འབྲས་སྒོ་མང་མ་གདན་རབས་དྲུག་ཅུ་བ་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-07 21:16:15     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

39779969206612480.jpg

 

                               བརྒྱུད་འདེབས་ལས།
                                        མི་ཕམ་མགོན་པོའི་ཐུགས་ནས་ཡང་སྤྲུལ་པའི། །
                                        ཤེས་བྱ་བློ་གྲོས་བསྟན༷་པ༷་མཁྱེན༷་ར༷བ་བཅུད། །
                                        མཁས་མང་འདུས་པའི་དབུས་ཀྱི་སློབ་དཔོན་མཆོག །
                                        བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་དྲུག་ཅུ་པ། མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོ་ཡིན་ལ། དམ་པ་འདི་ཉིད་ཀྱི་རྣམ་ཐར་ཐོ་ཙམ་འགོད་ན། རྗེ་འདི་དགའ་གདོང་ཆོས་སྐྱོང་ཆེན་པོས། མི་ཕམ་མགོན་པོའི་ཐུགས་ནས་ཡང་སྤྲུལ་པའི། །ཞེས་སོགས་རྗེ་བཙུན་བྱམས་མགོན་གྱི་སྤྲུལ་པར་གསུངས་ཤིང་། སྐབས་ཤིག་གསང་ཕུ་ནས་ཚུར་དགོན་ནང་དུ་ཕེབས་དུས་སྐུ་བསིལ་བའི་རྣམ་པ་མངོན་ཚན་ཅན་ཞིག་བྱུང་བ་དང་མཐུན་པར་ཐུགས་དམ་གྱི་རྟེན་རྗེ་ཚོང་དཔོན་དགེ་ལེགས་ཀྱི་སྐུ་ཞིག་ཡོད་པའང་གྲང་རེག་གིས་ཁྱབ་པ་ལྟ་བུའི་ཞལ་སྐྱོ་ཉམས་དང་། རྗེ་ཉིད་གསོལ་ཇ་དྲོན་མོ་བཞེས་ན་བཟའ་ལྷག་པར་གསོལ་བ་ན་ཅུང་ཞིག་ནས་ཐུགས་དམ་གྱི་རྟེན་རྗེ་སྐུ་ཡང་ཞལ་ཉམས་ཇེ་རྒྱས་སུ་སོང་བ་དེའི་ཚེ་སྐུ་མདུན་དུ་འཁོད་པ་འབུལ་སྡུད་རྡོ་རྗེ་འཆང་སོགས་ཀྱིས་དངོས་སུ་མཇལ་བ་ཞིག་བྱུང་བ་ལ་དཔགས་ན། རྗེ་ཙོང་ཁ་པ་དང་ཐུགས་རྒྱུད་གཉིས་སུ་མེད་པ་ཞིག་གི་བརྡར་མཚོན་པར་གསུངས། གང་དུ་འཁྲུངས་པའི་གནས་ནི་གངས་ལྗོངས་ས་ཡི་ཐིག་ལེ་གསང་ཕུ་ནེའུ་ཐོག་ཅེས་ཡོངས་སུ་གྲགས་པ་དེ་ཡིན་ལ། གནས་འདི་ནི་མཉམ་མེད་ཇོ་བོ་རྗེ་སྙེ་ཐང་འོར་དུ་བཞུགས་པའི་ཚེ་རྔོག་ལེགས་པའི་ཤེས་རབ་ལ་ཕུ་ཡ་གིར་སྟོན་པས་དཔང་པོ་མཛད་བྱམས་འཇམ་དབྱངས་གཉིས་དྲང་ངེས་ཀྱི་རྩོད་པ་མཛད་པ་ཞིག་རྨིས་བྱུང་བས། དེར་ཆོས་གྲྭ་བཏབ་ན་འཆད་ཉན་ཤིན་ཏུ་དར་བ་འབྱུང་ཞེས་གསུངས་པ་ན། རྔོག་གིས་རེ་ཞིག་གཞན་ལ་གསང་བར་ཞུ་བདག་གིས་དགོན་པ་འདེབས་ལགས་ཞུས་པས་གསང་ཕུ་ཞེས་ཐོགས། ཕྱོགས་འདིར་ཇོ་བོའི་གཟིགས་སྣང་དང་མཐུན་པར་ཤར་དུ་ཐུབ་པ་རི་ལྷུན་ཆགས་པ་དཔང་པོའི་ཚུལ་དང་། གཡས་གཡོན་དུ་བྱམས་འཇམ་དབྱངས་ཀྱི་རི་གཉིས་བགྲོ་གླེང་མཛད་པའི་ཚུལ་དུ་ཡོད་ཅིང་། ལྷོ་ཕྱོགས་སུ་རྒྱ་མོ་ནག་རི་ཞེས་པའི་རྩེ་མོ་རིགས་གསུམ་མགོན་པོའི་བླ་རི་བྲག་དེའུ་གསུམ། དེའི་མདུན་དུ་བཀའ་གདམས་གླེགས་བམ་ལས།བསྟན་མ་གཅིག་གཅིག་འདི་སྐད་ཟེར། །  

                                                གསང་ཕུ་པ་ཡི་འབྲོམ་རྗེ་ཁུར། །
                                                གསེར་གྱི་ཕྲེང་བ་ལག་ཏུ་ཚུད། །
                                                ཁོ་མོ་ཁོ་ཡི་རྗེས་སུ་འབྲངས། །
        ཞེས་གསུངས་པ་ལྟར། ཇོ་བོའི་ཐུགས་སྲས་རྔོག་ལེགས་པའི་ཤེས་རབ་ཀྱི་རྗེས་སུ་འབྲང་བའི་ལྷ་མོ་ནམ་མཁའི་གོས་ཅན་མའི་བླ་མཚོ་བདུད་རྩིས་གང་བའི་ཀ་པ་ལའི་དབྱིབས་སུ་འཁྱིལ་བ། རི་དེའི་ལྷོ་འདབས་སུ་རྔོག་ཁུ་དབོན་གཉིས། ལོ་ཙཱ་བའི་ཐུགས་སྲས་བཞི། ཆ་པ་ཆོས་སེང་དང་སློབ་མ་སེང་ཆེན་བརྒྱད་སོགས་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་རྣམས་ཀྱི་གདན་ས་འཕགས་ཡུལ་གྱི་ནཱ་ལེནྡྲ་དང་མཚུངས་པའི་གདན་ས་དེ་ཉིད་ཡོད་ཅིང་། གཞན་ཡང་ལོ་ཆེན་བློ་ལྡན་ཤེས་རབ་སོགས་ཀྱི་སྒྲུབ་ཁང་སོགས་སྒྲུབ་ཕུག་དུ་མས་རྣམ་པར་བཀྲ་བ། བྱང་ཕྱོགས་ན། བཀའ་གདམས་གླེགས་བམ་ལས། ཁྱེད་ཀྱི་རྗེས་འབྲངས་ཁོ་མོས་སྐྱོང་། །ཞེས་གསུངས་པ་ལྟར་རྒྱལ་བ་ཀུན་ཀྱི་ཡུམ་མཆོག་ཨཱརྱ་ཏཱ་རེ་རང་བྱོན་ཉེར་གཅིག་ཚར་དུ་དངར་བ་ཡོད་པའི་གནས་མཆོག་ངོ་མཚར་བ་ཞིག་གོ །དེ་ལྟ་བུའི་ས་ཡི་ཆར་འཁོད་པ་གནས་ནང་ཞེས་པའི་ཁྱིམ་ཚང་དུ་ཡབ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་འཁྲུངས་པའི་རིགས་ལས་སོན་པ་སྡེ་པ་སྐལ་བཟང་དོན་གྲུབ་དང་། ཡུམ་གནས་ནང་པའི་མི་ངོ་ལྷས་སྲུང་ཞེས་པ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་གཉིས་ལ་ལྕམ་དྲལ་བདུན་བྱུང་བའི་བཞི་པ་ཡིན། ལྷུམས་སུ་ཞུགས་པའི་ཚེ་ཡུམ་གྱི་མནལ་ལམ་དུ་གསང་ཕུའི་གཙུག་ལག་ཁང་གི་དར་ཆེན་བླངས་ཏེ་བརྟན་པར་བཙུགས་པར་རྨིས་པ་སོགས་ལྟས་བཟང་དུ་མ་དང་། དངོས་སུ་ཕོ་རོག་སྤུ་མདོག་སྣུམ་པ་གཉིས་ཁང་སྟེང་དུས་རྒྱུན་དུ་ཉལ་བ་བྱུང་། རབ་བྱུང་བཅུ་བཞི་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བ་ཕྱི་ལོ་༡༨༤༠ གཟིམ་ཁང་གི་སྟེང་དུ་འཇའ་དཀར་པོ་ཞིག་ཟུག་པ་དང་ཡུམ་ལ་གནོད་པ་མེད་པར་བདེ་བར་བཙས་ཤིང་བྱ་རོག་གཉིས་ཀྱང་སྐད་སྙན་སྒྲོགས་ཤིང་གཤོག་འགྱུར་སོགས་དགའ་བའི་རྣམ་འགྱུར་དུ་མ་སྟོན་པར་བྱེད་པ་བྱུང་། གཞོན་ནུ་དེ་རྒན་གཞོན་སུས་མཐོང་ན་ཡང་ལྟ་བས་ཆོག་མི་ཤེས་ཤིང་ཀུན་གྱི་ཡིད་འདྲེན་པར་བྱེད། བསྐྱེད་བསྲིངས་པ་ནའང་བག་མེད་ཀྱི་སྤྱོད་པ་ལས་ངང་གིས་ལོག་ཅིང་དམ་པའི་རང་ཚུགས་ལས་ནམ་ཡང་གཡོ་མེད་དུ་གནས། པཎ་ཆེན་བསྟན་པའི་ཉི་མའི་མདུན་དུ་མཇལ་ཁ་དང་མིང་ཞུ་བར་ཁྲིད་པའི་ཚེ་དོན་གྲུབ་ཆོས་འཕེལ་ཞེས་བཏགས་ནས་ཕྱག་གིས་བྱིལ་བྱིལ་མཛད་དེ་འདི་ན་ལོངས་པའི་ཚེ་ཁོ་བོའི་མདུན་དུ་བཞག་པས་ཡོང་གསུངས་པ་དང་། ས་སྐྱ་བདག་ཁྲི་རིན་པོ་ཆེ་གསང་ཕུར་གནས་མཇལ་དུ་ཕེབས་སྐབས་བུ་ཚ་འདི་བདག་ལ་གཏད་པས་ཡོང་གསུངས་པ་སོགས་བྱུང་།
        དགུང་ལོ་གསུམ་གྱི་ཚེ་ཡབ་ཡུམ་བཅས་གདན་ས་དགའ་ལྡན་མཇལ་དུ་བྱོན་ཅིང་། ཡབ་ཡུམ་གཉིས་དགའ་ལྡན་གླིང་ནང་མཁན་པ་འཚོལ་དུ་ཞུགས་པར་རྗེ་འདིས་ལྡེ་མིག་ཅིག་རྙེད་ནས་ཕྱག་ཏུ་བསྣམས་ཏེ་ཕེབས་པ་བྱུང་། དེ་ལ་བཞུགས་ཡུལ་ཉག་རེ་ཁང་ཚན་གྱི་དགེ་བཤེས་ཤིག་གིས་འདི་སྐད། རྗེ་བླ་མའི་གདན་ས་ནས་ཆོས་ཀྱི་ལྡེ་མིག་རྙེད་པ་དགེ་ལྡན་པའི་བསྟན་པའི་སྒོ་མོ་འབྱེད་མཁན་ཞིག་ཡོང་བ་ཡིན། རྟེན་འབྲེལ་ཤིན་ཏུ་བཟང་ཟེར་ནས་ལྡེ་མིག་དེ་ཁང་ཚན་གྱི་གཡང་རྟེན་དུ་ཞུས་པར་གདའ། དེ་ནས་རིང་ཞིག་ན་རྗེ་འདིས་ཐུགས་ལ་ཁྱིམ་ན་གནས་པ་ནི་ཉེས་པ་ཀུན་གྱི་གཞིར་འདུག་པས་ཅི་ནས་ཀྱང་རབ་ཏུ་འབྱུང་དགོས་དགོངས་ནས་ཡབ་ཡུམ་ལ་ནན་གྱིས་གསོལ་ཞིང་། འཕྲལ་རྐྱེན་འབྲས་སྤུངས་གུང་རུའི་ཁང་ཚན་ནས་ཀྱང་ཆོས་སྡེ་འདིར་འཇུག་དགོས་ཚུལ་ཡང་ཡང་མོལ་བ་བཞིན་གུང་རུའི་གྲྭ་རྒན་ཚུལ་ཁྲིམས་བྱམས་པ་ལགས་དགེ་རྒན་དུ་བཅོལ་ཏེ། དགུང་ལོ་བདུན་བཞེས་པ་མེ་མོ་ལུག་གི་ལོར་ཤྲཱི་དྷ་ན་ཀ་ཊ་ཀའི་ཆོས་སྡེར་ཞུགས་པའི་སླད་དུ་གཤེགས་པར་དགོན་པའི་གླིང་འདབས་སུ་ཉེ་བར་ཕེབས་པའི་ཚེ་ཆར་སིལ་བུ་བབས་པ་ལས་བྱུང་བའི་ཆུ་སྣེ་ཞིག་དང་། འུར་ཐག་ཕྱིར་མིག་དགུ་བསྒྲིལ་གསར་པ་ཞིག ཡུར་མའི་ལག་སྤྱད་སྐོ་མ་ཞེས་འབོད་པ་ཞིག་སྟེ་གསུམ་རྙེད། འདི་ནི་ཟང་ཟིང་གི་འདུ་འགོད་དང་། ཡུལ་སྣ་ཚོགས་སུ་རྒྱུ་ཞིང་བསྟན་པ་ལ་བྱ་བ་ཕྲན་བུ་འབྱུང་བ་འདི་ལ་ལྟ་བ་ཡིན་ལས་ཆེ་གསུངས། དེ་ལྟར་རིང་མོ་ཞིག་ནས་ཐུགས་ལ་བརྣགས་པའི་བཞེད་དོན་ལེགས་པར་གྲུབ་ནས་ཚེས་གྲངས་བཟང་བ་ཞིག་ལ་མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ་བསྟན་པ་ཆོས་བཟང་ཞལ་སྔ་ནས་ཀྱི་མཇལ་ཁར་ཁྲིད་དེ་རབ་བྱུང་གི་སྙན་གསན་ཕུལ་བར། ང་མཁན་ཁྲིར་ཕེབས་ནས་རབ་བྱུང་སྒྲུབ་པའི་ཐོག་མ་ཡིན་པས་ཚེས་ཆ་བཟང་བ་དང་བསྟུན་ནས་ཡོང་གསུངས་པ་བཞིན་རིང་མིན་རབ་བྱུང་དང་དགེ་ཚུལ་ཀྱི་སྡོམ་པ་བསྩལ་ཏེ་སྔར་གྱི་མིང་ཟུར་ལ་མཁན་པོའི་མཚན་ཟུར་བསྣན་ཏེ་བསྟན་པ་ཆོས་འཕེལ་ཞེས་འདོགས་པ་གནང་།རྗེ་འདིས་ན་ཚོད་ཕྲ་མོ་དེ་ཙམ་ནས་སྡོམ་པ་བླང་པ་ལ་དཔའ་པ་ཙམ་མ་ཡིན་པར་བསླབ་བྱ་ཕྲ་རགས་རྣམས་ཚུལ་བཞིན་དུ་སྲུང་བར་མཛད་ཅིང་། ཞལ་ནས་ཕྱི་དྲོའི་ཁ་ཟས་ལ་འཛེམ་ཁུལ་བྱས་མོད་བྱིས་པར་སོང་བའི་དབང་གིས་བསྲན་མ་ནུས་པར་ཐོ་རངས་ལངས་ཏེ་རྩམ་པ་འགམ་དགོས་པའང་བྱུང་གསུངས། དགེ་རྒན་ཚུལ་ཁྲིམས་བྱམས་པ་ནས་ཀྱང་ཡི་གེ་འབྲི་ཀློག་དང་། འདོན་ཆོས་སྤྱོད་ཀྱི་རིམ་པ། རྒྱུན་གྱི་སྤྱོད་པ་བག་ཡོད་བསྟེན་ཚུལ། ཁྱད་པར་ཐོ་རངས་ཀུན་སློང་བརྩོན་ཚུལ་རྡུལ་སྤངས་དྲི་མ་སྤངས་ཞེས་འདོན་བཞིན་དུ་ཕྱག་བདར་བྱ་བ། མཆོད་པ་གཙང་ལ་བཀོད་པས་མཛེས་པར་བཤམས་ལ། གུས་པ་ཆེན་པོས་ནས་འབྲུ་མའི་ཚུལ་གྱིས་ཡོན་ཆབ་ཕུལ་ཏེ་ཨོཾ་ཨཱཿཧཱུཾ་བརྗོད་བཞིན་ཆུ་གཙང་གིས་ཆབ་བྲན་པ། འགྱུར་སྔགས་བཏོན་ཏེ་ཡན་ལག་བདུན་པ་གཙང་སེ་བ་བྱེད་དགོས་པ་སོགས་ཀྱི་བསླབ་བྱ་ཡང་ཡང་མཛད་པ། དུས་ཕྱིས་སྐུ་ན་མཐོན་པོར་ཕེབས་དུས་ཀྱང་ཕྱག་ལེན་དུ་བསྟར་བར་མཛད། རྗེ་འདི་རང་བཞིན་དུལ་བས་གཞན་གྱིས་གཙེར་ཀྱང་ཚིག་མི་ལེགས་པ་གཅིག་གིའང་ལན་མཛད་མ་མྱོང་བས། འཛིན་གྲྭ་གཅིག་པའི་བཙུན་ཆུང་རྣམས་ཀྱིས་འདི་ངེད་ཚོའི་བླ་མ་ཡིན་ཟེར་ནས་བླ་མ་ཆུང་ཆུང་ཞེས་བླ་དྭགས་སུ་འབོད་པ་བྱུང་། དེ་ནས་ལུང་རིགས་སྨྲ་བའི་དབང་པོ་ཐུགས་རྗེ་ཉི་མ་ལས་དཔེ་ཁྲིད་ཞུས་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། སྐབས་ཤིག་མཁན་རིན་པོ་ཆེ་ནས་ཁ་དོག་དཀར་དམར་འཛིན་གྲྭའི་སྐྱོར་དཔོན་བསྐོ་བར་མཛད་པ་དེ་ནས་བཀའ་རམས་ལ་མ་སླེབས་བར་འཛིན་གྲྭའི་སྐྱོར་དཔོན་མཛད། ལན་གཅིག་ས་ག་ཟླ་བར་དགེ་རྒན་དང་ལྷན་དུ་འཇམ་དབྱངས་ལྷ་ཁང་ལ་སྐོར་བ་མཛད་བཞིན་པར་མནལ་ཐུམ་ཙམ་བྱུང་བར། མི་ཞིག་གིས་བུ་རམ་གྲུ་བཞི་ཆེན་པོ་གཅིག་ལག་ཏུ་གཏད་པ་ཕྱོགས་བཞི་ནས་ཟོས་པ་ཞིག་རྨིས་གསུངས་པ། བསྟན་པ་གྲུ་བཞི་ལམ་གྱིས་འཁྱེར་བའི་མཁས་གྲུབ་ཅིག་འབྱུང་བའི་ལྟས་སུ་མངོན་པར་བཤད། དགེ་རྒན་འདི་གཤེགས་རྗེས་མཁས་པའི་དབང་པོ་རྗེ་བཙུན་བཀའ་འགྱུར་བ་ཀླུ་འབུམ་དགེ་བཤེས་བྱམས་པ་མཆོག་སློབ་དཔོན་དུ་བསྟེན། འགྲེལ་བ་དོན་གསལ་དང་། ལེགས་བཤད་སྙིང་པོ་སོགས་བཟུང་ནས་སྐྱོར་སྦྱང་ཡུན་རིང་དང་། མཛོད་རྩ་བློ་ཐོག་ནས་ཚར་སྟོང་འདོན་རྒྱུའི་དགོངས་བཞེད་ལ་སུམ་བརྒྱ་སོང་མཚམས་རྭ་སྒྲེང་གི་འཁྲུག་པ་བྱུང་བས་འཕྲོ་ལུས། དགེ་འཕེལ་གྱི་སྒྲུབ་ཕུག་ངེས་མེད་དུ་བཞུགས་པ་གྲུབ་དབང་ཀླུ་འབུམ་ཐུབ་བསྟན་ཉིན་བྱེད་ཀྱི་དྲུང་ནས་བཀའ་ཆོས་ཡང་ཡང་གསན། བར་སྐབས་སུ་ཡོངས་འཛིན་རྟ་ཚག་སྲིད་སྐྱོང་རིན་པོ་ཆེའི་མདུན་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བཞི་རྫོགས་པར་གསན་ཅིང་འདི་བདག་གི་དབང་ཆེན་ཞུ་བའི་ཐོག་མ་ཡིན་གསུངས་ནས་བརྒྱུད་པ་འདི་གཙོ་བོར་མཛད། དེ་དག་གི་སྐབས་བྲག་རི་རྡོ་རྗེ་འཆང་བློ་བཟང་ཆོས་འབྱོར་རྒྱ་མཚོ་སོགས་བླ་མ་དུ་མ་ལས་གསན་བཞེས་རྒྱ་ཆེར་མཛད།
        ལོ་དུས་མ་ངེས་ཀྱང་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་མཁྱེན་རབ་དབང་ཕྱུག་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་རང་བཞིན་གྱི་ཁ་ན་མ་ཐོ་བས་མ་གོས་པར་མཛད་ཅིང་། རི་ཁྲོད་པ་དགེ་འདུན་བསོད་ནམས་ཀྱི་དྲུང་ནས་ཡོ་བྱད་བྱིན་རླབས་ཞུ་བར་མཛད་དེ་སྤེལ་བ་སོགས་བཅས་རྐྱང་ལའང་ཤིན་ཏུ་གུས། གསང་ཕུའི་བསེ་ཁྲབ་པས་མཚན་བཏགས་འཕྲལ་དུ་གཏོང་དགོས་པའི་ལུང་བསྟན་ལྟར། དགུང་ལོ་ཉེར་གསུམ་པ་ཆུ་ཁྱི་ལོར་རྡོ་རམས་པའི་མཚན་རྟགས་བཞེས། གཏོང་སྒོ་དམ་བཅའ་སོགས་ཀྱིས་དགེ་འདུན་མཉེས་པར་བསྒྲུབས། དེའི་ཕྱི་ལོ་དགུང་གྲངས་ཉེར་བཞི་ལ་དཔལ་ལྡན་སྨད་རྒྱུད་དུ་ཞུགས། རྒྱུད་ཆེན་བློ་བཟང་ཤེས་རབ་ལས་འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན་མཐར་ཕྱིན་པར་མཛད། ལོར་དེར་ཀླུ་འབུམ་མཚན་ཞབས་བྱང་ཆུབ་རབ་གསལ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་སྔགས་ཀྱི་དམ་བཅར་བཞུགས། ཐོག་མར་དགེ་བཤེས་གསར་ཞུགས་རྣམས་ནས་བགྲོ་གླེང་གནང་སྲོལ་སྟར། རྗེ་འདི་ཉིད་བཞེངས་ཏེ་སྦྱོར་བྱུང་གི་དབང་དུ་བྱས་ན་ཞི་ལྷག་གཉིས་གཅིག་ཆར་དུ་ཐོབ་པ་ཡོད་མེད་དྲིས་པར་མེད་ཟེར། དེ་ལྟ་ན་མདོ་སྔགས་གང་གི་སྐབས་སུའང་མེད་པར་ཐལ་བ་འཕངས་པར། འདོད་ཟེར། རྗེ་འདིས་འཁོར་གསུམ་མཛད་ནས་དེ་མི་འཐད་པར་ཐལ། སྔགས་ལུགས་ལ་གཅིག་ཆར་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། སྔགས་བླ་མེད་ལུགས་ལ་གཅིག་ཆར་དུ་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། སྔགས་བླ་མེད་ཀྱི་བསྐྱེད་རིམ་སྐབས་སེམས་གནས་བརྒྱད་པའམ་དགུ་པ་ཙམ་ནས་སྤྲོ་བསྡུ་ལ་སྦྱངས་པ་ཆེར་བྱས་པས་ཡུལ་གྱི་བྱིན་རླབས་དང་། དམིགས་རྟེན་གྱི་གནད་ཀྱིས་ཞི་ལྷག་གཅིག་ཆར་ཐོབ་པ་ཡོད་པའི་ཕྱིར། ཞེས་འཕངས་ནས་བསམ་གཟུགས་ཆེན་མོའི་ལུང་དྲངས་པས། བླ་མ་ཆུང་ཆུང་ཐོད་རྒལ་བ་བྱས་བྱུང་ཨང་གསུངས་པ་ལས་དངོས་ལན་མ་བྱུང་། ཆོས་ཐོག་དེར་རྗེ་འདི་ལ་འབྲུམ་ཐོར་བྱུང་བར་དགེ་བསྐོས་ཀླུ་འབུམ་བྱང་རབ་པས་བསླབ་བྱ་བྱུང་བ་ལྟར་བྲེལ་བ་ཆེ་བཞག་ཆུང་བཞག་གིས་ཕྱག་རྡོར་འབྱུང་འདུལ་གྱི་གཟུངས་འབུམ་ཐེར་གཅིག་འཕྲལ་དུ་བཏོན་པས་སྙུན་ལས་གྲོལ།
        གསུང་ལས་ཁོ་བོ་རྒྱུད་ལ་ཡོད་སྐབས་རྡོར་དྲིལ་འཛིན་ཚུལ་ཕྱག་རྒྱ་བཅའ་ལུགས་ནང་མཆོད་འཐོར་ཚུལ། སིལ་སྙན་དཀྲོལ་ཚུལ་གར་ཐིག་དབྱངས་གསུམ། ཐ་ན་གཏོར་མའི་བཅའ་གཞི་ཚུན་ལ་བྱང་འདྲེན་མཐུ་སྟོབས་ཆོས་འཕེལ་སོགས་དེ་དུས་རྒྱུད་གྲྭའི་ཕྱག་ལེན་མཁས་པ་མང་པོར་ཞུན་ཐར་བཅད་པ་ཡིན་གསུངས་པ་བཞིན་ཐུགས་ངེས་ཤིན་ཏུ་ཆེ། རྗེས་སོར་སྒོ་མང་མགོན་ཁང་དུ་མགོན་པོའི་གཏོར་ཆེན་ཕྱག་ལེན་འཛུགས་སྐབས་ལག་བདེ་བ་རྣམས་ནས་ཟོར་ཐམས་ཅད་ཟུར་གསུམ་རེ་བཅའ་བར་དེ་འདྲ་མིན། ལྷ་མོ་ལྟ་བུར་མཐེབ་ཀྱུ་བདུན་བརྩེགས་སུ་བཞེངས་པ་དང་། གཞན་རྣམས་ལའང་མེ་རི་མ་གཏོགས་གཏོར་སྙིང་སོ་སོར་མི་འདྲ་བ་མཁས་གྲུབ་གཏོར་བཤད་ལྟར་བྱེད་པ་རྒྱུད་གྲྭའི་ཕྱག་ལེན་ཡིན་གསུངས། གཏོར་ཟོར་གྱི་གདུགས་ལ་རྩེ་གསུམ་དང་། སྲིན་སྐུད་ཚོན་བསྒྲིགས་ཀྱིས་གདུགས་བྱེད་པ་སྣང་ནའང་དུས་ཕྱིས་རྒྱུད་པའི་ལག་བདེ་བ་འགའ་རེས་མཛེས་ཁྱད་ཀྱི་རྟོག་བཟོ་བྱས་པ་མ་གཏོགས་ཕྲན་རྒྱུད་ལ་སླེབས་འཕྲལ་སོགས་ལ་མི་སྣང་། དེའི་རྗེས་ཙམ་ལ་བྱུང་གསུངས་ནས་གཏོར་གདུགས་ཀྱང་མདའ་རྒོད་སྒྲོ་མར་དར་ནག་གིས་གདུགས་བྱེད་པ་རེ་ལ་མཛད། ཞི་རྐྱང་གི་སྦྱིན་སྲེག་ལའང་གྲྭ་བཞིའི་ཟླ་བ་དཀར་པོ་རྡོ་རྗེའི་ལྟེ་བ་དམར་པོ་རྩེ་མོ་སྔོན་པོ་བྱེད། དེས་སྣང་མཆེད་ཐོབ་གསུམ་མཚོན་ཞེས་རྒྱུད་པ་འགའ་རེས་ཟེར་ཡང་། ཁ་ཁྱེར་གྱི་རྡོ་རའམ་འཁོར་ལོའི་ཕྲེང་བ། དབུས་ཀྱི་རྡོ་རྗེ་རྣམས་དཀར་རྐྱང་གིས་བྱེད་པ་སྔོན་དུས་ཀྱི་ཕྱག་བཞེས་ཡིན་གསུངས་པ་སོགས་འབྲིར་མི་ལང་། གྲགས་པ་དོན་ལྡན་གྱི་མཁས་པའི་དབང་པོ་རྟ་ཚག་ཡོངས་འཛིན་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས་སྟག་ཕུའི་དག་སྣང་གི་སྒྲོལ་མ་སོགས་བཀའ་ཆོས་དུ་མ་དང་། སྙན་སུམ་བརྡ་དག་གི་བསྟན་བཅོས་ལའང་ལེགས་པར་གསན་སྦྱོང་མཛད་དེ་ཀུན་བཟང་འཁོར་ལོ་དང་། བ་གླང་གཅིན་གྱི་དཔེར་བརྗོད་ལེགས་པ་ཞིག་ཀྱང་གྱང་ལྡེབས་ལ་བྲིས་པ་ཡོད། ཡོངས་འཛིན་དེས་དབྱངས་འཆར་གྱི་རྩེད་མོ་མཛད་དེ་ཁྱེད་ད་ལྟ་ཟས་གང་ཟོས་བལྟ་གསུངས་ནས་བརྩིས་པས། བག་ཐུག་ཅིག་འཐུངས་འདུག་ཅེས་འཁྲུལ་མེད་རྩེད་མོའི་ཚུལ་དུ་གསུངས་པས་ཡིད་འཕྲོགས་ནས། རྩིས་ལའང་སྦྱང་པ་ཞིག་བྱས་གསུངས། དེ་ནས་གསང་ཕུའི་དཔལ་རིའི་རི་ཁྲོད་དུ་སྒྲུབ་པ་སྙིང་པོ་ཞིག་བྱེད་པར་དགོངས་མུས་སུ། གྲྭ་ཚང་ནས་བླ་མ་ཐར་པ་རྒྱལ་མཚན་རྫ་ཆུ་ཁའི་འབུལ་སྡུད་ནས་འཁོར་བའི་སྐུ་ཚབ་ལ་འགྲོ་དགོས་གསུངས་པར་ཟློག་ཐབས་མེད་པས་ང་མི་ཚེ་སྟོང་ཟད་ལ་འགྲོ་བར་འདུག་སྙམ་སྟེ་ཐུགས་མུག་ཚད་མེད་བྱུང་། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ནོར་བུའི་ཞལ་སྔ་ནས་འཕྲལ་དུ་ཉེར་མཁོའི་བཀའ་ཆོས་དུ་མ་གསན།
        དགུང་ལོ་ཉེར་བརྒྱད་པ་ས་ཕོ་འབྲུག་གི་ལོར་རྫ་ཆུ་ཁར་ཕེབས་ཏེ་ཡུན་རིང་ཙམ་ཞུགས། སྟོན་ཁར་ནས་ཀྱི་བསོད་སྙོམས་ཤིག་ལ་ཕེབས་པར། ལུང་པའི་ཕུར་གྲུབ་མཐའ་མི་མཐུན་པ་གཞན་ལ་མཐུ་བྱེད་ཀྱིས་ཨར་ལ་གཏད་པའི་སྔགས་འཆང་གི་སྒྲུབ་སྡེ་ཞིག་ཡོད་འདུག་པར། ས་ཆ་རྒྱུས་མེད་སྟབས་མི་ཞིག་གིས་བསམ་ངན་གྱིས་ཕུ་ཡ་གིར་བསོད་སྙོམས་ཡག་པོ་ཡོད་ཟེར་བ་ལྟར་ཕྱིན་པས་སྔགས་པ་རལ་པ་ཅན་གྱི་སྒྲུབ་སྡེ་ཞིག་དང་ཐུག ཉེ་འདབས་སུ་མི་ཚང་ཐོ་རེ་ལས་མི་འདུག དེར་གཟིམ་གུར་ཆུང་ངུ་ཞིག་ཡོད་པ་དེ་ཕུབ། ཡུལ་ལུགས་ལྟར་དུང་དཀར་བུས་སྟེ་བརྡ་སྦྱར་ནས་བྱིས་པ་དང་རྒན་གཞོན་འགའ་རེ་ནས་བྲེ་རེ་ཙམ་ཁྱེར་ནས་སླེབས། དེ་རྣམས་ལ་རྗེ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་ནང་གི་གུ་རུ་ཞི་བའི་རྗེས་གནང་བྱས་པར།སྔགས་པ་མང་པོ་ཡོང་ནས་གུར་གྱི་མཐར་འགྲེངས་ཏེ་ལྟ་གིན་འདུག རྗེས་གནང་ཚར་ནས་ཁྱེད་གྲུབ་མཐའ་གང་ཡིན་བླ་མ་སུ་ལས་ཐོས་ཟེར། རྗེ་འདིས་ང་དགེ་ལུགས་པ་ཡིན་ཆོས་ཁྲི་རིན་པོ་ཆེ་ལས་ཐོས་གསུངས་པར། གུར་དྲག་གི་རྗེས་གནང་བསྐུར་ཨེ་ཤེས་ཟེར། ཤེས་གསུངས་པས། འོ་ན་སང་གུ་རུ་དྲག་པོའི་རྗེས་གནང་བསྐུར་རོགས་གྱིས་ཟེར། སང་གུར་དྲག་གི་རྗེས་གནང་དེ་བསྐུར་པས་ཁོང་རྣམས་ཡིད་ཆེས་ཏེ། དགེ་ལྡན་པའི་བླ་མ་ཚད་ལྡན་རྙིང་ལུགས་ལ་སྡང་བ་དེ་འདྲ་མི་འདུག སྐྱབས་སུ་མཆི་ཟེར་ནས་དད་པ་བྱེད་ཀྱིན་འདུག སྒྲུབ་སྡེ་དེར་ཀླུ་ནད་མང་པོ་འདུག་པར་ཕན་ཐབས་ཞུས་བྱུང་བར། ཉེ་འདབས་ཀླུ་གནས་པའི་ལུང་ཁུགས་ཤིག་ལ་མེ་དང་འདྲེས་པའི་ཐལ་ཚན་ཕོ་བ་སོགས་ཀྱིས་གནོད་འདུག་པས་དེ་རྒྱུན་བཅད་ན་ཕན་པར་འདུག་ཅེས་གསུངས་པར། ཁོ་ཚོས་དེ་བཞིན་བྱས་པར་ཤིན་ཏུ་ཕན་པར་བྱུང་འདུག ཡང་ཀླུ་ནད་ཚབས་ཆེ་ཅན་ཞིག་ལ་ཡེ་ཤེས་ཁྱུང་ཁྲའི་རྗེས་གནང་མཛད་པས་དེ་ཡང་རིང་མིན་ནད་ལས་གྲོལ། ཡང་ཡུལ་དེའི་མི་ཕོ་རེང་ཞིག་ནས་རྗེ་འདི་སྤྱན་དྲངས་ཏེ། བདག་གི་ཕས་དངུལ་མང་པོ་ཞིག་ཁང་པ་ལ་སྦས་ཡོད་པར་ཐོས་པས། ད་ཕན་མོ་ལུང་བྱེད་པ་དང་།ཁང་པའི་ནང་གི་ས་རྐོ་བ་སོགས་ཅི་དྲག་བྱས་ཀྱང་མ་རྙེད་པས། བླ་མ་ཁྱེད་ཀྱིས་གསལ་པོར་གསུངས་དགོས་ཞེས་ནན་ཞུས་བྱེད་ཀྱིན་འདུག་པར། རྗེ་འདིས་ཐུགས་ཀྱི་ཉམས་ལ་ཁྱིམ་དེའི་གྲུ་ཡི་གྱང་ལྡེབས་ལ་སྦྲུལ་འདྲ་བ་ཞིག་འགྲེངས་ཏེ་སྒྲིབ་ཀྱི་ཡོད་པ་ཞིག་ཤར་བས། དེ་ལ་དམིགས་ནས་བསུར་བསྔོ་དང་སྡེ་བརྒྱད་གསེར་སྐྱེམས་གང་མང་ཞིག་གཏོང་བར་མཛད། སང་ཕེབས་ཁར་གྱང་ཐད་དེར་བྲུས་གསུངས་ནས་དཔོན་སློབ་རྣམས་ཐེགས། ཁོས་དེ་མ་ཐག་བརྐོས་པས་རྒྱ་དངུལ་ཕོན་ཆེ་ཐོན། ཁོ་ཧ་ལས་ཤིན་ཏུ་དགའ་ནས། དངུལ་རྡོག་ཆེ་ཙམ་ཞིག་ལ་དར་བཏགས་ནས་ལག་ཏུ་བཟུང་། རྒྱང་རིང་པོ་ནས་སྐད་འབོད་བྱེད་ཀྱིན་བརྒྱུགས་ཡོང་ནས་ཕུལ་བ་སོགས་ཀྱིས་འུར་ལངས། ཡུལ་དེའི་ཆེ་དགུ་དུ་མ་ཞིག་ཐུན་མོང་མ་ཡིན་པའི་སྦྱིན་བདག་ཏུ་གྱུར། དེར་ར་སྟག་གྲུབ་ཆེན་རིན་པོ་ཆེ་ལ་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་གསུང་འབུམ་གྱི་བཀླག་ལུང་གནང་བ་སོགས་ཆོས་འཆད་ཉན་རེ་མང་མཛད། དེ་ནས་རྫ་ཆུ་ཁར་ཕེབས། ཁ་ན་དགོན་ལ་དུས་དྲན་གྱི་གསོ་སྦྱོང་གི་མདོ་གསུངས་ཏེ་གཞི་གསུམ་གྱི་ཉམས་བཞེས་དང་། རྒྱུད་གྲྭ་གསར་དུ་ཚུགས་ཏེ་རྒྱུད་ཀྱི་འཆད་ཉན་ཡང་དག་པར་བཙུགས། བསླབ་སྐྱོར་རྣམས་སྒྲིག་ནས་འཐེན་བཅུག་སྟེ་བསླབ་གཙང་འབའ་ཞིག་གི་འདུས་པའི་སྡེ་བཙུགས། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་ཞེས་ཟུང་འཇུག་གྲུབ་པའི་དཔའ་བོ་དེས་རྡོ་རྗེ་ཕྲེང་པའི་དབང་གནང་རྒྱུར་རྗེ་འདི་ཉིད་གསན་པར་ཕེབས། བར་དེར་གསུང་འགག་པའི་ཚུལ་བསྟན་ཏེ་ཉེ་འགྲམ་པ་འགའ་ཞིག་ལས་གཞན་གྱིས་མ་ཐོས་པར། སྐུ་སྐྱེ་ཞིག་གིས་གསུང་ཚབ་མཛད་ཏེ་གནང་བར་འཐད་མི་འཐད་ཀྱི་གླེང་བརྗོད་སྣ་ཚོགས་བྱུང་ནས་རྗེ་འདི་པར་བཀའ་འདྲི་བསྩལ། རྗེ་འདིས་རྒྱ་གར་གྱི་པཎ་གྲུབ་དུ་མས་ལོ་ཙཱ་བརྒྱུད་དེ་དབང་གནང་བའི་ལོ་རྒྱུས་དཔེར་དྲངས་ཏེ་ཞུས་པས་བླ་མ་ཡང་ཐུགས་དགྱེས། བཀའ་ཆོས་པའི་དགེ་བཤེས་ཞིག་གིས་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས་ལ་ཁྱད་ཡོད་མེད་གང་ལགས་ཟེར་བར།ལམ་གྱི་དགག་བྱ་ལ་ཡོད་པས་ཁྱབ། རིགས་པའི་དགག་བྱ་ལ་ཡོད་པས་མ་ཁྱབ་གསུངས། འོ་ན་རིགས་པའི་དགག་བྱ་དང་རྟགས་ཀྱི་དགག་བྱའི་ཁྱད་པར་ཡོད་མེད་གང་ཡིན་ཟེར། རིགས་པའི་དགག་བྱ་ལ་ཡོད་མེད་གཉིས་ཡོད། རྟགས་ཀྱི་དགག་བྱ་ལ་མེད་པས་ཁྱབ་གསུངས་ནས་ཤེས་བྱེད་དྲངས་པས་ཁོང་མགུ་བར་གྱུར། རྫ་དཔལ་སྤྲུལ་རིན་པོ་ཆེ་ནས་སྤྱོད་འཇུག་གི་བཤད་ལུང་ཞིག་ཀྱང་གསན།
        སྒོ་མང་གྲྭ་ཚང་ནས་ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་དབུས་ཕེབས་ཞུ་བསྐུལ་གྱི་གསུང་འཕྲིན་ཡོད་པ་བསྣམས་ཏེ་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་མཇལ་ཞུས་ཀྱིས་གསུང་འཕྲིན་ཞུ་འབུལ་ལེགས་པར་མཛད། ཐུའུ་བཀྭན་ཡོངས་འཛིན་བསྟན་པ་རྒྱ་མཚོའི་ཞལ་སྔ་ནས་གསུང་ཆོས་དུ་མ་ཞུས་པའི་སྐབས་ཤིག་ཏུ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ནང་ཕྱག་ཤན་ཞེས་པ་ཅི་ཡིན་ཞེས་བཀའ་འདྲི་ཕེབས་པར། རྗེ་འདིས་དེ་བོད་ཀྱིས་རལ་གྲི་ལ་ཞེ་ཚིག་གིས་ཕྱག་ཤན་ཞེས་འབོད་པ་ཡིན་ཞུས། མི་ལའི་རྣམ་མགུར་གནང་དུས་ཐུག་ཐལ་ལའང་ཟ་ཐོབ། ཐུག་རྡོར་ལའང་ཟ་ཐོབ་གསུངས་པའི་ཐུག་ཐལ་དང་ཐུག་རྡོར་ཞེས་པ་ཅི་ཡིན་གསུངས། ཐུག་པར་འདེབས་རྒྱུ་རྩམ་པ་ལ་ཐུག་ཐལ་དང་།ཤ་ཚིལ་ལ་ཐུག་རྡོར་ཟེར་ལགས་ཞུས། ཡང་སྐབས་ཤིག་གུང་ཐང་རིན་པོ་ཆེའི་བསླབ་བྱ་སྣ་ཚོགས་ནང་ན།
                          རྒྱུ་ནོར་གྱི་གོ་རེ་ཅུང་རྡོག་དེ། །བརྣབ་སེམས་ཀྱི་སྐྱུར་རྩིས་གསོབ་ཆེས་ན། །
                          ཚལ་པར་འགས་པ་ཨ་ཙ་མ། །ཟ་བདེ་ཞིག་བྱུང་ན་ཆོག་པ་ལ། །
        ཞེས་པ་ཅི་ཡིན་གསུངས། མི་ཤེས་འདུག་ཞུས་པར། དེ་ངེད་ཚོ་ཨ་མདོའི་སྐད་ཆ་ཡིན། སྐྱུར་རྩི་བཏབ་པའི་གྲོ་ཞིབ་རྡོག་བཙོས་བྱས་པ་ལ་ཟེར་གསུངས་པས་ཚོགས་པ་རྣམས་བཞད་གད་ཐེག་པ་བྱུང་། ཡང་རྩོད་མེད་ཀྱི་གྲུབ་ཐོབ་ཨ་ལགས་རིགས་གྲྭ་ཚང་སློག་པ་དང་། རྒྱ་ཞྭ་གྱོན་ནས་རྗེ་འདིའི་བཞུགས་ཁང་དུ་གློ་བུར་དུ་ཕེབས་ཏེ། བོད་པ་བླ་མ་ཁྱེད་ཀྱིས་གུང་ཐང་གསུང་འབུམ་སྤར་ཡོད་པ་ཨེ་ཡིན་གསུངས། སྤར་ཡོད་ཞུས་པས། དྲང་ངེས་མཆན་འགྲེལ་དེ་སྟོན་དང་ཟེར། ཕུལ་བས་ཞལ་ཕྱེ་སྟེ་གནད་ཆེ་བ་འགའ་རེ་བསྟན་ནས་འདི་ལྟ་བུའི་ལེགས་བཤད་ངོ་མཚར་བ་ལ་ཨང་གསུངས། ཤིན་ཏུ་ངོ་མཚར་བ་གདའ། ཨ་ལགས་ཚང་ནས་ངེད་ཀྱིས་སྤར་བའི་དཔེ་ཆ་འདི་རྣམས་ལ་རབ་གནས་ཤིག་གནང་འཚལ་ཞུས་པས། འབྲུ་ཁྱེར་ཤོག་གསུངས་པ་ལྟར་ཕུལ། དེར་རབ་གནས་ལེགས་པར་གནང་ནས་ཐེགས། ཡང་ཉིན་གཅིག་ཁྲོམ་ནས། མཁར་རྔ་ཆེ་ཆུང་གཉིས་ཉོས་པར། ཁོང་བྱོན་ནས་གཅིག་ཁོང་གིས་བཟུང་། གཅིག་རྗེ་འདིར་གཏད་དེ་རྡུངས་གསུངས་པར་དགོན་ནང་ཡིན་པ་དང་ཀུན་མཁྱེན་བླ་མའི་ཕོ་བྲང་གི་ཉེ་འདབས་སུ་ཡོད་པས་འཚེར་པོ་བྱུང་ཡང་སྐད་ཅི་བྱོན་བརྡུངས། ཁོང་གིས་ཀྱང་དེ་བཞིན་མཛད་བྱུང་བར་ཕྱིས་འབྱུང་ཞིག་ལ་དགོངས་པ་འདྲ་གསུངས། ཡང་ཉིན་གཅིག་ཕེབས་ནས་ཞབས་ཕྱི་ཞིག་གིས་རྟའི་ཆག་རྫི་གིན་ཡོད་པ་བླངས་ཏེ། ཟངས་སྡིག་གི་ཁ་གཅོད་སྟེང་དུ་འདི་ཡིན་མེད་པའི་གཏོར་མ་འདྲ་བ་འགའ་རེ་བཟོས་ནས་རྗེ་འདིར་ཐེགས་ཤིག་གསུངས། ཁོ་རང་ཞལ་བགྲད་ཅིང་ལྗགས་དྲིལ་སྤྱན་སྡང་མིག་ཏུ་མཛད་ནས་ཡུད་ཙམ་བཞུགས་ནས་ད་ཐོག་ཁར་ཕུལ་ཐོངས་གསུངས་པ་ལྟར་ཕུལ་བས། འོ་ད་ལེགས་བྱུང་གསུངས། གསོལ་ཇ་དྲངས་པར་དཀར་ཡོལ་ཆེན་པོ་ཞིག་ཏུ་བག་ལེབ་གསིལ་ནས་བཞེས་ཤིང་། རྗེ་འདི་ལ་འང་དེ་ནས་བཞེས་དགོས་གསུངས་པ་ལྟར་སྣོད་གཅིག་ནས་བཞེས་པ་ལྷན་དུ་གསོལ། ཐེགས་ཁར་རྗེ་འདིའི་ཕྱག་ཕྲེང་ཁོང་གིས་བསྣམས་ཁོང་གི་ཕྱག་ཕྲེང་རྗེ་འདི་པར་གནང་ནས་ཐེགས་པ་ཞིག་བྱུང་གདའ། ཨ་ཁུ་ཤེས་རབ་རྒྱ་མཚོ་རིན་པོ་ཆེའི་ཞལ་སྔ་ནས་ལ་རྗེ་བཙུན་ཤེས་རབ་སེང་གེའི་རྒྱུད་ཊཱིཀ་ཀྱི་ལུང་ཞུས་པར། ཁོ་བོས་མ་ཐོབ་གསུངས། འོ་ན་ལུང་རྒྱུན་ཆད་དམ་ཞུས་པས། སྟོང་གསུམ་གསེར་གྱིས་བཀང་སྟེ་རིན་པོ་ཆེའི་ཞུན་མར་སྦར་ནས་བཙལ་ན་རྙེད་མོད་གསུངས། ཞོ་དཀར་ཡོལ་གང་བསྩལ་ཏེ་འཐུངས་གསུངས་པ་རྫོགས་པར་བཏུང་ནས་སྐྱབས་འཇུག་ལེགས་པར་ཞུས་ཏེ་ཕྱིར་ཐེགས། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་དབུས་ཕེབས་ཀྱི་ཞལ་བཞེས་མཛད་པའི་གསུང་འཕྲིན་བསྩལ་བ་ལེགས་པར་མནོས། དེ་ནས་བཞེད་དོན་གྲུབ་པས་རིམ་གྱིས་ཉེ་ཞོ་ཕྲ་མོ་ཙམ་ཡང་མེད་པར་དབུས་ཕྱོགས་སུ་བདེ་བར་ཕྱག་ཕེབས་ནས་གྲྭ་ཚང་རིན་པོ་ཆེར་ཡོད་དགུ་སྤྲུགས་པའི་བསྙེན་བཀུར་རྒྱ་ཆེར་མཛད་དེ་མཉེས་པ་བསྒྲུབས། ཀུན་མཁྱེན་སྐུ་ཕྲེང་གསུམ་དང་། གུང་ཐང་འཇམ་དཔལ་དབྱངས། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། རོང་པོ་སྐལ་ལྡན་རྒྱ་མཚོ། ཁྱ་དགེ་བློ་གྲོས་རྒྱ་མཚོ་བཅས་ཀྱི་གསུང་འབུམ་རྣམས་གུང་རུ་ཁང་ཚན་ལ་སྦྱོར་འཇགས་ཞུས། དབལ་མང་དང་། རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་རྣམས་སྐྱབས་རྗེ་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེར་ཕུལ་ནས་སྐྱབས་འཇུག་ནན་ཆེར་ཞུས། དེ་ནས་ཆོས་འཆད་སྤེལ་ངང་བཞུགས་མུས་སུ་སླར་ཡང་བླ་བྲང་ཀུན་གླིང་པའི་རྒྱ་ནག་གི་བ་ཡེར་མཁན་པོར་ཕེབས་དགོས་ཤར།
        དགུང་ལོ་སོ་བརྒྱད་པ་མེ་མོ་གླང་གི་ལོར་རྒྱ་ནག་ཏུ་ཆིབས་བསྐྱོད། ལམ་བར་ཤོ་མདོར་གྲུབ་དབང་ཕུན་ཚོགས་ཆོས་འབྱོར་ལས་དག་སྣང་གི་ཆོས་སྐོར་དུ་མ་གསན་ཅིང་། རྗེ་ཚེ་འཛིན་མའི་ཚེ་དབང་གི་ཆོག་བསྒྲིགས་ཀྱི་བསྐུལ་མ་མཛད། དེ་ནས་རིམ་བཞིན་ཉེ་ཞོ་མེད་པར་མ་ཧཱ་ཙི་ནའི་རྒྱལ་ཁབ་ཆེན་པོར་བདེ་བར་ཕེབས། འཇམ་དབྱངས་གོང་མ་ཆེན་པོར་མཇལ་ཁ་དང་རྟེན་ཆས་རྣམས་ལེགས་པར་ཕུལ། གོང་མ་ཆེན་པོས་མཇལ་དར་སེར་པོ་ཞིག་ཕྱག་གིས་གནང་། སྟོང་འཁོར་ཧོ་ཐོག་ཐུས་བདེ་མཆོག་ལུ་ཨི་པའི་དབང་ཆེན་གནང་བར་རྗེ་འདི་ཞུ་བར་ཕེབས། ཁོང་གི་མཛད་པ་ལ་མི་ཕྱེད་པའི་དད་པ་ཐོབ། རྗེ་འདིས་ཡུང་དགོན་ཚོགས་ཡོངས་ལ་དམ་ཆོས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་ལེགས་པར་བསྩལ། སྟོང་འཁོར་ཧོ་ཐོག་ཐུ་མཁའ་སྤྱོད་དུ་གཤེགས་ཁར་ཞབས་ཕྱི་རྣམས་ལ་ཁོ་བོ་འདས་རྗེས་སྐུ་གདུང་གི་ཞབས་ཞུ་ཀུན་གླིང་བ་ཡེར་མཁན་པོ་དང་། ཡུང་དགོན་ཛ་སག་རྟ་དབོན་ཚུལ་ཁྲིམས་གཉིས་ལ་ཞུས་གསུངས་ནས་ཆོས་དབྱིངས་སུ་གཤེགས། གོང་མ་ཆེན་པོས་སྐུ་གདུང་གི་ཞབས་ཞུ་དགོས་པའི་བཀའ་བབ་བྱུང་བས་ཐོག་མར་བླ་མ་དང་གཙོ་བོ་དབྱེར་མེད་དུ་མོས་ནས་གདུང་སྒྲུབ་དང་མཆོད་འབུལ། ཐུགས་དམ་གྲོལ་ནས་གདུང་ཁྲུས་དང་ཆས་འཇུག་ཕུལ་ཡོད་པ་ཕྱི་ཉིན་ཆས་འཇུག་གི་རྡོར་དྲིལ་སྐུ་པང་དུ་དོར་ནས། རྡོར་སེམས་ཀྱི་ཕྱག་སྟབས་སུ་བཞུགས་པའི་ཕྱག་གཡས་མཐེབ་མཛུབ་ཀྱི་བར་དུ་ཞལ་ཚོམ་གྱི་ཆུན་པོ་ཞིག་ཐུགས་ཀར་བཟུང་འདུག་པར། དད་གུས་ཚད་མེད་ཀྱིས་ཕྱག་ཕུལ་ནས་གསོལ་རས་ཞུས་པ་ཡིན་གསུངས། སླར་ཡང་གདུང་ཁྲུས་ཕུལ་ནས་ཟ་མ་ཏོག་ཏུ་པུར་ཚྭ་ཞིབ་མོར་བརྡར་བའི་དབུས་ན་བཞུགས་སུ་གསོལ། ཞག་བཅུས་ལྷག་པའི་ཟླ་བ་གསུམ་ནས་ཟ་མ་ཏོག་ཁ་ཕྱེ་བར་པུར་ཚྭ་ཕྱེད་ཙམ་འགྲིབས་ནས་དམའ་རུ་སོང་འདུག རྟ་དབོན་ཚུལ་ཁྲིམས་ལགས་ཤིན་ཏུ་སྔངས་ནས་ཞལ་ཡང་འབུག་རྒྱུ་མི་འདུག རྗེ་འདིས་བླ་མ་ལ་གསོལ་བ་བཏབ་སྟེ་པུར་ཚྭ་རྣམས་བསལ་བས་སྐུ་གདུང་ཁྲུ་གང་ཙམ་དུ་སོང་འདུག དེ་ནས་གོང་མའི་བཀའ་བཞིན་སྐུ་གདུང་རིན་པོ་ཆེ་ཆ་ཧར་གྱི་རྟ་མགྲིན་ལྷ་ཁང་བར་དུ་ཕེབས་སྐྱེལ་ཞུས་ཏེ་དཔོན་སློབ་ཕྱིར་ཐེགས། མི་རིང་བར་གོང་ནས་༸རྒྱལ་དབང་རིན་པོ་ཆེར་གསེར་ཡིག་དང་རྟེན་ཆས་ཕེབས་པ་རྩིས་བཞེས་ཀྱིས་དབུས་ཕྱོགས་སུ་བཏེགས། དར་རྩེ་མདོར་སྔ་མོ་ནས་དུས་ལ་བབ་པའི་རྟགས་མཚན་རིམ་བྱུང་བཞིན་ལྔ་མཆོད་དགོན་ཞེས་པའི་དགོན་ཞིག་ཏུ། རྒྱལ་ཆེན་བསེ་ཁྲབ་སྐུ་ཕེབས་བཞིན་པ་ལས་བསེ་ཁྲབ་དྲག་པོའི་སྲོག་གཏད་ཞུས། བཞུགས་ཡུལ་དེར་གློ་བུར་དུ་མེ་འཇིགས་ཆེན་པོ་བསྐལ་པ་འཇིགས་དུས་ཀྱི་མེ་ལྟ་བུ་བྱུང་བ་སྐྱེ་བོ་ཕལ་ཆེར་འཛིན་ཆས་གཞན་ལྟ་ཅི། གོས་ཀྱང་གྱོན་ལོང་མེད་པ་འབྲོས་དགོས་པ་བྱུང་སྐབས་རྗེ་འདིས་གནས་ཆུང་སྤྲུལ་པའི་ཆོས་རྒྱལ་གྱི་རྟེན་མདུང་ཞིག་ཡོད་པ་ཕྱག་ཏུ་བསྣམས། རྟ་ཚག་རིན་པོ་ཆེ་དང་ཆོས་སྐྱོང་ཆེན་པོའི་མཚན་ནས་བོས་ཏེ་གནད་དུ་བསྐུལ་བས། ར་སྐོར་ནང་གི་མོ་ཡན་ཞིག་ཡོད་པ་དེས། རྗེ་འདི་བཞུགས་ཡུལ་གྱི་ཕྱོགས་ནས་སེང་གེ་ལ་གནས་པའི་གྲྭ་པ་བཙུན་ཆས་ཅན་སག་ཐེབ་གྱོན་པ་ཞིག་མེ་ནང་དུ་མཆོངས་འགྲོ་བ་ཞིག་མཐོང་ནས། ཡ་ཡ་གྲྭ་པ་སེང་གེ་ལ་ཞོན་པ་ཞིག་མེ་ནང་དུ་མཆོངས་སོང་ཟེར་བ་དང་མཉམ་དུ་ཁང་པའི་རྒྱབ་ཕྱོགས་ནས་ཆར་རླུང་དྲག་པོས་མེ་དེ་སྐད་ཅིག་གིས་གཞན་དུ་བསྒྱུར་ཏེ་རིམ་གྱིས་ཞི། རྗེ་འདིའི་གཟིམ་ཁང་མ་གཏོགས་དེ་ཕན་ཆད་ཚོང་ཁང་བཅུ་ཕྲག་དུ་མ་ཐམས་ཅད་ཚིག་སྟེ་ཐང་ཡངས་པོ་ལྟར་གྱུར།
        གནས་དེར་སྒྲོལ་མ་ཙིནྟཱ་མ་ཎིའི་བསྙེན་པ་ཞིག་ལ་བཞུགས་པའི་མནལ་ལམ་དུ་གཟིམ་ཁང་གི་ཉེ་ལོགས་ལྡུམ་རའི་མེ་ཏོག་རྣམས་ཀྱི་རྩེ་མོར་སྒྲོལ་མ་ཉེར་གཅིག་རེ་དང་། བླ་སྐུ་རེ་སྤེལ་མར་བཞུགས་པའི་མཚན་ལམ་ངོ་མཚར་བ་ཞིག་བྱུང་། དེ་ནས་རིམ་གྱིས་ཕྱག་བཏེགས་ཏེ་ཤོ་མདོར་ཕེབས། དགེ་བཤེས་ཕུན་ཚོགས་ཆོས་འབྱོར་ལ་སྔར་བསྐུལ་བའི་རྗེ་ཚེ་འཛིན་མའི་ཚེ་དབང་བསྐུར་བའི་ཆོ་གའི་ལུང་ཞུས་ནས་ཕྱིས་དམིགས་བརྩེ་མའི་བེའུ་བུམ་དུ་བཅུག་པ་གནང་། དེ་ནས་སྔོན་ལ་ཕེབས་བསྟུན་རྒྱ་མཚོ་གླིང་ནས་ཆིབས་བསུ་སེར་སྦྲེངས་གིས་གདན་དྲངས། དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་དང་མཇལ། མ་བུ་ལྟར་ཐུགས་ནང་གཤིན་པའི་གསུང་བགྲོས་དང་། སྐབས་འགར་ཕན་ཚུན་ཉམས་བསྡུར་བའི་གསུང་གླེང་ངོ་མཚར་བ་དུ་མ་མཛད།
        དེ་ནས་དབུས་ཕྱོགས་སུ་ཕྱག་གཏེགས། དགུང་ལོ་ཞེ་བདུན་པ་མེ་ཕོ་ཁྱིའི་ལོར་ལྷ་ལྡན་གཙུག་ལག་ཁང་གི་འདབས་སུ་ཕེབས། ནོར་གླིང་ཕོ་བྲང་དུ་སྤྱན་རས་གཟིགས་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་གསེར་ཡིག་དང་རྟེན་ཆས་རྣམས་ཚར་དུ་དངར་བར་བསྟར། ཕྱག་གི་སོར་ཕྲེང་སྤྱི་གཙུག་རྒྱན་དུ་བཀོད་དེ་བྱིན་རླབས་ཞུས། གཞུང་ས་མཆོག་ནས་ཕེབས་སྟོན་བསྩལ་བ་ཉམས་སུ་མྱངས་ཏེ་ཀུན་གླིང་བླ་བྲང་དུ་གཞི་ཕབ། བླ་བྲང་ནས་ཤངས་ལེན་དང་བཀུར་གཟོས་རྫོགས་ལྡན་གྱི་སྤྲིན་ལྟར་ཞུས། མི་རིང་བར་དཔལ་ལྡན་འབྲས་དཀར་སྤུངས་པར་རང་གི་གཟིམ་ཤག་ཏུ་ཕྱག་ཕེབས། གྲྭ་ཚང་དང་གུང་རུ་ཁང་ཚན། རྒྱུད་སྨད་ཀུན་གླིང་བཅས་པར་བསྙེན་བཀུར་གཟབ་རྒྱས་སུ་བསྩལ། དེ་ནས་སྐྱབས་མགོན་རྟ་ཚག་རིན་པོ་ཆེའི་དངུལ་གདུང་གི་གཟུངས་འབུལ་ལ་ཕེབས། གཙོ་བོར་ཕུར་ལྕོག་ཡོངས་འཛིན་བྱམས་པ་རིན་པོ་ཆེ་དང་། ཡོངས་འཛིན་གླིང་རིན་པོ་ཆེ། བཀའ་འགྱུར་བ་ལྷོ་པ་སྤྲུལ་སྐུ། རྗེ་འདི་པ་བཅས་ཡོད་འདུག ཡོངས་འཛིན་རིན་པོ་ཆེ་ནས་རྒྱལ་དབང་ལྔ་པའི་ལུགས་ཀྱི་གཟུངས་འབུལ་བྱེད་ཚུལ་ལག་ཁྲིད་དུ་མཛད། བྱམས་མགོན་རིན་པོ་ཆེ་ནས་མཆོག་སྤྲུལ་རྣམ་གཉིས་ལ། གན་ཇི་རའི་མཚན་དོན་གང་ཡིན་གསུངས། རྣམ་གཉིས་ནས་མི་ཤེས་ཞུས་སོང་བར། རྗེ་འདི་པ་ལ་གཞོན་ནུ་རྣམས་ལ་བདག་ཅག་བན་རྒན་རྣམས་དགོས་པར་འདུག་ཨང་གསུངས་པའི་ཞལ་རྩེད་གནང་། རྗེ་འདིས་དེའི་མཚོན་དོན་གང་ཡིན་ཞུས་པར། གདན་གྱི་པད་མའི་སྟེང་དུ་དོན་གྲུབ་ཀྱི་མཚན་མ་དྲིལ་བུ། འོད་དཔག་མེད་ཀྱི་པདྨ། མི་བསྐྱོད་པའི་བུམ་པ། རྣམ་སྣང་གི་འཁོར་ལོ། རིན་འབྱུང་གི་རིན་པོ་ཆེ་བརྩེགས་པ་ཡིན་ཞེས་དམ་པ་གོང་མའི་གསུང་རྒྱུན་ལས་འབྱུང་གསུངས། དེ་ནས་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་དང་། གླིང་རིན་པོ་ཆེ། བཀའ་འགྱུར་བ་ལྷོ་སྤྲུལ་རིན་པོ་ཆེ། བྲག་རི་མཆོག་སྤྲུལ་རིན་པོ་ཆེ་སོགས་དམ་པ་དུ་མའི་མདུན་ནས་ཐོས་པས་མི་ངོམས་པར་མཛད། ཕར་ཡང་དབང་ལུང་མན་ངག་རྒྱ་ཆེར་སྤེལ་བར་མཛད། དེ་ནས་སྐུ་མཚམས་དམ་པོས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་ཆེན་ལ་བཞུགས་པར་མཛད། ཡང་ལན་གཅིག་གསུངས་ལས་མདང་བདག་གི་རྨི་ལམ་དུ་རྩེ་ཕོ་བྲང་ཆེན་མོའི་བདེ་ཡངས་ཤར་གྱི་མཐིལ་དུ་གནས་ཆུང་ཆོས་སྐྱོང་སྐུ་བབས་ནས་གསུང་ཤོག་ཅིག་ལ་དམ་ཕྲུག་དམར་པོ་ཕབ་སྟེ་ཁྱེད་རང་སྒོ་མང་བླ་མ་བསྐོ་བཞག་བྱས་པ་ཡིན་གསུང་པ་ཞིག་རྨིས་མ་བརྗེད་པ་གྱིས་གསུངས་བྱུང་བ་ཕྱིས་ཀྱི་ལུང་བསྟན་དུ་སྣང་། བསྙེན་སྒྲུབ་མཐར་ཕྱིན་ནས་སྒྲུབ་རྫས་ལ་མེ་འབར་བ་སོགས་བྱུང་ཡང་རྗེ་འདིས་ཐུགས་སྣང་མི་མཛད་པར་ཡི་དམ་འདི་འདྲའི་བསྙེན་སྒྲུབ་ལ་འབད་པས་རྒྱུད་འཇམ་ཉིལ་ཉིལ་དུ་འགྲོ་བ་དགོས་ཞེས་ཡང་ཡང་བཀའ་བསྩལ།
        དགུང་ལོ་ང་གཅིག་བཞེས་པ་ལྕགས་ཕོ་སྟག་གི་ལོར་གཞུང་ས་མཆོག་གི་བཀའ་དགོངས་ལྷ་ས་གཞི་སྡེ་སྨྱུང་གནས་ལྷ་ཁང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་གནང་དུས། ལྷ་མོ་མེ་ལྕེ་འབར་གྱི་རྒྱུད་ཀྱི་ལུང་གནང་སྐབས་རྒྱུད་ནས་བཤད་པའི་རྟགས་མཚན་ཡ་མཚན་པ་བྱུང་།
རབ་བྱུང་༡༥ ཤིང་ཕོ་རྟ། ཕྱི་ལོ་༡༨༩༤ དགུང་གྲངས་ང་ལྔ་བཞེས་པའི་ཚེ། ༸གོང་ས་མཆོག་གིས་ཡེ་ཤེས་ཀྱི་གཟིགས་པས་ཆོད་པའི་བཀའ་ལུང་སྤྱི་བོར་བཅིངས་ཏེ། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ། ཆོས་གྲྭར་པོ་ཏི་ལྔའི་མཐའ་དཔྱོད་ཀྱི་དབུ་ནས་བརྩི་བཞག་གནང་། དེ་ནས་བཟུང་གྲྭ་ཚང་གི་ཚོགས་ཆོས་གྲྭར་དོ་དམ་སློབ་གཉེར་ལ་རྟིང་བསྐུལ། འཛིན་གྲྭ་གོང་མ་སློབ་གཉེར་བ་མིན་པ་འོག་མར་ཕབ་སྟེ་སློབ་གཉེར་ལ་སྦྱར། སློབ་གཉེར་མི་ཕེར་བ་རྣམས་སོ་སོའི་བློ་དང་འཚམ་པར། འགའ་ཞིག་ལ་རིག་གནས་སློབ་སྦྱོང་། འགའ་ཞིག་ལ་བྲིས་འབུར་སྐུ་བཞེངས་པ། ལ་ལ་ཡི་གེ་སློབ་སྦྱོང་སོགས་ལ་བཙུད་དེ་བྱ་བ་དོན་ཡོད་ལ་བཀོད། དེ་བཞིན་རྩོད་རྒྱུགས་སྐྱོར་རྒྱུགས་ཡང་ཡང་ལེན་པ། གསར་བུ་རྣམས་ལ་བགྲོ་གླེང་སྐབས་ལུས་ཀྱི་རྣམ་འགྱུར་སློབ་འཇུག་ཅིང་། སྒྲུབ་བྱེད་འཕེན་པའི་འཁོར་གསུམ་གཡས་སྐོར་དང་། གནོད་བྱེད་འཕེན་པའི་འཁོར་གསུམ་གཡོན་སྐོར་དུ་བྱེད་དགོས་པ་ངག་རྒྱུན་དང་། གཙོ་བོར་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རྒྱུན་བཞིན་ཞིབ་སློབ་ནན་ཏན་གནང་། སློབ་སྟོན་དང་དོ་དམ་གནང་ཚུལ་ཤིན་ཏུ་མཁས་པས། འཆད་ཉན་མེ་ལྟར་འབར་ཏེ་དེ་དུས་ཀྱི་དགེ་བཤེས་ཐོན་ཆེ་བ་ལྟར་དུས་ཕྱིས་དཀོན་ཞེས་གཟུར་གནས་རྣམས་ཀྱིས་གླེང་ཞིང་། སྐུ་ཉིད་ནས་ཀྱང་གྲྭ་ཚང་གི་འཆད་ཉན་འཕེལ་བས་ཁྲི་འཛིན་པའི་དགོས་པ་བྱུང་ཞེས་ཐུགས་མཉེས་པའི་གསུང་བྱོན་པར་གདའ། ཆོས་མཚམས་ནམ་ཡིན་ལ་དགེ་ཚུལ་སློང་སྒྲུབ་པ། གཞན་ཡང་དབང་ལུང་མན་ངག་རྒྱུན་ཆགས་སུ་བསྩལ། སྦ་ཏི་མཆོག་སྤྲུལ་རིན་པོ་ཆེ་ཆེན་པོ་ཧོར་གླིང་ཡུལ་གྲུ་ནས་ཕེབས་ཏེ་གྲྭ་ཚང་ལ་སྦྱོར་འཇགས་མཛད་རྒྱུར། གསེར་ཟངས་ཀྱི་རྗེ་སྐུ་གཙོ་བོ་མི་ཚད་མ་དང་། ཆུང་བ་མཐོ་གང་ཚད་ལ་སྟོང་དང་བཞི་བརྒྱ། སྒྲོལ་སྐུ་ཆེ་ཆུང་ཞེ་བཞི། ཡི་དམ་ཆོས་རྒྱལ་བཅས་ཀྱི་གཟུངས་གཞུག་འབུལ་བར་རྗེ་འདི་ཉིད་ཆོག་གྲྭ་དང་བཅས་པར་ཕེབས་ཏེ་ལེགས་པར་ཕུལ། བཞུགས་ཡུལ་འོས་འགབ་མེད་པར་བརྟེན།༸གོང་ས་མཆོག་དང་། ཆོས་སྐྱོང་རྣམ་གསུམ་ལ་དགོངས་བསྟུན་ཞུས་ནས་ལྗགས་བཀོད་ལྟར་བཞུགས་ཡུལ་ངོ་མཚར་བར་བསྒྲུབས་ཏེ། བསུ་བའི་བཀོད་པ་དང་བཅས་ལྷ་ལྡན་ནས་གདན་དྲངས་འདུ་ཁང་སྦུག་ཏུ་བཞུགས་སུ་བཅུག དཔལ་ལྡན་སྨད་རྒྱུད་ཚོགས་ཡོངས་གདན་དྲངས་ཏེ་རབ་ཏུ་གནས་པ་རྒྱས་པར་མཛད་དེ་བླ་མ་ཡི་དམ་དབྱེར་མེད་དུ་བྱིན་ཕབ། ད་དུང་མཆོད་འབུལ་གལ་ཆེ་བར་འདུག་པས་དེ་ཡང་རྟེན་འབྲེལ་དང་བྱིན་རླབས་ཀྱི་འཇུག་སྒོ་གཞན་ལས་ཆེ་བར་དགོངས་ཏེ་ཚོགས་འདུ་དང་བཀའ་མོལ་གྱིས་༸གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་རྗེ་ཡི་སྟོང་མཆོད་ཀྱི་ཆོ་ག་གསར་རྩོམ་དུ་གསོལ་བ་བཏབ་པར་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་འཕྲལ་དུ་གྲུབ་པར་མཛད་དེ་རྗེ་འདི་ལ་བཀླག་ལུང་བསྩལ་ནས་མཆོད་པ་རྒྱས་བསྡུས་སྣ་ཚོགས་བྱས་ཆོག་ཚུལ་དང་། ཚོགས་སུ་འཛུགས་པ་ལེགས་ཚུལ་སོགས་བཀའ་ལུང་དང་བཅས་དཔེ་ཆ་ཕྱག་གིས་གནང་སྟེ་ཐུགས་སྨོན་ནན་ཏན་མཛོད་གསུངས་པའི་བསླབ་སྟོན་ཕེབས། འདུ་ཁང་གི་གཙང་ཁང་དབུས་མར་མི་འཁྲུགས་པའི་ལྷ་ཁང་ཞེས་པའི་མཚན་ཡོད་མུས། གཙང་ཁང་ནུབ་ཏུ་སྔོན་ཁྲི་ཆེན་ངག་དབང་ཆོས་འཕེལ་ནས་སྡེ་འདིའི་དགེ་འདུན་རྣམས་སྐུ་ཚེ་འཕེལ་བའི་རྟེན་འབྲེལ་དུ་རྣམ་རྒྱལ་མའི་གཟུངས་རིང་གི་མཇུག་ཏུ།
                    རྣམ་པར་རྒྱལ་མའི་ཐུགས་བསྐྱེད་བདེན་པའི་མཐུས། །
                    བསྟན་དང་བསྟན་འཛིན་དགེ་འདུན་སྡེ་དང་བཅས། །
                    སྐུ་ཚེ་འཕྲིན་ལས་མངའ་ཐང་རྒྱས་པ་དང་། །
                    ལེགས་ཚོགས་རྟེན་འབྲེལ་འགྲིག་པར་བྱིན་གྱིས་རློབས། །
        ཞེས་འདོད་གསོལ་ཤོ་ལོ་ཀ་དང་བཅས་སྦྱོར་འཇགས་མཛད་པའི་རྣམ་རྒྱལ་མ་གཙོ་བོ་དང་། དེའི་གཡས་གཡོན་དུ་བླ་བྲང་ནས་གསར་བཞེངས་ཚེ་དཔག་མེད་དང་། སྒྲོལ་དཀར། སྟེང་གི་ཟེའུ་ལྷ་ཁང་གསུམ་དུ་འབུལ་སྡུད་རྡོ་རྗེ་འཆང་ནས་ཕུལ་བ་རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ་བཅས་བཞུགས། གཙང་ཁང་ཤར་དུ་ཕོ་བྲང་སྡེ་ཟུར་ཤག་ནས་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་སྨན་སྐུ་བྱོན་གཙང་ཕུལ་བ་བཞུགས་སུ་བཅུག་པར། དགའ་གདོང་ནས་གཙང་ཁང་ཤར་ལ་བླ་མ་ལྷ་ཁང་དང་། ནུབ་མར་རྣམ་རྒྱལ་ལྷ་ཁང་ཞེས་པའི་མཚན་གསོལ།
        ལོ་དེར་༸གོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་གདན་གསུམ་གྲྭ་སྐོར་རིམ་ཕེབས་ཀྱིས་ཆོས་སྡེ་འདིར་དམ་བཅའ་ཆེན་མོའི་སྐབས་རྗེ་འདིས་ཀྱང་བཞེངས་ཏེ། སེམས་བསྐྱེད་ལས་བརྩམས་ཏེ་བགྲོ་གླེང་ཕུལ། མི་བཅུ་གཅིག་བཞེངས་མཚམས་གནས་ཆུང་ཐོག་ཕེབས་གནང་ནས། མདོ་རྩ་བར། གནས་པས་གནས་ལ་མ་བརྟེན་པར་བྱ་བ་རྣམས་མི་བྱའོ། །ཞེས་པ་ལས་བརྩམས་ཏེ་བགྲོ་གླེང་མཛད་དགོས་ཞེས་གསུངས་པ་བཞིན། རྗེ་འདི་དང་བླ་སྤྱི་འགའ་རེ་དམ་བཅར་བཞུགས་པར། ༸གོང་ས་མཆོག་བཞེངས་ཏེ་ལུང་རིགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མཛད། ཞག་ཤས་ན་ཁལ་ཁ་སྐྱོར་དཔོན་བློ་བཟང་རྡོ་རྗེ་ནས་༸གོང་ས་ཆེན་པོ་ཚོགས་དབུས་སུ་སྤྱན་དྲངས། རྗེ་འདིས་མཎྜལ་གྱི་བཤད་པ་སྐྱབས་མགོན་མཆོག་ཐུགས་གཏིང་ནས་འཁུལ་བ་ཞིག་མཛད་པར་ཤིན་ཏུ་མཉེས་པའི་འཛུམ་ཞལ་མཛད། མཎྜལ་ཕྱག་ཏུ་ཕུལ་ཏེ་མཇལ་ཞུ་སྐབས་ཕྱག་གཉིས་ཀས་ནན་ཆེར་མནན་པའི་བྱིན་རླབས་མཛད།
        མགོན་ཁང་དུ་དཔལ་ལྡན་རྒྱུད་སྟོད་ཕྱག་བཞེས་ལྟར་མཛད་པའི་གསུང་རྒྱུན་ཡོད་ཀྱང་། དབུ་མཛད་འཁོར་རེས་ཀྱིས་སོ་སོའི་འདོད་མོས་སྣ་ཚོགས་ཀྱིས་ཕྱག་ལེན་ཁུངས་ཐུབ་ངེས་གཏན་མེད་སྟབས། མགོན་པོ་བ་རྣམས་དང་མོལ་མཆིད་ཐོག་རྒྱུད་སྟོད་སྨད་ཀུན་གླིང་སོགས་ཀྱི་ཕྱག་ལེན་གང་ལ་འབད་ན་ལེགས། དགའ་གདོང་ཡོན་ཏན་རྒྱལ་པོར་ཕྱག་བརྟག་ཕུལ་བར་དཔལ་ལྡན་སྨད་རྒྱུད་ཕྱག་སྲོལ་སྒྲིག་ལམ་སོགས་ཡང་དག་གསར་འཛུགས་དང་། མགོན་པོའི་གཏོར་ཆེན་ལོ་ལྟར་འཛུགས་དགོས་པའི་བཀའ་ལུང་ཕེབས་གསལ་ལྟར། གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་འདིར་ཆིབས་ཞལ་བསྒྱུར་བར།ཡས་སྣ་གདོང་ནས་མདོ་དར་མ་བརྡུངས་པ་དང་། གྲྭ་ཁང་སྟེང་ནས་མགོན་པོ་བ་རྣམས་ཀྱི་ཞྭ་སེར་ཕྱི་སེར་ནང་སེར་གྱི་རྒྱུད་ཆས་གཟབ་འཕྱོར་གྱིས། རྗེ་གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་འཆད་ཉན་གཡང་འབོད་ལན་གསུམ་གསུང་བཞིན་དུ་རྔ་བརྡུང་དར་འཕྱར་དུང་འབུད་ཀྱིས་རྟེན་འབྲེལ་བསྒྲིགས་སྟེ་ཐོག་མར་བཙུགས། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་དང་མཐུན་པ་སྒོ་མང་མགོན་ཁང་གི་སྒྲིག་ཡིག་དཔའ་བོ་མཁའ་འགྲོ་མཉེས་པར་བྱེད་པ་གསང་ཆེན་ཆོས་ཀྱི་གཎྜི་ཞེས་པ་དང་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་ཐུན་མོང་མ་ཡིན་པ་ནག་འགྲོས་སུ་བཀོད་པ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་རྣམས་རིམ་གྱིས་བཀའ་རྩོམ་མཛད། ཁལ་ཁ་སྐྱོར་དཔོན་ནས་ཐེབས་རྩ་ཕུལ་བར་བརྟེན་ལོ་ལྟར་མགོན་པོའི་གཏོར་ཆེན་འཛུགས་རྒྱུར་ཕྱག་ལེན་ཞིབ་ཁྲིད་དང་། ཆོག་བསྒྲིགས་གསར་དུ་མཛད་ཅིང་རྗེས་གནང་དང་འབྲེལ་ལུང་གནང་ཞིང་བཙུགས། གཏོར་མ་འཕེན་པར་ཉེ་ཚེ་ཤར་ཕྱོགས་སུ་འཕེན་རྒྱུར་མགོན་སྐུ་གཙོ་བོ་ཡང་དངོས་སུ་ཕྱོགས་དེར་ཞལ་བསྒྱུར་བའི་རྟགས་མཚན་ཤིན་ཏུ་ལེགས། བླ་བྲང་གི་འཛུགས་གཏོར་ལས་བདུད་རྩི་ཡང་ཡང་ཕེབས་པ་བྱུང་། ས་ཕག་ལོའི་སྨོན་ལམ་ལ་༸གོང་ས་རིན་པོ་ཆེ་གྲྭ་སྐོར་མཛད་པ་ལ། གཞུང་ལས་པ་རྗེ་འདི་དང་། ཤག་སྐོར་ནས་རྟེན་གསུམ་དང་བཅས་ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ངོ་ཞེས་ཆེད་དུ་བརྗོད་པ་མཛད། ལྷ་ཚེས་ཤིག་གི་སྐབས་དགའ་གདོང་ཆོས་སྐྱོང་ནས་རྗེ་འདི་ལ་གནས་འདིར་གཞི་གསུམ་གསར་འཛུགས་དགོས་པའི་བཀའ་ལུང་དང་། ཐོག་མར་མདོ་འདོན་པ་པོ་རྗེ་འདིས་མཛད་དགོས་ཞེས་ཕེབས་པ་ལྟར། དགེ་སློང་བཅུ་གཉིས་དང་། དགེ་ཚུལ་གཉིས་ཞབས་ཕྱིར་ཁྲིད་དེ། དེར་གསོ་སྦྱོང་མཛད་དེ་ཐོག་མར་དགེ་བའི་རྒྱལ་མཚན་འཕྱར། ཆོས་སྐྱོང་ནས་ཀྱང་ལེགས་སོའི་བཀའ་ལུང་བསྩལ།
        གོང་ས་ཆེན་པོ་ལྷོ་ཁར་ཆིབས་ཞལ་བསྒྱུར་ཏེ་བསམ་ཡས་སུ་ཕེབས་པར་ཐོར་པས་བསྙུན་ཚུལ་བཞེས། ཆེ་བཙན་ཁག་སོ་སོ་ནས་བརྟན་བཞུགས་འབུལ་བར་ཕེབས་རྒྱུར། འབྲས་སྤུངས་བླ་སྤྱི་ནས་རྗེ་འདི་པ་བསམ་ཡས་སུ་ཕེབས་ནས་ཞབས་བརྟན་ཕུལ་སྐབས། ༸གོང་ས་བཅུ་གསུམ་པ་ཐོག་མར་བཞུགས་ཁྲིའི་སྟེང་དུ་ཞབས་སོར་འཁོད་སྐབས་སྐུ་ཉམས་མཇལ་མི་བཟོད་པ་ལྟ་བུར་སྣང་ཡང་། ཞབས་བརྟན་ཕུལ་ཟིན་ནས་ཟླ་བ་སྤྲིན་བྲལ་ལྟར་འཕྲལ་དུ་ཞལ་མདངས་རྒྱས་པ་ཞིག་བྱུང་བས་དགའ་སྤྲོ་དཔག་མེད་བརྟས།
        ལོ་འདིར་ཕྱི་ལོ་༡༩༠༠ རིགས་གྲྭ་ཆེན་མོ་ཁེལ་བས་ཚེས་གཅིག་གི་འཛུགས་སྟོན་ནས་བཟུང་ཚེས་བཅོ་བརྒྱད་བར་མང་འགྱེད་གྱ་ནོམ་པ་རྒྱ་ཆེར་ཕུལ་ཏེ་དགེ་འདུན་མཉེས་པ་བསྒྲུབས། གཞུང་པ། གུང་རུ། བོད་པ་གཞུང་། ཀུན་གླིང་། དགའ་གདོང་བཅས་པར་ལྷག་མཆོད་རྒྱ་ཆེར་མཛད། དེ་ལྟར་རིགས་གྲྭ་གྲུབ་ནས་དགོངས་ཞུ་མཛད་རྩིས་གནང་ཡང་། ལྷ་ཚེས་ཞིག་ལ་དགའ་གདོང་ཆོས་སྐྱོང་ནས་སླར་ཡང་རིགས་གྲྭ་གཅིག་བཟུང་དགོས་པའི་བཀའ་ལུང་གནང་། དེ་མཐུན་ཀུན་མཁྱེན་སྐུ་ཕྲེང་བཞི་པ་དང་དམེ་ཤུལ་མཆོག་སྤྲུལ་རིན་པོ་ཆེས་གསུང་འཕྲིན་གྱི་ལམ་ནས་ཀྱང་བསྐུལ་ཅིང་གྲྭ་ཚང་གི་ལས་སྣེ་དང་གྲྭ་བགྲེས་དུ་མས་ཀྱང་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཅས་ཀྱིས་ཞལ་བཞེས་མཛད། ༸རྒྱལ་བ་རིན་པོ་ཆེ་སྔགས་གྲྭར་ཕེབས་ཞོར་ཞིག་ལ་སྒོ་མང་མགོན་ཁང་དུ་ཞབས་སོར་བསྐྱོད་པར་རྗེ་འདིས་རྟེན་བཤད་ངོ་སྤྲོད་ཞུས། མགོན་ཁང་པ་སོ་སོའི་སྐད་དང་ལག་ལེན་ལ་གཟིགས་རྟོག་མཛད་དེ་མཉེས་པའི་རྣམ་འགྱུར་དང་བཅས་རྗེ་འདི་ལ་ཕྱག་གཉིས་ཀས་སྤྱི་གཙུག་ཏུ་བྱིན་རླབས་གནང་བ་དང་རྗེ་འདིས་ཕེབས་སྐྱེལ་ལ་བཅར་རྩིས་མཛད་པར། བཞུགས་ཤིག་གསུང་པའི་བཀའ་ལུང་གནང་ནས་དགྱེས་བཞིན་ཕྱིར་ཕེབས། དགའ་གདོང་གི་ལུང་བསྟན་ལྟར་དགེ་བཤེས་བཅུ་ལ་སེང་གདོང་མའི་རྗེས་གནང་ཐུན་མོང་མ་ཡིན་པ་དང་། སྒྲུབ་ཐབས་མཁའ་འགྲོའི་དགོངས་རྒྱན། བྱད་ཟློག་གནམ་ལྕགས་འཁོར་ལོའི་ལུང་གནང་ནས་ཕྱག་ལེན་ཞིབ་ཁྲིད་མཛད་པ་བཞིན། མི་རེས་བསྙེན་པ་འབུམ་ཕྲག་རེ་ངེས་པར་སོང་རྗེས། མགོན་ཁང་པ་དང་ལྷན་ཅིག་ཁ་སྐོང་གི་སྦྱིན་སྲེག་འབུལ་བའི་སྲོལ་བཙུགས། འདི་བྱད་ཕུར་བཟློག་པ་ལ་ཁྱད་ཤིན་ཏུ་ཆེ་བས་ཕྱིན་ཆད་མ་ཉམས་པ་གལ་ཆེ་བ་ལགས་ཞེས་འབུལ་སྡུད་རྡོ་རྗེ་འཆང་ནས་གསུངས།
        འདི་སྐབས་ལྷ་ཚེས་ཤིག་ལ་ལས་སྣེ་དང་། སྤྲུལ་པའི་སྐུ། དབོན་ཆོས་རྣམས་དང་བཅས་ཀྱིས་གྲྭ་ཚང་གི་ཕྱག་རྫས་དང་། ༸གོང་ས་མཆོག་སྤྱན་འདྲེན་གྱི་ཐེབས་ལ་ཕན་པའི་ཐབས་གང་ལེགས་ནན་ཆེར་ཞུས་པར་ཆིབས་བསྒྱུར་དངུལ་གཉེར་གསར་འཛུགས་དགོས་པའི་བཀའ་ལུང་ཟུར་གསལ་ལྟར་རྗེ་འདིས་ཁུར་བཞེས་ཀྱིས་གསར་བཙུགས་བགྱིས་པ་ཆེས་ལམ་ལྷོང་བྱུང་བ་རྒྱ་མིའི་དུས་འགྱུར་བར་གོང་འཕེལ་དུ་གནས། ཀུན་གླིང་བླ་བྲང་དུ་ཞབས་བརྟན་དུ་ཕེབས་ཞོར་དོན་གཉེར་བ་དུ་མ་ལ་གསུང་ཆོས་སྣེ་མང་དང་། གྲྭ་རྒན་མི་ལྔ་ལ་རྟ་ཚག་ཡོངས་འཛིན་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནས་བརྒྱུད་པ་དཔའ་ཤོད་མཁའ་ལྡིང་དགེ་བཤེས་སམ་སེ་ཁུ་རབ་འབྱམས་པ་ཚུལ་ཁྲིམས་དོན་གྲུབ་ཅེས་ཁ་རག་སྒོམ་ཆུང་གི་རྣམ་འཕྲུལ་དེའི་གསུང་རྒྱུན་ཕྱག་ལེན་རྣམས་དང་། མཁས་ཤིང་གྲུབ་བརྙེས་ཡོངས་འཛིན་དགེ་འདུན་རྒྱ་མཚོའི་གསུང་རྒྱུན་རྣམས་ཞིབ་པར་ལག་ཁྲིད་དུ་མཛད་ནས་ཕྱིན་ཆད་མ་ཉམས་པར་མཛད་དགོས་ཞེས་ལེགས་པར་གདམས། ཆུ་སྟོད་ཟླ་བའི་མར་ངོའི་ཉེར་དྲུག་གི་ནུབ་མོ་རྗེ་འདིའི་མནལ་ལམ་ལ་ཐུགས་དམ་གྱི་རྟེན་རྗེའིི་སྣང་བརྙན་རྟ་ཚག་རིན་པོ་ཆེས་གནང་བ་འབྲལ་སྤངས་མཛད་པ་ཞིག་ཡོད་པ་དེ་མངོན་སུམ་ལྟ་བུར་གྱུར་ནས་འོད་ཟེར་འབར་བ་དང་བཅས་རྗེ་འདིའི་ཐུགས་ཀར་ཐིམ་པ་དང་གནས་ཆུང་ཆོས་རྗེས་གོས་བཟང་པོ་གྱོན་ནས། གསེར་བཙོ་མའི་འོད་ཀྱིས་འཁྱུད་པའི་རྗེ་སྐུ་ཤིན་ཏུ་བྱོན་གཙང་བ་ཞིག་སྐུ་རྒྱབ་ཏུ་གཏད། འདི་ཁུར་གསུངས་པར་རབ་ཏུ་དགྱེས་ནས་ཕར་རྒྱུགས་ཚུར་རྒྱུགས་མཛད་པའི་མཚན་ལམ་ངོ་མཚར་བ་ཞིག་བྱུང་།
        ཟིལ་གནོན་ཞེས་པ་མེ་རྟ་ལོའི་རིགས་གྲྭ་ཆེན་མོ་ལ། ཚེས་གཅིག་གི་འཛུགས་སྟོན་ནས་ཚེས་བཅུ་བདུན་བར་ཚོགས་ཆེན་ལ་མང་འགྱེད་དང་། གྲྭ་ཚང་། ཁང་ཚན། མི་ཚན། ཀུན་གླིང་། གནས་ཆུང་། དགའ་གདོང་། དགེ་འཕེལ། གསང་ཕུ་བཅས་པར་བསྙེན་བཀུར་གྱ་ནོམ་པ་རྒྱ་ཆེར་བསྩལ། རྟེན་འགངས་ཆེ་རྣམས་ལ་གསེར་ཆབ་ལེགས་པར་བསྒྲོན་ནས་བསྟན་པ་དང་།འགྲོ་བའི་དོན་དུ་བསྔོ་སྨོན་གང་ཤེས་བྱས་གསུངས། དེ་ལྟར་ལོ་བཅུ་གཉིས་བར་གྲྭ་ཚང་རིན་པོ་ཆེ་ཆོས་དང་ཟང་ཟིང་གི་སྒོ་ནས་ཟླ་བ་ཉ་གང་བ་ལྟར་བསྐྱངས་ཏེ། ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔ་ཉིན་མཚམས་སྦྱོར་གྱི་བརྩི་བཞག་ལ་ཕེབས་ཏེ་བསླབ་བྱ་རྒྱས་པར་མཛད། དེ་དུས་ཀུན་མཁྱེན་བླ་མའི་བླ་ཤིང་རྩེར་ཕོ་རོག་ཞིག་གིས་སྐད་ཡུན་རིང་དུ་སྒྲོག་པ་ཞིག་ཀྱང་བྱུང་བ་ནི་ཡེ་ཤེས་མགོན་པོ་ཐུགས་འཁྲེང་བའི་མཚན་མར་སྣང་། དེ་ནས་སྤོས་སྣེ་དང་བཅས་གཟིམ་ཤག་ཏུ་གདན་ཞུ་བྱས། དེ་ནས་ཀྱང་སྔར་རྒྱུན་ལྟར་འདོད་ཆོས་ཞུ་མཁན་བར་མེད་རྣམས་ཀྱི་རེ་བ་ཚུལ་བཞིན་དུ་སྐོང་བར་མཛད། ཁྱད་པར་སྐྱབས་རྗེ་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེ་སྔ་ཕྱིའི་ཡོངས་སུ་འཛིན་པར་མངའ་གསོལ་བ་ལྟར་འཕྲལ་དུ་ཉེ་བར་མཁོ་བའི་གསུང་ཆོས་ཆུ་འབབ་ཏུ་འབུལ་བར་མཛད། གུང་རུ་ཁང་ཚན་གྱི་ཚོམས་སུ་འབུལ་སྡུད་རྡོ་རྗེ་འཆང་དང་། ཟུང་ཆུའི་ཁྲི་སྤྲུལ་གཉིས་ནས་གསོལ་བ་བཏབ་པ་བཞིན། རྗེ་ཙོང་ཁ་པའི་བཀའ་འབུམ་དང་། ཀླུ་འབུམ་སྤྲུལ་སྐུས་ཞུས་ངོར་རྒྱུད་སྨད་ཊཱི་ཀའི་ལུང་། གཞན་ཡང་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་གསུང་འབུམ་དང་། མཁན་ཆེན་རབ་བརྟན་རྒྱ་མཚོའི་གསུང་འབུམ་སོགས་ལུང་ཞུ་བ་སོ་སོའི་འདོད་ཆོས་ཕལ་ཆེར་གནང་ནས། སྲས་མཆོག་རྣམ་གཉིས་ཀྱི་གསུང་འབུམ་ཞུས་ཀྱང་མ་གནང་བ་ནི་ཕྱིས་ཀྱི་རྟེན་འབྲེལ་ཟབ་མོ་ཞིག་ཏུ་དགོངས་པར་མངོན་གསུངས། དེ་ལྟར་རང་གཞན་དོན་གཉིས་ལེགས་པར་གྲུབ་ནས་མེ་ལུག་དགུན་ཁ་ནས་ཅུང་ཟད་བསྙུན་གཞི་བཞེས་པར་ཞབས་རིམ་རྒྱ་ཆེར་བསྒྲུབས་ཀྱང་དྭངས་ཚུལ་མ་བཞེས་པའི་མུ་ནས་གསང་ཕུར་ཕེབས་ཏེ་ཞག་ཤས་བཞུགས། ཚུར་ཕེབས་ཏེ་ཀུན་གླིང་བདེ་སྐྱིད་གླིང་ཁར་བཞུགས། ཕྱག་མཛོད་ལགས་སུ་གསུང་བགྲོས་འདི་ལྟར་བསྩལ། ཕྱི་ལོ་རྟ་ཚག་རིན་པོ་ཆེ་མཚན་བཏགས་མཛད་རྒྱུ་ལ་འཚུབ་ཆ་ཤིན་ཏུ་ཆེ། སྐུ་ཚེའི་འགལ་རྐྱེན་ཟློག་པའི་དོན་དུ་མི་རྒན་འགྲོ་དགོས་བྱུང་ཡང་འགྱོད་པ་མི་འདུག་ཨང་གསུངས།
        ཕྱི་ལོ་༡༩༠༨ རབ་བྱུང་༡༥ ས་ཕོ་སྤྲེའུའི་ལོ་ཆུ་སྟོད་ཟླ་བའི་གནམ་སྟོང་ལ་འབུལ་སྡུད་རིན་པོ་ཆེ་རི་བོ་དགེ་འཕེལ་དུ་མངགས་པ་གནང་བར། རིན་པོ་ཆེ་ནས་ཕྱི་ཞོར་ལ་རི་ཁྲོད་ཀྱི་བསྟན་སྐྱོང་ཆེན་མོ་དྲག་རྒྱལ་མར་འཕྲིན་བཅོལ་ཞིག་ཕུལ་ནས་སྙན་ཤལ་ཞིག་འབུལ་སྐབས་བཤུམ་པ་མཛད་པའི་རྣམ་པ་ཅན་དུ་མཇལ་བ་ཞིག་བྱུང་འདུག ལམ་ལྟས་ཀྱང་བཟང་རྒྱུ་མེད་པར་སྐྱོ་ཆད་དེ་བ་ཞིག་གི་ངང་ནས་གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་གཉིས་ལ་ཞབས་དྲུང་དུ་འབྱོར། ཚེས་བཞིའི་སྔ་དྲོ་ལ་ཞལ་འདོན་གྱི་རིམ་པ་རྣམས་མཛད་ནས་ཉིན་གུང་མ་ཟིན་ཙམ་ལ་གློ་གཡས་ཕབ་པའི་སེང་གེའི་ཉལ་སྟབས་སུ་གཟིམས། སངས་རྒྱས་ཀྱི་འཕེལ་གདུང་ཞལ་དུ་གསོལ་ནས། དམིགས་བརྩེ་མའི་ཞལ་འདོན་མཛད་བཞིན་དུ་དགའ་ལྡན་དུ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་སོ། །དེ་ནས་ཞག་གཅིག་སོང་བར་བྱང་སེམས་དཀར་པོ་ཤངས་བུག་ནས་བབས། བྱང་སེམས་དམར་པོ་རྟགས་ཀྱི་རྩེ་ནས་བབས་ཤིང་། དབུ་གཙུག་ཏུ་ཁབ་སྦོམ་ཞིག་ཐར་ཚོད་ཀྱི་བུག་པ་ཟངས་ཐལ་ལེ་དོད་པ་སོགས་རྒྱུད་སྡེ་ནས་གསུངས་པའི་འདའ་ཁ་མའི་ཐུགས་དམ་གྱི་རིམ་པ་ཉམས་སུ་བསྟར་བའི་རྟགས་མངོན་དུ་གྱུར། དེ་ནས་བཀའ་གདམས་གསར་རྙིང་གི་སྐྱེས་ཆེན་དུ་མའི་ཕྱག་ལེན་དུ་མཛད་པ་དེ་ཉིད་ཞེ་གཙང་ཞིང་ཕུགས་བརླིང་བར་བསམས་ཏེ། བསིལ་བའི་ཚལ་གཉིས་པ་འབྲས་སྤུངས་ཀྱི་དུར་ཁྲོད་ཐིག་ས་སྒང་དུ་སྐུ་རུས་ཀྱི་ཆ་ཤས་མ་གཏོགས་གཞན་ཉམས་གོད་མེད་པར་འདབ་ཆགས་ལ་མྱོང་གྲོལ་དུ་སྦྱིན་པར་བྱས། གདུང་རུས་དང་དབུ་སྐྲ་ཕོན་ཆེ་འདུག་པ་རྫ་གསར་ལོངས་མ་སྤྱད་པའི་ནང་དུ་སྦུག་སྲེག་བྱས། གདུང་ཐལ་རྣམས་སྨན་འཇིམ་དང་བསྲེས་ཏེ་སྐུ་པར་ཆེས་མང་བ་བཏབ་སྟེ་གསང་ཕུར་བྱང་ཆུབ་མཆོད་རྟེན་ཆེ་ལེགས་བཞེངས་པའི་གཟུངས་སུ་ཕུལ། མཁན་ཆེན་བླ་བྲང་ནས་འདྲ་སྐུ་རིན་པོ་ཆེ་འཕྲལ་མྱུར་བཞེངས་ཏེ་ཁང་ཚན་ལ་བསྙེན་བཀུར་དང་འབྲེལ་འབུལ་བར་མཛད། སྔ་ཕྱིར་འདྲ་སྐུ་བཞེངས་མཁན་མང་པོ་བྱུང་བའི་ནང་ནས་འདི་འདྲ་ལེན་ཆེ་ཤོས་བྱུང་བ་དམ་ཚིག་ལ་ཟོལ་ཟོག་མེད་པའི་རྟགས་སུ་སེམས། རྗེ་འདིས་ཕྱི་རབས་ཀྱི་བཙས་སུ་དགོངས་ཏེ་བཀའ་རྩོམ་མཛད་པ་ཡང་བདེ་མཆོག་ལཱུ་ཨི་པ་དང་། གསང་འདུས་བཅས་ཀྱི་བསྙེན་ཆེན་གཏོང་ཚུལ་ཆ་ཚང་བ་འགྲོ་དོན་ཤིན་ཏུ་ཆེ་བ་དང་། ཕྱོགས་བསྒྲིགས་མཛད་པ་དམིགས་བརྩེ་མའི་བེའུ་བུམ་པོད་གསུམ་སོགས་ཁྱོན་པོད་བདུན་བཞུགས།
གསུང་ལས་སྐྱེས་པའི་སློབ་མ་ཡང་རིགས་བརྒྱའི་ཁྱབ་བདག་གུང་རུའི་ཤར་སྤྲུལ་རྒྱ་མཚོ་གླིང་རིན་པོ་ཆེ་དང་། རྟ་ཚག་མཆོག་སྤྲུལ་རིན་པོ་ཆེ། རྒྱལ་སྲས་སྐུ་ཕྲེང་སྔ་ཕྱི་གཉིས། མངའ་རིས་རིན་པོ་ཆེ། ལུང་ཆོས་མཛོད་འཛིན་རྗེ་ཕ་བོང་ཁ་པ་དང་། སྟག་བྲག་སྲིད་སྐྱོང་རིན་པོ་ཆེ། སྐྱབས་རྗེ་འབུལ་སྡུད་རྡོ་རྗེ་འཆང་། སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་། སྐྱབས་རྗེ་རྨོག་ལྕོག་རིན་པོ་ཆེ་སོགས་ཡུལ་དབུས་སུ་འགྲོ་དོན་སྐྱོང་བ་རྣམས་དང་། སྟོད་ཕྱོགས་སུ་འགྲོ་དོན་སྐྱོང་བ་ལོ་ཆེན་སྤྲུལ་སྐུ། མངའ་རིས་རི་རྫོང་སྤྲུལ་སྐུ་སོགས་དང་། ཨ་ལག་ཤའི་སྤྲུལ་སྐུ་རྣམ་གཉིས་སོགས་ཧོར་ཡུལ་དུ་འགྲོ་དོན་སྐྱོང་བ་དང་། བར་ཁམས་སུ་འགྲོ་དོན་སྐྱོང་བ་སྨྲ་ཁམས་འོད་ཟེར་སྤྲུལ་སྐུ། རོང་ཐ་སྐྱབས་མགོན། རྫ་ཆོས་རྗེ་སོགས་དང་། གཞན་ཡང་ཆོས་ཀྱི་གདན་ཁྲི་མཐོན་པོར་འཛེགས་པའི་མཁན་པོ་ཁག་དང་། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན། གོང་མའི་བློན་ཆེན་ཝང་བཅས་མི་ཆེན་སོགས་འདིར་ཟུར་ཙམ་ལས་སྨོས་ཀྱིས་མི་ལང་ཞིང་རྒྱས་པར་མཛད་རྣམ་དང་གསན་ཡིག་ཏུ་གསལ་ལོ། །༼སྐྱབས་རྗེ་འབུལ་སྡུད་རིན་པོ་ཆེའི་གསུང་ལས་བཏུས།༽
        གུང་རུ་མཁན་ཆེན་གྱི་སྐུ་ཕྲེང་གཉིས་པ། ངག་དབང་མཁྱེན་རབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག གང་དུ་འཁྲུངས་པའི་ཡུལ་ནི་སྐུ་གོང་མ་ལྟར་འཁྲུངས་ཡུལ་གསང་ཕུ་ནས་ཡིན་པར་ངེས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དབུས་ཕེབས་རྗེས་མའི་སྐབས་ཀྱི་༼རབ་བྱུང་༡༥ ཆུ་ཕོ་བྱི་བ་ཕྱི་ལོ་༡༩༡༢༽རྣམ་ཐར་ལས། སྔ་གོང་སྡེ་སྣོད་འཛིན་པ་འབུལ་སྡུད་སྤྲུལ་པའི་སྐུས་ཡིག་ལམ་ནས་སྒོ་མང་གུང་རུ་མཁན་ཟུར་རིན་པོ་ཆེའི་ཡང་སྤྲུལ་ཕྱོགས་གང་དུ་རྩད་གཅོད་བྱས་ན་གསལ་བའི་བརྟག་པ་བྱེད་དགོས་གསུངས་བྱུང་བ་ལྟར། ཚེས་གསུམ་ལ་བརྟག་པ་བྱས་པར་ཕྱོགས་གཞན་ན་མི་གསལ་བས། ཁམས་ཕྱོགས་དང་གསང་ཕུ་གཉིས་ལས་སྔ་མ་ལེགས་རྒྱུར་ས་ཐག་གིས་བསྐལ་བས་དཀའ་སྙམ། ཕྱི་མ་ལེགས་ཞེས་པའི་ཡི་གེ་བསྐུར་ཅེས་གསལ་བས་སོ། དེ་ནས་རིམ་གྱིས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གུང་རུ་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གོང་མའི་བླ་བྲང་དུ་གདན་དྲངས། སྐྱབས་རྗེ་འབུལ་སྡུད་རྡོ་རྗེ་འཆང་ནས་ཞབས་བརྟན་ཞིག་ཀྱང་ལྗགས་རྩོམ་མཛད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༼༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཚན་ཞབས་གུང་རུ་རྒྱ་མཚོ་གླིང་རིན་པོ་ཆེ་དང་། ཤོ་མདོ་གྲ་སྒོམ་སྤྲུལ་སྐུ་གོང་མ། ད་ལྟ་སུད་སིར་བཞུགས་པ་རཀ་ར་རིན་པོ་ཆེ་བཅས་ཀྱི་ཡོངས་འཛིན་མཛད་མཁན་༽གུང་རུ་དགེ་བཤེས་བསྟན་པ་ཆོས་གྲགས་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་རིམ་གྱིས་གསན་བཞེས་མཛད། ཕལ་ཆེར་འཛིན་གྲྭ་དབུ་མ་ཙམ་ནས་དམིགས་བསལ་གྱིས་འཛིན་གྲྭ་འཕར་ཏེ་བཀའ་རམས་གསར་པའི་གྲྭ་སྐོོར་དང་མཛོད་འདུལ་གཅིག་ཅར་བརྩིས་ནས་དགེ་བཤེས་མཚན་བཏགས་བཞེས། དེའི་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་པའི་གསན་བཞེས་ཀྱི་རིམ་པ་དང་། ཆོ་ག་ཕྱག་ལེན་དཀྱིལ་འཁོར་ཐིག་རྡུལ་ཚོན་སོགས་ཕུལ་དུ་ཕྱིན་པ་སྦྱོང་བར་མཛད། རྒྱུད་གྲྭར་བཞུགས་སྐབས་ཤིག་ལ་ཉིན་གཅིག་ཚོགས་ལ་དགོངས་པ་མ་ཞུས་པར་གློ་བུར་དགོན་པར་ལོག་ཕེབས་སྐབས་ལྷ་སའི་ཞོལ་རྡོ་རིང་དུ་ས་རུབ་ཙམ་ལ་རྒྱབ་ཕྱོགས་ནས་རྡོག་སྒྲ་ཞིག་བྱུང་བར་ཕྱི་མིག་གཟིགས་པས་གསོན་འདྲེ་མ་ཁ་གདངས་ཤིང་མཆེ་བ་གཙིགས་པ་སྐྲ་ཟིང་བ་ཞིག་གིས་འཇིགས་ཚུལ་སྟོན་པ་གཟིགས་པར། ཐལ་བ་སྤར་མོ་གང་བཏབ་སྟེ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་ན་དེ་མ་ཐག་ཡལ་སོང་གསུངས། ལམ་བར་ཅི་དྲན་མེད་པར་ཡུད་ཙམ་གྱིས་དགོན་པར་ཕེབས་པས་སྐུ་འཁོར་རྣམས་ཧ་ལས་པར་གྱུར། ཕྱི་ཉིན་སླར་ཡང་རྒྱུད་པའི་ཚོགས་ལ་ཕེབས་པར་དགེ་བསྐོས་ནས་དགོངས་ཞུའི་ཁོངས་བཏང་ནས་ཉན་མ་དཀྲིས། ཡང་དགོན་པར་བཞུགས་སྐབས་ཐུན་མོང་སྣང་ངོར་སྐུ་སྤྱོད་འཚུབ་ཙམ་མཛད་པར་ཞབས་གྲས་རྣམས་ཀྱིས་དམ་དྲགས་ཆེ་བ་གནང་སྐབས། བསྙུན་གཞི་ལྕི་བ་ཞིག་བཞེས་པར་ཞབས་གྲས་རྣམས་ནས་བསྙུན་གཞི་དྭངས་ཤིང་སྐུ་ཚེ་ཞབས་པད་བརྟན་དགོས་ཞུས་ཀྱང་གསན་བཞེས་མ་གནང་བར་ང་འཆི་གི་ཡིན་ཞེས་གསུངས་ནས་ཡོད་སྐབས། སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་ལ་གནས་ཚུལ་ཞུས་ནས་སྐྱབས་རྗེ་རིན་པོ་ཆེ་སྤྲུལ་སྐུའི་སར་གདན་འདྲེན་ཞུས་པ་ན། སྐྱབས་རྗེ་མཆོག་ནས་སྤྲུལ་སྐུ་ལ། མི་ཚོས་བསྙུན་གཞི་དྭངས་པར་གསོལ་འདེབས་ཞུ་དུས་ཁྱེད་རང་ནས་མིན་ང་འཆི་གི་ཡིན་གསུངས་ཀྱི་ཡོད་པ་རེད་པ། འཆི་ཆོག་ཆོག་ཡོད་ན་ད་ཤི་དང་ཡ། ཞེས་བཀའ་བཀྱོན་དྲག་པོ་ལན་འགའ་གནང་རྗེས་ཡང་བསླབ་བྱ་འཇམ་པོ་རེ་གནང་ནས་ཕྱིར་ཕེབས། སྐྱབས་རྗེ་མཆོག་གཟིམ་ཤག་ལ་ཕེབས་ཚོད་ཙམ་ལ་མཁན་སྤྲུལ་རིན་པོ་ཆེ་ཡང་བསྙུན་གཞི་དྭངས་པ་ཡ་མཚན་པ་ཞིག་བྱུང་འདུག སྐབས་ཤིག་རིན་པོ་ཆེ་བྱང་ལ་ཕེབས་སྐབས་གསང་གཞུང་འ་པ་དཔོན་པོ་སྔོན་སྒོ་མང་གྲྭ་པ་ཡིན་པའི་སྟབས་ཀྱིས་ཐུགས་འདྲིས་ཡོད་པར་བརྟེན་འ་པ་དཔོན་ཚང་དུ་བཞུགས། དཔོན་པོ་ལྷ་སར་འགྲོ་ཁར་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་ཕར་ཕྱོགས་ན་མི་ཚང་འདི་ཞེས་བྱ་བ་ཞིག་ཡོད་པ་དེར་གདན་ཞུ་བྱུང་ན་མ་ཕེབས་ན་ཡག་པོ་རེད། གང་ཡིན་ཟེར་ན་མི་ཚང་དེར་གདོན་འདྲེ་གདུག་པ་ཅན་ཞིག་ཡོད་པ་དེས་བླ་མ་མང་པོ་ཞལ་སྐྱེངས་པོ་བཟོས་སོང་ཞེས་ཞུས་འདུག འོན་ཀྱང་ཉིན་ཤས་རྗེས་མི་ཚང་དེ་ནས་གདན་ཞུ་འབྱོར་བ་ལྟར་དེར་ཕེབས་ནས་སྦྱིན་སྲེག་གི་སྟ་གོན་མཛད་བཞིན་པའི་སྐབས་གདུག་འདྲེ་དེ་མི་ཞིག་ལ་ཞུགས་ནས། ཧ་ཧ་ཞེས་ཁྲེལ་དགོོད་དང་བཅས་ཏེ་ཁྱེད་ཚོ་བསྡད་ན་དགའ་གི་རེད་སྔར་ཡང་ག་རེ་བྱུང་སོང་ཞེས་དང་། བླ་ཆུང་ཁྱེད་འདྲ་བ་མང་པོ་ཐུག་མྱོང་ག་རེ་བྱེད་རྒྱུ་འདུག་ལྟོས་ཨང་ཟེར་ནས་བསྡད་འདུག དེ་མ་ཐག་མི་ཚང་གི་རྟ་ཡག་པོ་ཞིག་ཡོད་པ་དེ་ཡང་ཤི་ནས་ཐམས་ཅད་འཇིགས་ཆུམ་མེར་སྡོད་དགོས་པ་བྱུང་། དེ་ནས་རིན་པོ་ཆེ་མཆོག་སྦྱིན་སྲེག་གི་ཁྲིར་ཕེབས་ནས་ཐུགས་ཅུང་ཟད་འུར་པའི་ཚུལ་གྱིས་སྦྱིན་སྲེག་གི་ཆོ་ག་མཛད་བཞིན་པའི་སྐབས་གློ་བུར་དུ་གདུག་འདྲེ་དེ་ཡར་ལངས་ནས། ཡ་ཡ་དེ་རིང་ད་ཡག་པོ་བྱུང་མ་སོང་ང་འགྲོ་དགོས་པ་བྱུང་སོང་། འོན་ཀྱང་བླ་མ་ཁྱེད་ཀྱིས་ང་སྐྱེ་གནས་ངན་པ་ཞིག་ཏུ་མ་གཏོང་རོགས་ཨ་ཟེར་ནས་བརྒྱུགས་བྱུང་ནས་སྦྱིན་སྲེག་གི་མེ་ནང་ལྕེབས་གྲབས་བྱས་ནས་མི་མང་པོས་འཛིན་དགོས་པ་བྱུང་ཞིང་དེ་མ་ཐག་འགྱེལ་ནས་དེ་ཕྱིན་ཆད་གདུག་འདྲེ་དེའི་མིང་ཙམ་གྲག་རྒྱུ་མེད་པ་བྱུང་ནས་ཡུལ་མི་ཀུན་སོས་དལ་གྱིས་བསྡད་ཆོག་པ་བྱུང་བ་སོགས་ཀྱིས་རིན་པོ་ཆེའི་མཐུ་སྟོབས་དང་མཚན་སྙན་བྱང་རིགས་སྡེ་བཞིར་ཡོངས་སུ་ཁྱབ་པ་བྱུང་འདུག ཡང་སྐབས་ཤིག་འབྲས་སྤུངས་གུང་རུའི་ནང་དུ་ནད་རིམས་སྡུག་པོ་ཞིག་མཆེད་དེ་གྲྭ་པ་ཧ་ཅང་མང་པོ་འདས་གྲོངས་སུ་གྱུར་པ་ན། ཁང་ཚན་ཡང་སྟེང་བླ་བྲང་དུ་རྟ་ཚག་རིན་པོ་ཆེར་ཐུགས་དམ་ཞུས་པར་དྲག་པོའི་སྦྱིན་སྲེག་ཅིག་བྱེད་དགོས་ཕེབས། ཁང་ཚན་ནས་སྦྱིན་སྲེག་གི་རྡོར་སློབ་ཏུ་རྟ་ཚག་རིན་པོ་ཆེ་ཉིད་ཕེབས་དགོས་ཞུས་པར་ཞལ་བཞེས་ཐོབ་རུང་། གསོལ་དཔོན་ཆེན་མོ་ནས་ད་ལྟ་ལྗགས་བསྙེན་མ་གྲུབ་པས་གནང་བ་མི་འཐད་ཅེས་དགག་བྱ་མཛད། དེ་ནས་རྟ་ཚག་རིན་པོ་ཆེ་ནས་མཁན་སྤྲུལ་རིན་པོ་ཆེ་འདིར་ཕེབས་དགོས་གསུངས་པ་ལྟར་སྐུ་བཅར་ཞུ་དུས་ཁྱེད་ཀྱི་ལག་པ་སྟོན་དང་གསུངས་ནས་གཟིགས་པས། འོ་འགྲིགས་ཤག་ཁང་ཚན་གྱི་ཞབས་རིམ་དྲག་པོའི་སྦྱིན་སྲེག་གི་རྡོར་སློབ་ཁྱེད་ནས་གནང་དགོས་གསུངས་པར་ལགས་སོ་ཞུས། དེ་ནས་རྒྱུད་པའི་ཆོག་གྲྭ་བ་རྣམས་དང་ལྷན་དུ་ས་རུབ་ཙམ་ནས་དྲག་པོའི་སྦྱིན་སྲེག་གནང་སྐབས། རིན་པོ་ཆེ་ཉིད་ཀྱི་སྐུ་ལྟ་བར་བཟོད་དཀའི་གཟི་བརྗིད་ཅན་དུ་དེར་ཡོད་ཀུན་གྱིས་མཐོང་། བསྒྲལ་ཆོག་གྲུབ་ནས་རྫས་འབུལ་སྐབས་མེ་ནང་ནས་སྐད་ཤིན་ཏུ་ཆེན་པོ་ཞིག་བརྒྱབ་པས་འཇིགས་སྐྲག་ཆེ་བ་བྱུང་བ་དང་། དེའི་ཕྱི་ཉིན་ནས་ནད་རིམས་གྲིས་བཅད་པ་ལྟར་མཚམས་ཆད་བྱུང་བ་རེད་ཅེས་རྒན་རབས་རྣམས་ཀྱིས་ཟེར་ཞེས་གསུངས། རྣམ་ཀུན་རིན་པོ་ཆེ་མཆོག་སྐུ་གཟི་བརྗིད་ཆེ་ལ་མཇལ་སྤྲོ་བ་སྤྱན་རྩ་དམར་བ་སུ་གང་ལ་ཡང་འཇིགས་སྣང་མེད་པའི་གདེང་ཆེན་པོ། དགེ་བཤེས་དམ་བཅའི་སྐབས་ལྟ་བུར་རྟགས་གསལ་ལ་བཞེངས་སྐབས་སྐུ་ཉམས་དོད་པོ་རྟགས་གསལ་བག་དྲོ་པོ་གཏོང་གནང་མཁན་ཡ་མཚན་པ་ཞིག་ཡོད་ཅེས་དང་། གསུང་ཆོས་གསན་ཡུལ་ནི། ༸སྐྱབས་རྗེ་འབུལ་སྡུད་རྡོ་རྗེ་འཆང་དང་། བཀའ་འགྱུར་བླ་མ་བློ་བཟང་དོན་ལྡན་རིན་པོ་ཆེ། ༸སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་སོགས་ཀྱི་དྲུང་ནས་དབང་ལུང་མན་ངག་ཤིན་ཏུ་གསན་རྒྱ་ཆེ་ཞིང་། ལྷ་ས་ཁུལ་དང་། བྱང་། སྙེ་མོ། འཕན་པོ་སོགས་གང་སར་གསུང་ཆོས་གཞི་རྒྱ་ཆེན་པོ་གནང་བ་མ་ཟད། དགོན་པར་ཡང་གཟིམ་ཤག་ནང་རྟ་ཚག་བསྟན་པའི་མགོན་པོའི་གསུང་འབུམ་ཆ་ཚང་གི་ལྗགས་ལུང་གནང་བ་དྲན་བཞིན་ཡོད་ཅེས་ཀྱང་༼མཁན་ཁྲི་བསྟན་པ་བསྟན་འཛིན་༽གསུངས། དུས་ཕྱིས་ཕྱི་ལོ་༡༩༥༩ དུས་འགྱུར་མ་བྱུང་གོང་ལྷ་སར་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད། གླིང་ཁག་གཞན་ཡང་ལྷ་ས་ཁུལ་གྱི་སེར་སྐྱ་མི་མང་ཁྱོན་ཆེར་བཀའ་འགྱུར་བསྟན་འགྱུར་གྱི་ལྗགས་ལུང་ཚར་གཅིག་གནང་གྲུབ། དེ་རྗེས་སླར་ཡང་གཞུང་ས་མཆོག་ནས་༸གོང་ས་མཆོག་གི་༧སྐུ་ཕྱྭ་དང་བསྟན་སྲིད་བརྟག་ཞུས་ཕེབས་འབྲས་སུ། རྒྱལ་བའི་བཀའ་འགྱུར་ཚར་འབུམ་ཕྲག་གཅིག་འཕྲལ་དུ་ལྗགས་ཀློག་ཞུ་དགོས་པ་དང་། དེ་མིན་ཞབས་རིམ་ཧ་ཅང་རྒྱ་ཆེ་བསྒྲུབ་དགོས་ཚུལ་བབས་པར། གཞུང་ནས་མཁན་སྤྲུལ་རིན་པོ་ཆེར་ནོར་བུ་གླིང་གའི་ནང་བཀའ་འགྱུར་ལྗགས་ལུང་གནང་དགོས་ཞུས་ཏེ། རིན་པོ་ཆེ་ནས་ནོར་གླིང་ནང་ལྗགས་ལུང་གནང་། ལྗགས་ལུང་ཞུ་མཁན་མི་གྲངས་ཅི་ཡོད་ལ་གཞུང་ནས་ལག་ཁྱེར་བཟོས་ནས་མི་གྲངས་ཅི་ཡོད་རྩིས་འགྲོ་བཏང་སྟེ་བཀའ་འགྱུར་ཚར་འབུམ་ཕྲག་གཅིག་འགྲུབ་ཐུབ་རྒྱུའི་འཆར་འགོད་གནང་བ་ལྟར་ལྗགས་ལུང་གནང་བཞིན་པར་ཟིང་འཁྲུག་འགོ་ལང་ཉེའི་སྐབས་དང་ཁེལ་ཏེ་ལྗགས་ལུང་གནང་ཡུལ་ལྷ་ས་རྨེ་རུ་དགོན་པར་སྤོ་གནང་མཛད། ཟིང་འཁྲུག་འགོ་ལང་སྐབས་ལྗགས་ལུང་གནང་རྒྱུ་མཚམས་འཇོག་གནང་ན་ཞུས་པར། རིན་པོ་ཆེ་ནས་འདི་༸རྒྱལ་བ་རིན་པོ་ཆེའི་༧སྐུ་ཕྱྭ་དང་གཞུང་གི་བསྟན་སྲིད་ཀྱི་ཞབས་རིམ་ཆེད་ཡིན་པས་མཚམས་བཞག་ན་འགྲིག་གི་མ་རེད་གསུངས་ཏེ་མཚམས་འཇོག་གནང་མེད། རྗེས་སུ་རྒྱ་དམར་གྱིས་མཛད་སྤྱོད་འདི་ལ་བསྙད་དེ་སྐུ་ཚེའི་མཇུག་བསྡུས་ཡོད། གོ་ཐོས་ལ་སྐུ་ལུས་སྲིན་བལ་གྱིས་བསྒྲིལ་ཏེ་སྟེང་དུ་ས་སྣུམ་བྱོ་ཐོག་གསོན་བསྲེགས་བྱས་ཞེས་ཀྱང་གྲགས་པས་གང་ལྟར་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཚད་མེད་འོག་སྐུ་ཚེའི་འཕེན་པ་རྫོགས་སྣང་ངོ༌། །
སྐུ་ཕྲེང་གསུམ་པ། བསྟན་འཛིན་བཟང་པོ་མཆོག་ལ་དྭགས་ཕུག་ཐར་དགོན་གྱི་ཉེ་འགྲམ་ཐང་སའི་ཡུལ་དུ་ཡབ་བསྟན་འཛིན་མཁས་གྲུབ་དང་། ཡུམ་ཀུན་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་༡༩༨༢ ལོ་བོད་ཟླ་༡༠ ཚེས་༢༥ དུས་ཚེས་ཁྱད་པར་ཅན་ཉིན་འཁྲུངས་ཤིང་། ཆུང་དུས་ནས་ཕྲུ་གུ་ཁྱད་པར་ཅན་ཞིག་ཡིན་པ་ཡུལ་དེ་ཕྱོགས་སུ་ཡོངས་གྲགས་དང་། དགུང་ལོ་བཅུ་གཉིས་སོན་སྐབས་ཡབ་ཡུམ་གཉིས་ཀྱིས་ཕུག་ཐར་དགོན་དུ་གྲྭ་པ་བྱེད་དུ་བཏང་ནས་དེ་གའི་དགོན་པའི་སྒྲིག་ཁོངས་སུ་ཞུགས། ཕུག་ཐར་དགོན་གྱི་མཁན་རིན་པོ་ཆེ་ཡེ་ཤེས་མཆོག་གི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། ཡི་གེ་འབྲི་ཀློག་དང་མཚན་ཉིད་ཀྱི་གཞུང་སོགས་ལ་སྦྱངས། དགུང་ལོ་བཅུ་བཞིའི་ཐོག་སྐྱབས་རྗེ་གྲྭ་སྒོམ་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅུ་དྲུག་ལ་ཁལ་ཁ་རྗེ་བཙུན་དམ་པ་ཕུག་ཐར་དགོན་དུ་ཕེབས་སྐབས་ཕྲུ་གུ་ཡ་མཚན་ཅན་ཞིག་གཟིགས་པས་རིན་པོ་ཆེ་རྡ་སར་ཆིབས་སྒྱུར་སྐབས་མཉམ་དུ་ཁྲིད། ལོ་དེར་རྣམ་རྒྱལ་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མཚན་ཉིད་ཀྱི་གཞུང་དང་། འདོན་ཆོག་སོགས་ལ་སྦྱོང་བཞིན་བཞུགས་སྐབས། འབྲས་གུང་རུ་ཁང་ཚན་ནས་མཁན་ཆེན་གོང་མའི་ཡང་སྤྲུལ་འཚོལ་ཞིབ་བྱེད་བཞིན་པ་དང་། གོང་མའི་སྐུ་ཚ་རྒྱལ་མཚན་བློ་བཟང་དང་། གཅུང་མོ་དམ་པ་བསོད་སྒྲོན་གཉིས་ནས་ཀྱང་། གོང་མའི་ཡང་སྤྲུལ་འཚོལ་ཞིབ་བྱ་རྒྱུ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ལ་རོགས་མགོན་ཞུས་པ་བཅས་ལ་བརྟེན། མཁན་ཆེན་གོང་མའི་ཡང་སྤྲུལ་ངེས་རྙེད་ཆེད། འབྲས་གུང་རུ་ཁང་ཚན་དང་ཁལ་ཁ་རྗེ་བཙུན་དམ་པ་ཐུན་མོང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ་ཕུལ་བས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཕྱི་ལོ་༡༩༩༨ ཕྱི་ཟླ་༨ ཚེས་༥ ཉིན་ཕྲུ་གུ་བསྟན་འཛིན་བཟང་པོ་གོང་མའི་ཡང་སྤྲུལ་འཁྲུལ་བྲལ་དུ་ཕྱག་དམ་བཀའ་དྲིན་སྤྱི་བོའི་མཛེས་རྒྱན་དམ་པར་བསྩལ་གནང་བྱུང་བ་དང་། འབྲས་གུང་རུ་ཁང་ཚན་ནས་ཕྱི་ལོ་༡༩༩༩ བོད་ཟླ་༢ ཚེས་༢ ཉིན་རྣམ་རྒྱལ་གྲྭ་ཚང་ནས་གདན་ས་ཆེན་པོ་འབྲས་སྤུངས་སུ་གདན་དྲངས་ཏེ། བོད་ཟླ་༢ ཚེས་༧ ཉིན་ཁང་ཚན་དུ་རྟེན་འབྲེལ་གྱི་མཛད་སྒོ་བསྐྱངས། བོད་ཟླ་༢ ཚེས་༡༣ ཉིན་སྒོ་མང་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཕུན་ཚོགས་དྲུང་གསར་མཇལ་ཞུས། བོད་ཟླ་༣ པའི་ཚེས་༣ ཉིན་གྲྭ་ཚང་གི་དཔྱིད་ཆོས་ཆེན་མོ་ཡར་འཚོག་ཉིན་ཆོས་གྲྭར་འཛུལ་ཞུགས་གནང་། གཞུང་ལུགས་རབ་འབྱམས་སྨྲ་བ་གུང་རུ་བསྟན་འཛིན་ཆོས་འཕེལ་ཡོངས་འཛིན་དུ་བསྟེན་ནས་ད་ལྟ་རྒྱ་བོད་ཀྱི་གཞུང་ལུགས་ཁག་ལ་གསན་བསམ་སློབ་གཉེར་གཙོ་བོར་མཛད་ཐོག་རིག་གནས་སོགས་ལའང་སྦྱོང་བཞིན་བཞུགས་སོ། །
                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།