་བ་ཞིག་སྟེ། གསེར་ཁང་རབ་འབྱམས་པ་ལ་གྲྭ་པ་འགའ་ཞིག་གིས། ཁྱེད་ཀྱིས་ལྡང་ལ་བརྒལ་ནས་སྔར་ཡང་ང་ལས་ལྷག་བྱུང་རེ་དང་སོང་རེ། ད་དུང་ཡང་འགྲོ་རེ་ཞེས་ཞལ་མནའ་མཛད་པ་བདེན་ནམ་ཞུས་པས། གཏི་ཐུག་དེ་འདྲ་སུས་ལབ་སྔགས་ལ་ང་ལས་མཁས་པ་རྗེ་ས་པཎ་དང་རྗེ་རིན་པོ་ཆེ་ཡང་བྱུང་།
        བསྡུས་ཚད་ལ་ལྡང་ལ་བརྒལ་ནས་ང་ལས་མཁས་པ་སྔར་ཡང་བྱུང་རེ། ད་དུང་ཡང་ཡོང་རེ་ཞེས་ལབ་པ་དོན་གནས་ཡིན། བསྡུས་ཚད་ལ་ཕྱོགས་གླང་ཆོས་གྲགས་སུ་མ་ཟད་རྗེ་བཙུན་འཇམ་དབྱངས་ཕེབས་ནའང་འདི་ལས་ལྷག་པའི་རིགས་པ་ཇི་ལྟར་སྟོན་ཞེས་གསུངས་སྣང་། སྐབས་ཤིག་གསེར་ཁང་ཁོང་གཙང་ངམ་རིང་ལ་གྲྭ་སྐོར་དུ་ཕེབས་དུས། ལོ་གསུམ་གྱི་སྔོན་ནས་ཁོ་བོ་ཡོང་རྒྱུ་ཡིན་པས་ཡིག་ཆ་རྣམས་ངེས་པར་གྱིས་ཞེས་ཡི་གེ་བསྐུར་ཅིང་། རྩོད་དུས་ཀྱང་འགྲན་ཟླ་མེད་པའི་གྲགས་ཅན་ཞིག་བྱུང་ཞིང་། རྩོད་པའི་ཁྱུ་མཆོག་ནི་ཡིན་པར་སྣང་། འཕྲོས་དོན་ནོ། །
རབ་བྱུང་༡༡ ལྕགས་འབྲུག་ཕྱི་ལོ་༡༦༤༠ དགུང་གྲངས་ལྔ་བཅུར་ཕེབས་སྐབས་རིགས་གྲྭ་གཏོང་གནང་མཛད་དེ་ཟུར་བཞུགས་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསན་ཡིག་ནང་། འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་རྗེ་བསམ་སྒང་པ་འདི་དང་། གུང་རུ་སངས་རྒྱས་བཀྲ་ཤིས་གཉིས་ཡང་ཡང་བྱུང་། གཞན་ཡང་རྭ་སྒྲེང་རྒྱལ་བའི་དབེན་གནས་དང་། སྐྱོར་མོ་ལུང་། ལྷོ་ཁ་གྲ་ནང་ཨར་དགེ་དགོན། ལྷོ་ཁ་བྱམས་པ་གླིང་བཅས་པའི་གདན་སར་ཕེབས་ནས་༼བཻ་སེར་༽འགྲོ་དོན་རྒྱ་ཆེན་མཛད།
        རབ་བྱུང་༡༡ ལྕགས་སྟག་ཕྱི་ལོ་༡༦༥༠ ལོར་སོག་ཡུལ་དུ་ཕེབས། སྟོང་འཁོར་ཞབས་དྲུང་སོགས་ལ་འཇིགས་བྱེད་དཔའ་གཅིག་གི་དབང་དང་། མགོན་པོའི་རྗེས་གནང་དང་ལིང་གའི་བསྒྲལ་ཆོག་སོགས་བརྩམས་ནས་ཕུལ། ཡར་ལམ་དགོན་ལུང་བྱམས་པ་གླིང་གི་ཁྲི་ཁར་དཔྱིད་ཆོས་གཉིས་རིང་འཆད་ཉན་མཛད་དེ་དབུས་སུ་ཕེབས། མནལ་ལམ་དུ་འཁོར་ལོ་སྡོམ་པ་གཞོན་ནུའི་རྣམ་པ་ཅན་ཡང་ཡང་ཞལ་གཟིགས་པ་དང་། ཁྲི་ཆེན་བློ་གྲོས་རྒྱ་མཚོར་སྒོ་མང་མཁན་པོ་དང་། རྗེའི་གསེར་ཁྲིར་ཕེབས་རྒྱུའི་ལུང་བསྟན་སོགས་ལུང་བསྟན་ཅི་རིགས་མང་། མཐར་དགུང་གྲངས་དོན་གསུམ་པ་རབ་བྱུང་༡༡ ཆུ་ཡོས་ཕྱི་ལོ་༡༦༦༣ ལོར་དགོངས་པ་གཞན་དོན་དུ་གཤེགས།
        གསུང་སྐྱེས་སློབ་མ། དཔོན་སློབ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་དང་། ཁྲི་ཆེན་བློ་གྲོས་རྒྱ་མཚོ་སོགས་ཤིན་ཏུ་མང་། གསུང་རྩོམ། དོན་བདུན་ཅུ་དང་། དབུ་མའི་རྣམ་བཤད། འཇིགས་བྱེད་དཔའ་གཅིག་གི་མངོན་རྟོགས་དང་དཀྱིལ་ཆོག རྡོ་རྗེ་ཕྲེང་བའི་དཀྱིལ་ཆོག མགོན་པོའི་རྗེས་གནང་། ལིང་གའི་བསྒྲལ་ཆོག འཇིགས་བྱེད་ཀྱི་དྲག་སྲེག་དང་དེའི་ཟུར་འདེབས་སོགས་མང་ངོ་། །
                                                                        རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།